ཕྱི་དྲོ།
ཕྱི་དྲོ་འདིའི་ཡུལ་ལྗོངས་མ་ལུས
ཁ་དོག་གཅིག་གིས་ཀྱང་མཚོན་ཐབས་མི་འདུག
མེ་ཏོག་འཐོར་ཤུལ་གྱི་སྦྲང་བུ་ཞིག་ལྟར
ང་ཡང་ཁ་རོག་གེར་བུད་སོང
ཡུལ་ལྗོངས་དེ ཡུལ་ལྗོངས་གཞན་ཞིག་གིས་འདྲུད་ཀྱིན་འདུག
ང་ཚོས་བརྩེ་དུང་གི་ལྗོན་པ་ཆེན་པོ་ཞིག་གསོ་དགོས་ཡོད་དེ
འུ་ཅག་ལ་མཁོ་བ་ནི་ལྗོན་ཤིང་དེའི་མཛེས་སྡུག་མ་ཡིན་པར
འཚོལ་གྱིན་པའི་ལྗོངས་ཤིང་དེའི་བསིལ་གྲིབ་ཁོ་ནའོ
གང་ལྟར ཕྱི་དྲོ་ཞིག་འདི་ལྟར་བུད་སོང་ན་ཡང
ང་ཚོ་སྔར་བཞིན་འགྲོ་དགོས་ཡོད
༢༠༢༤-༡-༡༢ཉིན།
ཚོར་འགྱུ།
མིག་མདངས་ཁྲོད་དུ
སྨྲ་མི་ཤེས་པའི་ཐ་སྙད་ཁ་ཤས་སྦས་འདུག
ཅི་ཞིག་གིས་མཚོན་དགོས་པའང་མ་ཤེས
ནད་ཁང་དེ་རུ
ཁྱོད་ཉིད་སྙིང་ཉེ་བའི་ཟོལ་གྱིས
བྱེའུ་བཞིན་འཕུར་བྱུང
དེའང ང་ཁོ་ནའི་སེམས་ཀྱི་ནམ་མཁའ་རུ
དལ་བ་དལ་བུར་འཕུར་བྱུང
མང་པོ་མང་པོ་ཞིག་གླེང་འདོད་ཀྱིས
མང་པོ་མང་པོ་ཞིག་ཤོད་མ་སོང་བའི་རྣམ་འགྱུར་དེའི་ཁྲོད་དུ
ང་ལ་སེར་སྣ་གཞན་ཞིག་སྐྱེས་བྱུང
ཁྱོད་ཀྱི་ཁེར་རྐྱང་ཡིན་པའི་ང་རྒྱལ་དེས
འུ་གཉིས་ཀྱི་བར་ཐག་མང་པོ་ཞིག་ཉེ་རུ་བཏང་ཞིང
བར་ཐག་དེའི་ཁྲོད་དུ་ཆ་མེད་ནས་ཆ་ཡོད་གྱུར་ཚུལ་གྱི་གཏམ་རྒྱུད་ཅིག་ཀྱང་སྦས་ཡོད
༢༠༢༤-༡-༦མཚན་མོར།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།