༄༅། །སྤྲིན་དཀར་པོ་ཡོད་ས་དེ། (ཞར་བཀོད་གཉིས)

12671664191470_.pic.jpg

སྤྲིན་དཀར་པོ་ཡོད་ས་དེ།(ཞར་བཀོད་གཉིས)

                           ____ Wལ་ཕུལ་བ། 

                           ཞྭ་ནག་པ། (གསེར་རྟ)

རྒྱང་རིང་དུ་ལག་པ་བསྲིང་དོན

ངས་དོན་དམ་གྱི་དངོས་པོ་ཞིག་བཙལ་འདོད་པས་ཡིན

མིག་གིས་མཐོང་མི་ཐུབ་ཅིང

ལག་པས་རེག་པར་དཀའ་བ་དེ

བརྩེ་དུང   དགའ་སྐྱོ 

ཆགས་སྡང    འཁྲེང་སེམས

གཟུགས་མེད་ཅིང་གཟུགས་སུ་སྣང་བ་དེ་དག

ཡང་ན    རི་མོ་ཞིག་ཏུ

མིག་ཤེལ་དཀར་པོ་གྱོན་པའི་བུ་མོ་དེ

སྤྲིན་དཀར་པོ་རྒྱུ་བའི་ནམ་མཁའ་དེའི་འོག་ཏུ

དལ་བ་དལ་བར་སྐྱོད་ཀྱིན་པ་དེའོ

                    ༢༠༢༣-༩-༧ཉིན།

སྙིང་ཉེ།  ཕྱི་རོལ་གྱི་ཆར་སྒྲ་ཐོས་སམ། 

                       Wལ་ཕུལ་བའི་སྙན་ངག

སྙིང་ཉེ    ཕྱི་རོལ་གྱི་ཆར་སྒྲ་ཐོས་སམ

ངས་ས་ཁུ་སཱའི་རོལ་དབྱངས་ལ་མཉན་རྗེས་ཆར་སྒྲ་ཐོས་བྱུང

དེའང་རོལ་དབྱངས་ཤིག་རེད    ཚིག་གི་མཚོན་ཐབས་བྲལ་བའི་བརྩེ་དུང་བཞིན

སོ་སོར་གྱེས་མ་འདོད་པའི་གཞོན་ནུ་ཕོ་མོ་ཞིག་གི་ངོ་གདོང་བཞིན་རླན་པའི་ས་གཞི་འདི

ཡང་ན   བརྩམས་སྒྲུང་ནང་གི་བུ་མོ་དེའི་གཏམ་རྒྱུད་བཞིན་སྙིང་ཉེ་བའི་ནམ་མཁའ་འདི

ཡུལ་གྱི་བར་ཐག་གིས་ཆོད་པའི་འུ་གཉིས་བཞིན་ཧ་ཅང་མཛེས

སྙིང་ཉེ   ཕྱི་རོལ་གྱི་ཆར་སྒྲ་ཐོས་སམ

               ༢༠༢༣-༩-༡༠མཚན་མོར། 

མིག་ཤེལ་གྱོན་པའི་བུ་མོ།

                      Wལ་ཕུལ་བའི་སྙན་ངག

སྐྲ་ཚོགས་དཀར་ཕྱེད་དུ་མ་སོང་སྔོན་ནས

རྒྱང་རིང་གི་གཟུགས་རྣམས་རབ་རིབ་མག་མོག་ཏུ་གྱུར

                              ___ ཚོད་དཔག

ངས་ཚོད་ཚོད་ལ

ཁྱོད་ཀྱིས་བསྐུར་པའི་ཕ་ཡུལ་དེ

འུ་གཉིས་ཁོ་ནར་དབང་བའི་ས་ཁྲ་ཞིག་ཏུ་ཡོད་ན་སྙམ

བུ་མོ  དགོངས་པ་མ་ཚོམས

ཁྱོད་ཀྱིས་ཆོག་མཆན་མེད་པར

ངས་ཁྱོད་ལ་སྙན་ངག་བྲི་འདོད

ང་རང་དབྱངས་གསལ་ལ་དགའ་བས

ང་རང་ཁྱོད་ལ་དགའ

དེ་ནི  ཁྱོད་རང་དབྱངས་དང་གསལ་བྱེད་ལ་དགའ་བས་ཡིན་ངེས

ནམ་ཞིག་ན     ནམ་ཞིག་ན

ང་ཡི་སྙན་ངག་འདི་དག   འུ་གཉིས་ཀྱི་གཏམ་རྒྱུད་དུ་གྱུར་ཡང་སྲིད

ནམ་ཞིག་ན    ནམ་ཞིག་ན

ང་ཡི་སྙན་ངག་འདི་དག

ཁྱོད་རང་བཟི་སྲིད་པའི་ཆང་དཀར་པི་ཙེ་གང་ཡིན་ཡང་ཆོག་གོ

                ༢༠༢༣-༩-༨

WechatIMG14.jpg

ཞྭ་ནག་པ། ༡༩༩༩ལོར་ཕ་ཡུལ་གསེར་རྟ་རགས་བཀྲམ་གྱི་ཁྱིམ་ཚང་ཕལ་བ་ཞིག་ཏུ་སྐྱེས། དངོས་མིང་ལ་གཞན་ཕན་ཉི་མ་ཟེར། ༢༠༡༠ལོར་རགས་བཀྲམ་ཨ་མའི་གཅེས་སྐྱོང་སློབ་གྲྭར་ཞུགས།༢༠༡༧ལོའི་ཡས་མས་ནས་བོད་ཀྱི་རྩོམ་རིག་ལ་སྦྱང་བ་ཅུང་ཙམ་བྱས་ཤིང་བརྩམས་ཆོས་རེ་འགའ་མཆོད་མེ་བོད་ཀྱི་དྲ་བ་དང་དེབ་རེ་འགའ་རུ་བཀོད་མྱོང་། ད་ལྟ་སྐད་ཡིག་རང་འདུན་པའི་ལས་ཀ་གཉེར་བཞིན་ཡོད།

རྩོམ་སྒྲིགཔ། དོན་འགྲུབ་རྡོ་རྗེ།