མགྲིན་པའི་རྩ་འདབ་བརྒྱད་ཅུ་ལྷོད་ཀྱི་གྲོལ་ཏེ། །
ནང་དབྱིངས་རིག་པའི་གསལ་ཆ་འོད་ལ་འདྲེས་པའི། །
འཇིགས་བྲལ་ཆོས་ཀྱི་གླིང་པའི་ཆེ་བ་མངས་ཡང་། །
རྩ་མགུར་དོ་ཧ་ཐོས་པས་སླར་ཡང་འདུན་བྱུང་། །
རྩེ་མོ་མཐོངས་སུ་ཡལ་བའི་རི་བོའི་ཕུགས་ན། །
རྟོག་འཕྲུལ་སྒྱུ་མའི་བུ་ཆུང་དཀའ་བས་ནོན་ཏེ། །
སྐྱེ་མེད་ནམ་མཁའི་དབྱིངས་སུ་ངལ་གསོ་བྱས་ཚེ། །
སྐྱིད་མགུར་མགྲིན་པའི་ཀློང་ནས་གྲོལ་བ་ཡག་བྱུང་། །
ཕ་རྒན་ཀློང་ཆེན་རྒྱལ་པོ་ཞལ་མཇལ་ཞུས་ནས། །
གདམ་ངག་ནོམ་གྱི་ཕ་ཕོག་ཐུགས་སུ་གཏད་དུས། །
དབྱངས་ཅན་དྲི་ཟའི་རྒྱུད་མངས་ལན་གཅིག་གཡར་ཏེ། །
ཀློང་ཆེན་བསྔགས་པའི་རོལ་མོ་ད་དུང་སྙན་ཨང་། །
འཁོས་ཆུང་སྲིད་གསུམ་འཕྱན་པའི་འགྲོ་བར་གཟིགས་ཏེ། །
ཚད་མེད་སྙིང་རྗེས་བརླན་པའི་སྤྱན་ཆབ་བསིལ་ཚེ། །
རིགས་དྲུག་རྩ་མདུད་བཤིགས་པའི་མགུར་མ་དཀར་པོ། །
ཆོས་བསྐུལ་སྙན་པའི་གདངས་ཀྱི་ང་རོ་འཇེབ་ཨང་། །
ཞེན་ཆགས་ཐག་པས་བཀྱིགས་པའི་འཁོར་བའི་མྱི་བོའི། །
སྣང་སྲིད་འདུ་འགོད་བྱ་བའི་བྲེལ་ཆ་གཟིགས་ཚེ། །
རས་རྐྱང་ཕྲག་པས་ཁུར་བའི་ལང་ཚོའི་བསམ་ནས། །
ལྷིང་འཇགས་དབེན་གནས་བསྐུར་བའི་རྒྱང་གླུ་སྙན་སོང་། །
གཏད་རྒྱ་ཐུགས་ལ་བཞག་པའི་རིན་ཆེན་གཏེར་ཆོས། །
ཕྱི་རབས་ཡང་མཐའི་གྲོགས་ལ་སྐྱེས་སུ་དགོངས་ཏེ། །
བུ་སློབ་ཆེ་དགུ་དུ་མའི་རྣ་བའི་དཀྱིལ་དུ། །
གདམ་ངག་སྙིང་གི་གཏམ་ཚོགས་ཡིད་དུ་འོང་ཨང་། །
འཁོར་བའི་གཏིང་རྡོ་སྒུལ་བའི་མགུར་མ་རེ་རེར། །
དམ་ཚིག་ཕྱག་རྒྱ་སྟོང་གི་བཅུད་ཀྱིས་བསྲུང་འདུག །
ཕ་ཤུལ་ནང་ནས་འཛིན་པའི་བུ་རབ་དེ་ཚོའི། །
འདི་ཕྱིའི་སོ་མཚམས་མཐུད་པའི་སྲུང་མ་རེད་འདུག །
རས་རྐྱང་རླུང་གིས་ཁུར་བའི་སྒང་ཁ་དེ་ན། །
སྤྱན་ཟུང་ཧར་གྱི་ནམ་མཁའི་མཐོངས་སུ་གཏད་དེ། །
ཡེ་བབས་དགོངས་པའི་ཕ་ནོམ་དབྱངས་སུ་འགུགས་དུས། །
ལྷ་ཡང་དགྱེས་པའི་སྙན་པ་སུ་ཡིས་བསུབ་ནུས། །
ཤོག་དཀར་ཚིག་གིས་དེད་པའི་ཡིག་ཕྲེང་ཉོབ་པོ། །
ཡིད་དུ་ཇི་ལྟར་འོང་ཡང་དཔེ་རུ་ཅི་འོས། །
དགོངས་ཀློང་རིག་པའི་གསལ་ཆ་ངང་གིས་དོད་པའི། །
མགུར་འདིའི་སིམ་པའི་ལོངས་སྤྱོད་གང་གིས་མི་བསྒྲུན། །
གོ་ཡུལ་དབྱངས་སུ་འདྲེན་པའི་དོ་ཧ་ཀློང་རྡོལ། །
སྣང་ཚད་དཔེ་རུ་འདྲེན་པའི་མགུར་ཚིག་རང་བྱུང་། །
རྩོལ་བྲལ་དགོངས་པའི་དབྱིངས་སུ་བབས་ཀྱི་སྣང་བའི། །
འཇིགས་མེད་རང་བྱུང་གླིང་པའི་སྙན་ངག་ཡག་ཨང་། །
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།