༄། །བླ་མ་རྡོ་རྗེ་སེམས་དཔལ་ལ། །
དངོས་པོ་ཀུན་གྱིས་རབ་བཏུད་དེ། །
ལས་སྨོན་ལྷན་འཛོམ་མཆེད་གྲོགས་ལ། །
གཏམ་གྱི་མེ་ཏོག་མཆོད་འཕྲེང་བཤམ། །
རང་གིས་ནུས་ན་སྙིགས་དུས་ཚེ་གཅིག་ལ། །
ཞི་བའི་གོ་འཕང་བླ་ན་མེད་དེ་རུ། །
བགྲོད་པའི་ཐེམ་སྐས་ཟབ་ལམ་རྡོ་རྗེའི་ཐེག །
དུས་འདི་ཉིད་ལས་ཡང་ཡང་མི་མཇལ་གསུངས། །
སྔོན་ཞིག་ལྷོ་གླིང་མ་ག་དྷ་བ་རུ། །
མི་ཡི་ཁྱུ་མཆོག་རྒྱལ་བུ་དོན་ཀུན་གྲུབ། །
མཁའ་མཉམ་ཆོས་སྐུའི་གོ་འཕང་མངོན་མཛད་པར། །
གདོད་མའི་མགོན་པོ་ཆོས་སྐུ་ཀུན་བཟང་གྲགས། །
རྒྱལ་བ་དགོངས་པ་རིག་འཛིན་བརྡ་ལམ་དང་། །
གང་ཟག་སྙན་ཁུང་བརྒྱུད་དེ་ཆུ་ཟླ་ལྟར། །
ལས་ལྡན་ལྷོ་གླིང་མི་ཡི་བགོ་སྐལ་དུ། །
དམ་ཆོས་ཨ་ཏི་ཡོ་གའི་ཕ་ཕོགས་ཕབས། །
ཐུན་མོང་བྱུང་བར་ལྷ་ལྡན་ཡུལ་དབུས་ཀྱི། །
ཆོས་རྒྱལ་ཚངས་པ་ལྷ་ཡི་མེ་ཏོག་ཚལ། །
ཏིང་ངེ་འཛིན་སོགས་རིག་འཛིན་སྒྲ་སྒྲོག་འཁོར། །
དྲི་མ་མེད་པས་བཛྲ་སནྡྷི་གནང་། །
རྡོ་རྗེའི་ཆོས་ནི་རྡོ་རྗེ་ལྟ་བུའི་མིས། །
རྡོ་རྗེ་ལྟ་བུར་ཉམས་སུ་བླངས་གྱུར་ན། །
རྡོ་རྗེ་འཆང་དང་ཁད་ཀྱིས་ཉེ་བ་ལས། །
ཐོས་གྲོལ་གང་ཟག་མཚན་གཞི་གཉིས་པ་མེད། །
དང་བོའི་ལྷ་ལྡན་ཆོས་བྱེད་སྡེ་གཉིས་ནི། །
ཆུ་བོར་བགྲོད་པའི་རྐྱལ་ཤུགས་ན་ཕྲ་བས། །
གོང་མས་བཀས་བཅད་ཐ་ཚིག་རྣམ་གསུམ་གྱིས། །
ཟབ་ཆོས་དག་ནི་ས་འོག་གཏེར་བཞིན་སྦས། །
ལུགས་གཉིས་ཁྲིམས་ཀྱི་ཕྲེང་བ་ཞིག་པ་ནས། །
རང་རང་ལས་དང་ཕྱི་མི་འཁྱམ་རྫུན་གྱིས། །
ཟབ་མོ་ཁ་ལ་བཏགས་པའི་ལྟ་སྤྱོད་ཀྱིས། །
དམ་ཆོས་དག་ཀྱང་ཚོང་འདུས་འོ་མར་བསྒྱུར། །
གྲུབ་པའི་ནོར་བུ་རུམ་ནས་མ་བོར་ཞིང་། །
མཁས་པའི་གྲགས་པ་ཕྱོགས་སུ་མ་ལྷུང་བ། །
བོད་མི་རྫིག་པོ་རོང་ཟོམ་རལ་བ་ཅན། །
འཕགས་པའི་དགེ་སློང་དཔལ་ལྡན་ཨ་ཏི་ཤ །
ས་ལ་གནས་པའི་སེམས་དཔའ་དེ་དག་སོགས། །
མི་མེད་ནགས་ཁྲོད་མྱུལ་བའི་མིའི་སེངྒེ། །
ཆེན་པོ་རྣམས་ཀྱིས་སྙིང་བོའི་བསྟན་པ་རྣམས། །
ཞུན་བདར་བཅད་དེ་དྲི་མ་མེད་པར་བསྒྲུབས། །
ཁྱད་པར་སྦས་ཡུལ་གངས་དང་དབེན་ཁྲོད་ན། །
འཁོར་བའི་མི་ལ་ཕྱི་ཕྱག་འཚལ་བ་ཡི། །
མི་ཡི་ཁྱུ་མཆོག་རེ་འགའི་བྱུང་བས་ཀྱང་། །
སྙིང་བོའི་ཆོས་ལ་ངོ་མཚར་སུ་མི་སྐྱེ། །
འོན་ཏེ་བྱུང་རབས་ཤ་འོད་ཤོར་ཉེས་པས། །
བོད་བརྒྱུད་གསང་བ་སྔགས་ཀྱི་བཤད་ཡམས་ལ། །
རྒྱལ་ཁམས་གཞན་གྱི་མཁས་པ་ཕར་ཟད་དེ། །
རང་ཡུལ་མི་ཡང་རང་ལ་ཡིད་མ་ཆེས། །
ཆེན་པོ་བོད་ཀྱི་སྐད་དུ་བཞུགས་པ་ཡི། །
སྟོན་པའི་དམ་ཆོས་མདོ་སྔགས་འཚོལ་བསྡུའི་གྲས། །
མཁས་པའི་མོས་ངོར་མ་ཐོབ་གཞུང་མང་བོ། །
ལམ་ཁའི་རྩ་བཞིན་ཤུལ་དུ་དོར་བ་མང་། །
དོན་དེར་ཞིབ་ཏུ་བསམ་ན་རྒྱ་བོད་དུ། །
མཁས་པ་སུ་ལའང་བྱུང་ཞིང་གྲུབ་བརྙེས་ཀྱི། །
རིག་འཛིན་གྲུབ་ཐོབ་ཡུལ་གྲུས་མི་འབྱེད་པས། །
བདེན་རྫུན་ཁུར་བོ་སུས་ཀྱང་ཐེག་དགོས་སྙམ། །
མིག་གིས་རྫི་མ་མཐོང་བ་མེད་པའི་དཔེས། །
རང་ཡུལ་གྲུབ་ཆེན་རང་ལ་རྩིས་ཐང་ཆུང་། །
སོ་ཟུར་གནུབས་གསུམ་ཐོས་ན་སྐུར་འདེབས་བྲེལ། །
ལི་ནག་དྲིལ་གསུམ་དྲན་ན་ཡ་ཐོད་འདེགས། །
ནང་གི་རྟོགས་པ་སུས་ཀྱང་མ་མཐོང་ལ། །
ཕྱི་ཡི་སྤྱོད་པ་རྩིང་བ་ཐུན་མོང་བས། །
བོད་མི་ཡིན་ཚད་གཏི་མུག་རྫུན་པ་དང་། །
ཨ་ཙཱར་ཡོད་ཚད་བདེན་དུ་འཇོག་མ་ཤེས། །
བརྗོད་བྱའི་དོན་གྱི་ཟབ་ཁྱད་གང་གིས་འབྱེད། །
རྗོད་བྱེད་ཚིག་གི་སྙན་པ་བོད་ཀྱང་ལྷག །
འབྲས་བུའི་དན་རྟགས་ལྷག་པོ་སུ་ལའང་མེད། །
དེ་ཕྱིར་དོན་འདིར་ཁྱེད་ཅག་བསམ་མམ་ཅི། །
ཚིག་གི་སྤྲོས་པ་འཚོལ་ཞིང་ཟོག་པོ་རུ། །
གྱུར་པའི་སྨྱོན་པ་རྒྱ་བལ་མེད་མ་ཡིན། །
དེ་ཕྱིར་རྒྱ་གཞུང་ཡོད་པས་དག་མ་རུ། །
སྒྲུབ་པའི་ལས་འདིར་ཁོ་བོ་ཡིད་མ་ཆེས། །
ཉམས་སུ་བླངས་པས་རང་རྒྱུད་དུལ་བ་དང་། །
གཞུང་དོན་གོ་སྟེ་གཞན་ཕན་ལྷུར་ལེན་པའི། །
བྱང་ཆུབ་སེམས་རྒྱུས་གསལ་བ་མིའི་རིགས་ཀྱི། །
སྐྱེ་བོ་སུ་ཡང་དགའ་དད་གུས་པའི་ཡུལ། །
གོ་ལ་གཅིག་གི་སྒལ་བར་འཚོ་སྡོད་ཀྱི། །
དུང་ཕྱུར་མང་བོའི་སྐྱེ་བོ་ཡོད་དོ་ཅོག །
བདེ་བའི་ལམ་བསྟན་སྟོན་པ་འདྲ་མིན་བྱུང་། །
མོས་པའི་གདུལ་བྱའང་ཕྱི་མཐར་རྫོགས་མི་འགྱུར། །
གཙུག་ཏོར་ལྟར་མི་མངོན་ལས་སངས་རྒྱས་ཤིག །
རང་གི་སྐལ་བར་ཐོབ་པའི་མཆེད་གྲོགས་རྣམས། །
ནོད་པའི་གདམས་ངག་ལྟ་རྟོག་མ་ཉམས་རོགས། །
ལུས་སེམས་བདེ་བའི་འཚོ་བར་དོ་དམ་མཛོད། །
སྒང་བ་བསྟན་པའི་རྒྱལ་མཚན་དུ་འབོད་པ་མཚོ་བྱུང་དགྱེས་པའི་བློ་གྲོས་ཀྱིས་སཱ་ར་བིནྡུ་ཥོ་ཌ་ཤ་སྟེ་བླ་མ་ཡང་ཏིག་བཅུ་དྲུག་པའི་མཆེད་གྲོགས་ཉེར་གཅིག་གི་དྲ་ཚོམས་སུ་ཕུལ།༢༠༢༣—༨-༨–ལ།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།