རྒྱལ་ཀུན་མཁྱེན་པའི་ངོ་བོ་ལྷ་མོ་དབྱངས་ཅན་མའི་འདོད་གསོལ་མདོངས་མཐའ་དགའ་བའི་་སྒྲོ་གུར།

WechatIMG485.jpg

༄༅། །རྒྱལ་ཀུན་མཁྱེན་པའི་ངོ་བོ་ལྷ་མོ་དབྱངས་ཅན་མ་ལ་རྩེ་གཅིག་ཏུ་འདོད་དོན་གསོལ་བ་མདོངས་མཐའ་དགའ་བའི་སྒྲོ་གུར་ཞེས་བྱ་བ།


ཀ་མ་ལ་དང་བསིལ་ཟེར་བདག་པོའི་མཛེས་སྡུག་སྙིང་ཁུ་བསྡུས་པ་བཞིན།།

ཁ་དོག་གངས་རི་པད་རྩ་ལི་དང་ཀུན་དའི་མེ་ཏོག་གཞོན་ནུའི་མདངས།།

ག་བུར་ཞུན་ཐིག་ལ་སོགས་ཀྱིས་བཀྲུས་སྲིད་ཞིའི་དབྱིངས་ན་མཛེས་སྡུག་རྫོགས།།

ང་སོགས་སྐལ་ལྡན་སྙིང་གི་དཔྱིད་གྱུར་དབྱངས་ཅན་དགའ་མ་ཐིག་ལེར་མཛོད།།


ཅ་རིས་ཇི་བཞིན་འཁུམས་པའི་བློ་དང་སྙན་ངག་སྨྲ་བྱེད་ལྐུགས་པའི་ལྕེ།།

ཆ་རྐྱེན་ལྔ་རིག་སྦྱངས་པའི་གྲོགས་དང་ལུང་རྟོགས་གཉིས་འཛོམ་དགེ་བའི་བཤེས།།

ཇ་ཟས་གྱིས་མཚོན་ཆོས་ཀྱི་མཐུན་རྐྱེན་འཚོ་བའི་རབ་དབུལ་གུས་ལྡན་བདག།

ཉ་རྒྱས་བཞིན་ཅན་ཚངས་པའི་སྲས་མོ་དབྱངས་ཅན་དཔལ་མོས་རྗེས་བཟུང་མཛོད།།


ཏ་ཐཱ་ག་ཏའི་བསྟན་ལ་དད་ཀྱང་ཐོས་བསམ་ནོར་གྱིས་དབུལ་བ་བདག།

ཐ་ན་ཤེས་བྱའི་རྣམ་གྲངས་གཅིག་ཀྱང་མཐར་ཕྱིན་དཀའ་བས་ཡིད་གདུང་ནས།།

ད་ལྟ་དབྱངས་ཅན་སྣང་སྟོང་སྒྱུ་འཕྲུལ་སྒོ་གསུམ་གུས་པས་གཙུག་བསྟེན་ན།།

ན་ཚོད་གཞོན་པའི་དུས་ནས་ཤེས་བྱ་མ་ལུས་ཀུན་མཁྱེན་དགའ་སྟོན་མཛོད།།


པ་བ་སངས་སོགས་ལྟ་བུའི་ལུས་དཀར་སྙིང་གི་དཔྱིད་གྱུར་ཚངས་སྲས་མ།།

ཕ་རོལ་ལྷོ་ཕྱོགས་འོ་མའི་མཚོ་འགྲམ་རབ་མཛེས་ཚལ་དུ་ཙོག་པུར་བཞུགས།།

བ་མོས་ཟིལ་བ་ཉི་མའི་ཟེར་བཞིན་མི་ཤེས་རྨོངས་མུན་གཏན་བཅོམ་ནས།།

མ་ལུས་ཤེས་བྱ་མཁྱེན་པའི་འོད་སྣང་སྒྲོན་མེ་སྦོར་ཅིག་ཟླ་མཛེས་མ།།


ཙ་རི་ལྟར་བསིལ་གངས་རིའི་ལྗོངས་འདིར་གནས་ལྔ་རིག་པའི་དཔལ་གྱིས་ཕྱུག།

ཚ་གྲང་ཁྱད་བསད་མཁས་པའི་དབང་ཕྱུག་ནམ་མཁའི་སྐར་མའི་གྲངས་ལ་འཕྱ།།

ཛ་ལང་གཏུམ་སྤྱོད་བོད་ཀྱི་ཡུལ་འདིར་ད་ལྟ་དེ་ལས་གོ་ལྡོག་སྟེ།།

ཝ་ཝོལ་ངང་དུ་མི་ཚེ་འཛད་པས་གཉིས་མེད་ཉམ་ཐག་རྗེས་བརྩེ་མཛོད།།


ཞ་ལུ་ལོ་ཙྭ་ལ་སོགས་མཁས་པའི་གསུང་གི་མན་ངག་ཛ་ཧུའི་རྒྱུན།།

ཟ་མ་ཏོག་སོགས་དག་ཡིག་སྙན་ངག་རིག་གཞུང་མཛོད་ལ་འཇུག་འདོད་ཀྱང་།།

འ་འུར་ངང་དུ་མི་ཚེ་འཛད་ཞིང་བློ་གྲོས་མིག་ཟུང་མི་གསལ་བས།།

ཡ་མཚན་མཁྱེན་པའི་ཡེ་ཤེས་སྩོལ་ཅིག་རྒྱལ་ཀུན་གསུང་གི་ཐིག་ལེ་མ།།


ར་བ་གངས་རི་ནགས་ཀྱིས་ལེགས་བསྐོར་སྒང་དྲུག་ཆུ་བཞིའི་ལྗོངས་འདི་ན།།

ལ་ལུང་འཁྱམས་པའི་མུ་ཏོ་བ་བཞིན་བདག་ནི་སྙོམས་ལས་ངང་ལྷག་པའི།།

ཤ་ཁྲག་གདོས་བཅས་ལུས་འདི་མ་གཞིག་དེ་སྲིད་ཤེས་བྱ་ལ་འབད་ན།།

ས་ལམ་རྟོགས་པ་རིམ་གྱིས་བགྲོད་ནས་ཀུན་མཁྱེན་རྒྱལ་བའི་གོ་འཕང་མཛོད།།


ཧ་ཅང་སྙན་པའི་སྡེབ་སྦྱོར་གྱིས་དབུལ་བརྗོད་བྱ་དོན་གྱི་བཅུད་བྲལ་ཡང་།།

ཨ་མ་དྲན་པའི་བུ་ཆུང་ཇི་བཞིན་བརྩེ་ལྡན་ལྷ་མོ་ཁྱེད་གསོལ་ན།།

ཤེས་བྱ་མ་ལུས་མཁྱེན་པའི་བློ་དང་རབ་འབྱམས་གཞུང་ལུགས་སྨྲ་བའི་ལྗགས།།

ཨེ་མ་ཀུན་གསལ་ཟླ་ཉིའི་འོད་དང་གློག་དམར་འཁྱུག་པའི་རླབས་བཞིན་མཛོད།།


ཅེས་རྒྱལ་ཀུན་མཁྱེན་པའི་ངོ་བོ་ལྷ་མོ་དབྱངས་ཅན་མ་ལ་འདོད་དོན་གསོལ་བ་མདོངས་མཐའ་དགའ་བའི་སྒྲོ་གུར་ཞེས་བྱ་བ་ནི་ངག་རིག་སྨྲ་བ་གཡས་དཀོན་མཆོག་བསམ་གཏན་ནམ་མིང་གཞན་རིག་པའི་ཁུ་བྱུག་གིས་རྒྱ་ནག་གྲོང་ཁྱེར་པདྨ་ཅན་ནས་མངོན་པར་དང་བས་སྦྱར་བའོ།།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།