བསོད་ནམས་ལྡན་སོང་།

18521698838253_.pic.jpg

འདྲེན་པ་བྱེ་བའི་སྙིང་པོ་དགེ་སྦྱོང་གཟུགས། །

མ་བཅོས་ཚངས་སྤྱོད་ཡོན་ཏན་རྒྱན་དུ་བཏགས། །

ཐག་བཟང་ཚེམས་ཀྱི་གེ་སར་འཛུམ་པ་དེས། །

དུས་འདིར་གཏམ་གྱི་སྒོ་མོ་ཕྱེ་བར་མཛོད། །

ད་ནི་གློ་བ་ཤིན་ཏུ་ཉེ་ཡང་སྨྲ་བ་ཕྱི་རུ་བཏོན་མི་ཐུབ་པའི་དུས་ཤིག་ཚེས་པ་འདྲ། དེ་ཡང་ཡིན་ཏེ། ང་རང་གཞི་ནས་འཇིག་རྟེན་གྱི་གར་སྟེགས་སྟེང་གི་མི་སྣ་རུ་འགྱུར་དུས། སྟེགས་བུའི་སྟེང་གི་མཛེས་རྩལ་ལས་འཁྲབ་སྟོན་པའི་ངོ་གདོང་དངོས་མ་དེ་མཐོང་ཐུབ་མ་སོང་། འོན་ཀྱང་། འགྱུར་དུ་ཡོད་པ་འདུས་བྱས་ཀྱི་རང་གཤིས་ཡིན་སྟབས་ངས་ག་ལེར་ཡོལ་བ་དེའི་ཕག་ནས་འཁྲབ་སྟོན་པ་འགའ་ཡི་ངོ་གདོང་མཐོང་བྱུང་། རྒྱུན་ལྡན་ཞིག་སྟེ། ཁོ་ཚོའི་གདོང་ལ་སྨེ་བ་ཡོད་ཅིང་འབྲུམ་ཤུལ་ཡང་སྣང་ངོ་། ། དེ་ལས་ལྡོག་སྟེ་མཚན་ཙམ་ཐོས་པས་དད་སྣང་གི་སྤུ་ལོང་གཡོ་སའི་བླ་མ་དེ་ནི། ཞལ་རས་དཀར་ཞིང་གསལ་ལ་དག་ཅིང་གཙང་བ། སྤྱན་ཟུང་བཀྲ་ཞིང་དཀྱུས་རིང་བྱམས་བརྩེས་མཐའ་རྒྱན་པ་ཞིག་ཏུ་འདུག་ན། སོ་སྐྱེས་རང་ག་བ་བདག་གིས་ཀྱང་བསོད་ནམས་ཀྱི་སྐྱེས་སུ་ཡིད་ཀྱིས་སྤྲུལ་བའི་མཆོད་པ་ཞིག་བློ་ཡིས་ཅུང་ཙམ་བླངས་ཏེ་དབུལ་བར་སྙམ། ལར་ན་ང་རང་བྱིས་པའི་དུས་ནས་ཕ་མའི་བཀའ་དྲིན་གྱི་འོག་ཏུ་བླ་མ་ཁོང་དང་འཕྲད་པའི་བསོད་ནམས་ཡོངས་སུ་སྨིན་ཡོད། ཡིན་ན་ཡང་། བསམ་མེད་ཀྱི་བྱིས་པ་ཡིན་པའི་ཆ་ནས་དད་འདུན་གང་ཡང་བྱེད་མ་མྱོང་ལ། གྲོགས་ངན་གྱི་དཔུང་བཙན་པའི་ཆ་ནས་སྐུར་འདེབས་ཀྱང་བྱེད་མྱོང་ཚོད་ཡིན། ད་ནི་དེ་དག་ལ་ཕྱིར་བསམ་རེ་བྱས་ན་དྲན་པའི་དཀྱིལ་ནས་འགྱོད་པ་ཚད་མེད་པ་ཞིག་སྐྱེས་བྱུང་ལ། ཁོག་པའི་སྦུབས་ནས་སྨྲེ་ངག་གི་ཆུ་རྒྱུན་བཞུར་བྱུང་། འོན་ཀྱང་། ཅི་བྱ་གཏོལ་མེད་ཀྱི་ཚད་དུ་གནས་སོ། །

ད་ལོ་སྟེ་སྤྱི་ལོ་༢༠༢༣ལོ་འདི་ལ། སྤྱིར་ན་རྒྱལ་བའི་བསྟན་པ་རིན་པོ་ཆེའི་འཕྲིན་ལས་དར་བའི་རྩེ་མོར་བསླེབས་པ་དང་སྒོས་སུ་ཕྱི་ནང་གི་འགལ་རྐྱེན་གང་གིས་ཀྱང་བསྡོ་མ་ནུས་པར་སླར་ཡང་དུག་ལྔས་རྒྱུད་འབྱམས་པའི་རང་ཅག་རྣམས་ལ་སྔོན་སྨོན་སྐལ་བ་མ་ཉམས་པའི་སྟོབས་དང་རང་ཅག་བླ་སློབ་ལས་འབྲེལ་བཙན་པའི་མཐུ་ཡིས་«བདེ་ཆེན་ཞིང་ཁྲིད་»ཀྱི་བཀའ་ཆོས་བདུད་རྩིའི་ཆུ་བོའི་ཆ་ཤས་ཙམ་བཏུང་བའི་དགའ་སྟོན་མངོན་དུ་གྱུར་སོང་། 

སྤྱིར་ན་ཁ་བ་གངས་ཅན་པའི་གདུང་རྒྱུད་ཆོལ་གསུམ་སྤུན་ཟླ་ཀུན་གྱི་མགོན་དང་དཔུང་གཉེན་ཉིད་དུ་གྱུར་བའི་བླ་མ་ཁོང་ནི། ཀུན་མཁྱེན་རྒྱལ་བ་ཡོངས་ཀྱི་ཐུགས་མཁྱེན་པའི་ཡེ་ཤེས་ཀྱི་རྣམ་རོལ། སྐྱབས་གནས་དཀོན་ཅོག་གཅིག་འདུས་ཀྱི་ངོ་བོ། ཡེ་ནས་མངོན་པར་རྫོགས་པར་བྱང་ཆུབ་ཀྱང་གདུལ་བྱའི་ངོས་སྐལ་དུ་བབས་པའི་སངས་རྒྱས་ཤིག་གོ ། མ་གཞི་ནས་ཁོ་བོ་སྐད་ཆའི་སྒྱུ་རྩལ་ལ་དགའ་དྲགས་པས་ཁོང་གི་གསུང་གླེང་ཅུང་ཙམ་རེ་ལ་ཡང་དགའ་དད་ཀྱི་འདུན་པ་ཤུགས་དྲག་སྐྱེས་ཤིང་། ཁོང་ནི་ཆོས་དང་རིག་གཞུང་གང་ལ་བསྐོར་ཀྱང་རྣོ་དབལ་ལྡན་པའི་རལ་གྲི་ཞིག་དང་ཀུན་ནས་མཚུངས། དམན་པ་བདག་ནི་ཁོང་གི་ཡོན་ཏན་བརྗོད་པའི་སྨྲ་བ་མེད་ཅིང་། ཡོན་ཚད་འཇལ་བའི་སྤོབས་པ་ཞིག་གང་དུ་མཆིས། ཡིན་ན་ཡང་། བལྟས་ཚོད་ཀྱིས་མངོན་པར་མཐོ་བའི་བླ་སྤྲུལ་ཕལ་མོ་ཆེ་དང་མི་མཚུངས་པ་ཙམ་དུ་མ་ཟད་སུས་ཀྱང་གཞལ་དུ་མི་བཏུབ་པའི་ཕྱི་ནང་གི་ཡོན་ཏན་ཀུན་དང་ལྡན་པ་ཞིག་ཏུ་འདུག་པས། དུས་མཐར་སངས་རྒྱས་དང་འཕྲད་པའི་དགའ་ཚོར་སུ་ཡིས་འགོག

སྔོན་མ་ཞིག་ལ་གཞན་གྱིས་དད་པའི་མིག་ཆུ་འཐོར་བ་མཐོང་དུས་མཚར་སྣང་ཞེད་པོ་བྱུང་སོང་། ཡིན་ན་ཡང་། ད་ནི་འདི་ལྟར་“ལམ་ལོག་པ་ལས་ལྡོག་ཕྱིར་སྐྱབས་འགྲོའི་སྡོམ་པ་”དང་“ལམ་དམན་པ་ལས་ལྡོག་ཕྱིར་བྱང་ཆུབ་སེམས་སྡོམ་”གྱིས་འཐུས་ཏེ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་སོགས་དང་འབྲེལ་བའི་བླ་མེད་ཀྱི་དམ་ཆོས་དང་ལམ་སྟོན་གྱི་སློབ་གསོ། བྱ་བའི་འཇུག་ལྡོག་གི་ཁྱད་པར་དང་། བླང་དོར་མ་ནོར་པའི་ཚུལ་སོགས་ལེགས་པར་བསྟན་ཞིང་། དེའི་དུས་ན། གངས་དཀར་གྱི་གཟི་བྱིན་འབར་བའི་སྐུའི་འོད་མདངས་དང་། གངས་ཆབ་ཀྱིས་སྙིང་ཁྲག་གསོས་པའི་གཏིང་གི་ལར་ཞེན། གཙང་བོ་ཆབ་ཏུ་བརྒྱུས་འདྲའི་གསུང་མཆིད། རྡུལ་བྲལ་མངོན་པར་མཛེས་པའི་ཞལ་ཁྱིམ། ལྷུན་པོའི་དཔལ་མངའ་བའི་སྐུ་མཆོག་སོགས་ལན་རེར་མིག་ལམ་དུ་རྒྱུ་དུས་བལྟས་པས་མི་ངོམས་པ་དང་གསུང་གི་དབྱར་རྔ་ནི་མཉན་པས་མི་ཚིམས་པ་ཞིག་ཏུ་འདུག་ཅིང་། ལྷག་པར་དུ་“བོད་ཟླ་བརྒྱད་པའི་ཚེས་ཉེར་དགུ་”ཡི་ཉིན་མོར་འདུས་མཐའ་འབྲལ་བའི་ཆོས་ཉིད་ཀྱིས་ལག་བརྡ་གཏོང་ཏེ་མི་འགྱང་རང་གནས་སུ་ཕེབས་དགོས་པའི་དུས་ལ་ཁེལ་བ་དང་། བླ་མ་ཁོང་གིས་བཀའ་སློབ་གསེར་ཞུན་མ་དང་ཐུགས་སྨོན་ཟབ་རྒྱས་གནང་ཞིང་། དམིགས་བསལ་འཆི་བར་གདམས་པའི་བཀའ་མོལ་སོགས་འདུས་པ་ཡོངས་ལ་ནན་གྱིས་བསྐུལ་ཏེ་གནང་ནས། མཐར་ཐུགས་བསྐྱེད་དང་སྨོན་ལམ་གྱིས་གཏམ་གྱི་མཇུག་དྲིལ་སོང་། མཚམས་རེར་གནས་སྐབས་འབྲལ་དགོས་པའི་སྨྲ་བ་བརྗོད་དུས་མིག་ཁུང་མཆི་མས་བཀང་ཞིང་འབྲལ་བཞིན་པའི་བླ་མའི་རྒྱབ་གཟུགས་ལ་ལན་རེར་བལྟས་པས་ངག་གི་སྐུད་པ་ཆད་ཅིང་བློ་སྙིང་འཕག་འཚག་རྒྱབ་བྱུང་། 

ཡིན་ན་ཡང་། བདག་ནི་ཁོང་དང་འཕྲད་པའི་བསོད་ནམས་དང་སྐལ་བ་མ་ཉམས་པར་སྐྱེ་བའི་དུས་ནས་མི་ལོ་ཉི་ཤུའི་ཐེམ་པ་མ་བརྒལ་གྱི་བར་དུ། འདི་ལྟར་གསེར་ཞལ་མཇལ་བའི་འཁོར་གྱི་གྲལ་དུ་ཚུད་པ་དང་། དེ་བཞིན་དུ་གསུང་གི་བདུད་རྩི་མྱོང་བའི་སྐལ་བཟང་མངོན་དུ་གྱུར་པ་ལ་ཡིད་སེམས་གཏིང་ནས་སྤྲོ་ཞིང་ཁྱད་པར་དུ་ད་ལོ་ནི་དགའ་དད་ཀྱི་འདུན་པ་མ་བོར་བར་དད་འདུན་གཙང་མས་ཆོས་ཁྲིད་ཞུ་བ་དང་སྨོན་ལམ་རྣམ་དག་གིས་མཚམས་སྦྱར་བར་བྱས་པས་རྟེན་འདི་བརྗེས་ཀྱང་ཁོང་གི་འཁོར་གྱི་ཐོག་མར་སྐྱེས་པའི་ཡིད་ཆེས་གཏིང་ནས་བརྙེད་ཡོད། བདག་གིས་ཀྱང་འཇམ་པའི་དབྱངས་དང་ཀུན་ཏུ་བཟང་པོས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་ཞེས་ཁ་ནས་མོལ་བཞིན་སྨོན་པའི་ཁུལ་བྱས་པ་དེས་ཀྱང་བདག་གཞན་བརྗེ་བའི་འདུན་པ་བགྱི་མ་ཐུབ་ཀྱང་། མ་དག་འགྲོ་བ་ཐམས་ཅད་བདེ་ནས་བདེ་བའི་ལམ་དུ་བགྲོད་པའི་གསོལ་སྨོན་ཞུ་བ་ལགས་ན། མཐར་ཁྱབ་བདག་རྫོགས་ཆེན་པའི་ཞལ་ནས་གསུངས་པའི་“སེམས་མ་ཡེངས་འཁྲུལ་བ་བྲལ་བའི་ངང་དུ་ཞོག་”ཅེས་པའི་བདེན་ཚིག་རྡོ་རྗེའི་ཚིག་གི་གཟུངས་འདིས་འགྲོ་བ་བདེ་ཞིང་བསྟན་པ་རྒྱས་པའི་དོན་ཀུན་ཡོངས་སུ་འགྲུབ་པའི་སྨོན་ལམ་ཞུའོ། །

འདི་ན་དད་འདུན་གཙང་མས་བསྐུལ་བའི་མཐུས། །

མ་བཅོས་ཐོལ་གྱིས་བྱུང་བའི་ཚིག་གི་ཕྲེང་། །

བརྡོལ་བས་མི་སྙན་གཏམ་གྱི་ཀུ་ཅོའི་ངག །

འབྱུང་ན་ཡིད་སྤྲུལ་དར་གྱིས་བཤགས་པར་བགྱི། །

ཁྱེད་ཞལ་འཛུམ་པའི་ཟླ་གཞོན་དྲི་བྲལ་ཅན། །

འགྲོ་བའི་ཨུཏྤལ་དཀར་པོའི་གྲོགས་སུ་འཆར། །

མི་སྙན་དབྱངས་དང་མི་བསྡོང་དམ་པའི་ཆོས། །

འཆད་མཁས་ཁྱབ་བདག་པ་ཡི་ཞབས་བརྟན་ཤོག །

ཅེས་པའང་རྫོགས་ཆེན་གངས་ཞེན་གྱིས་སོ། །

WechatIMG1853.jpg

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།