༄༅།ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཡོད་པའི་གནའ་བོའི་རྟེན་རྙིང་ཨ་ཡིག་ཅིག་གི་ཡིག་ཚང་འཚོལ་ཞིབ།

 WechatIMG2317.jpg

WechatIMG40.jpg

༄༅།ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཡོད་པའི་གནའ་བོའི་རྟེན་རྙིང་ཨ་ཡིག་ཅིག་གི་ཡིག་ཚང་འཚོལ་ཞིབ།

对一个有“天然啊字”文物的文献学考究


ནང་དོན་གནད་བསྡུས།】 དཔྱད་རྩོམ་འདིར་རླངས་ཨ་མྱི་བྱང་ཆུབ་འདྲེ་བཀོལ་གྱི་གདུང་རྒྱུད་མ་ནོར་བ་རླངས་བརྒྱལ་བུ་བླ་མ་རིག་འཛིན་དཔལ་ལྡན་བཀྲ་ཤིས་ཀྱིས་བསྐྱར་བཞེངས་མཛད་པའི་རེབ་གོང་སྔགས་རྙིང་མའི་གདན་ས་རིག་འཛིན་རབ་འཕེལ་གླིང་དུ་བཞུགས་པའི་རྟེན་རྙིང་ཨ་ཡིག་འདི་གང་ལས་བྱུང་བའི་ལོ་རྒྱུས་ཡིག་ཚང་རྣམས་བཙལ་ཏེ་ཤུལ་བཞག་རྟེན་རྙིང་འདིར་དཔྱད་པ་རགས་ཙམ་བྱས་ཡོད།

བརྡ་ཆད་གཙོ་བོ།  རྟེན་རྙིང་ཨ་ཡིག རླངས་ཨ་མྱི་བྱང་ཆུབ་འདྲེ་བཀོལ། རིག་འཛིན་རབ་འཕེལ་གླིང་།

དང་པོ། རླངས་ཨ་མྱི་བྱང་ཆུབ་འདྲེ་བཀོལ་ཞེས་པའི་མཚན་གྱི་བྱུང་བ་དང་ནམ་འཁྲུངས་ཀྱི་ལོ་ཚིགས་ཀྱི་ཡིག་ཚང་གསལ་བཤད།

དེ་ཡང་ཀྲུའུ་ཞི་ཞི་ཅིན་ཕང་གིས།ལོ་རྒྱུས་ཀྱི་ཤུལ་བཞག་རིག་གནས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རུས་པའི་རྐང་དང་ཁྲག་གི་རྒྱུན་དམ་དུ་སྦྲེལ་ཅིང་རྒྱུན་འཛིན་བྱས་ཡོད་ལ། དེ་ཉིད་རང་ཅག་མི་རབས་འདི་ལ་དབང་བར་མ་ཟད། ཕྱི་རབས་པ་རྣམས་ལའང་བདག་གིར་དབང་ངོ་། །ལོ་རྒྱུས་དང་། རིག་གནས། སྐྱེས་ཁམས་བཅས་གོང་དུ་བཀུར་ཏེ། ལོ་རྒྱུས་ཀྱི་ཤུལ་བཞག་རིག་གནས་ལ་ཕྱོགས་ཡོངས་ནས་སྲུང་སྐྱོབ་དང་། འཆར་བཀོད་གཅིག་གྱུར་སྒོས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བ། བདག་གཉེར་ཁྱད་ཆོས་ཅན་གྱིས་ཕྱུག་པ། གནའ་མཁར་ལ་སྲུང་སྐྱོབ་དང་། རིག་དངོས་ཀྱི་མ་མཐའི་བདེ་འཇགས་ལ་ཤུགས་སྣོན་བྱས་པ་བརྒྱུད། སྔོན་བྱོན་ཡབ་མེས་རྣམས་ཀྱིས་བཞག་པའི་རིན་བྲལ་གྱི་ལོངས་སྤྱོད་ལ་སྲུང་སྐྱོབ་ཅི་ནས་ཀྱང་ལེགས་པོར་བྱེད་དགོས།[]ཞེས་གསུངས་པ་ལྟར་གནའ་བོའི་རྟེན་རྫས་ཨ་ཡིག་རང་བྱོན་འདི་ལ་མཚོན་ནའང་ཤིན་ཏུ་གལ་ཆེ་བའི་ལོ་རྒྱུས་ཤུལ་བཞག་རིག་གནས་དང་།རེབ་གོང་ཡུལ་གྱི་རིག་གནས་ཐམས་ཅད་ཀྱི་དབུ་བཅོལ་ས་ལྟ་བུའོ།།

སྔོན་གྱི་ཡིག་ཚང་རྣམས་སུ་མཁས་པ་གང་དང་གང་གིས་སྐབས་དེར་བཤད་པའི་ཞེ་ཚིག་ལ་ལུང་བསྟན་ཞེས་འབྲི་བའི་སྲོལ་ཞིག་ཆགས་ཡོད་པ་ནི་ད་ལྟ་འུ་ཚོས་སྐབས་དེར་བཤད་པ་ལ་གསུང་ཞེས་ཞེ་ཚིག་འཇོག་པ་དང་གཉིས་སུ་མེད་ཀྱང་གནས་སྐབས་ཀྱི་བྱ་བ་ཙམ་སྟོན་པ་ལ་ལུང་བསྟན་མི་ཟེར་རོ།།ལ་ལས་ཆོས་ལུགས་ཀྱི་ཤན་ཤུགས་ཤིག་རེད་བསམ་ན་ནི་ཡིག་ཚང་གི་འབྲི་སྲོལ་དེ་ག་རང་ཡིན་པ་གོ་བར་བྱའོ།།

དེ་ཡང་སྔོན་གྱི་ཡིག་ཚང་དག་ལས། ཨ་ཡིག་རང་བྱོན་ཡོད་པའི་ས་ནས་སྐྱེས་པས་རྒྱལ་བོ་ཨ་སྐྱབས་བུ་བཞིར་གྲགས།[]ཞེས་པའི་ཡིག་ཚང་ཁུངས་མ་འདི་གཞིར་བྱས་ནས་དཔྱད་པ་ལ།

ཡུལ་རེབ་གོང་ནི། རིག་འཛིན་དཔལ་ལྡན་བཀྲ་ཤིས་ཀྱིས། ཆོས་སྲིད་གཉིས་ཀ་ནས་མངོན་པར་མཐོ་བ། ས་སྐྱ་འཁོན་གྱི་བརྒྱུད་པ། འབྲི་གུང་སྐྱུ་རུའི་བརྒྱུད་པ། རླངས་ལྷ་གཟིགས་ཀྱི་བརྒྱུད་པ་སོགས་མང་དུ་བྱུང་བ་ཡིན་ནོ།།[]ཞེས་གསུངས་པ་ལྟར་ཕྱི་མ་རླངས་ལྷ་གཟིགས་ཀྱི་རྒྱུད་ལ་ཆུ་སྐྱེས་རིག་འཛིན་དཔལ་ལྡན་བཀྲ་ཤིས་ཕྱི་ལོ1688ལ་བྱོན་ཅིང་། ཁོང་གི་རང་རྣམ་དུ།རྒྱལ་བོ་ནི་རྒྱལ་ཕྲན་བཅུ་གཉིས་ཀྱི་ནང་ཚན་དང་།རླངས་ཚང་ནི་རུས་མིང་སྟེ།རླངས་ཨ་སེང་གི་སྲས་ཨ་སིན་དེ་ལ་སྲས་སྐྱབས་བདུན་[]བྱུང་བའི་ཆེ་བ་རྒྱལ་བོ་ཡོ་བྱད་སོགས་ཁམས་སྟོད་དུ་བྱོན།ཆུང་བ་སོགས་གཞིས་སུ་བཞུགས་པར་སྲས་བཞི་བྱུང་བ་ད་ལྟ་རྒྱལ་བོ་ཨ་སྐྱབས་བུ་བཞིར་གྲགས་པ་འདི་ཡིན་ཞིང་།[]ཞེས་གསུངས་པ་ནང་བཞིན་རྟེན་རྙིང་ཨ་ཡིག་འདི་ཡང་ཨ་སྐྱབས་བུ་བཞིར་འབྲེལ་བ་དམ་ཟབ་ཡོད་པ་ཞིག་གོ།

ལྷ་རིགས་རླངས་ཀྱི་རྣམ་ཐར་ཆིག་རྒྱུད་ལས། མཚོ་བཟང་ལྷ་གཟིགས་ཀྱི་སྲས། འཇིག་རྟེན་གྱི་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས་པ།ཞེས་པ་ནས།རླངས་ཀྱི་གྲུབ་ཐོབ་ཆེན་པོ་བྱང་ཆུབ་འདྲེ་འཁོལ་དེས། བཙུན་མོ་དཀར་ལྡན་མ་ཁབ་ཏུ་བཞེས་པའི་སྲས་གཉན་ཐོན་ཨ་ཀྲོང་། དེའི་སྲས་ཉ་མགོ་ཁྲི། དེའི་སྲས་རླངས་སྟོན་བྱ་ཞུ་ནག་པོ། དེའི་སྲས་ཨ་སང་། དེའི་སྲས་ཨ་གསེར། དེའི་སྲས་ཡོན་ཆེན་རྒྱལ་བ་སྐྱབས།[⑥]ཞེས་ཏྰ་སི་ཏུ་བྱང་ཆུབ་རྒྱལ་མཚན་གསུངས་པ་ལྟར་ལོ་ངོ་སྟོང་ཕྲག་གཅིག་ལྷག་གི་ཡར་སྔོན་ལུང་དུ་བསྟན་པའི་རླངས་ཨ་མྱི་བྱང་ཆུབ་འདྲེ་བཀོལ་ནི།༼ཕྱི་ལོ968--1076༽རླངས་ཀྱི་གྲུབ་ཆེན་བགྲང་དུས་ལྷ་གཟིགས་བྱང་ཆུབ་རྡོ་རྗེ་ཞུ་བ་དང་།གུ་རུ་པདྨས་རླངས་དཔལ་གྱི་སེངྒེར་ལུང་དུ་བསྟན་པ་ལས་ཀྱང་།ཁྱོད་རླངས་ཀྱི་མི་རྒྱུད་སྐལ་ལྡན་ལ།།ང་ཡི་ཐུགས་རྗེས་ཁྱབ་པར་མཛད།།ཁྱོད་ནི་སྐྱེས་བུ་སྐལ་ལྡན་ཡིན།།ཁྱོད་ལྷ་རིགས་རླངས་ཀྱི་མི་རྒྱུད་ལ།།བྱང་དང་ཆུབ་ཅེས་བྱ་བ་ཡི།།མིའུ་ཁྱད་པར་འཕགས་པ་འོང་།།དེ་ནི་ང་ཡི་ཐུགས་ཀྱི་སྲས།།[]ཞེས་པའི་ལུང་བསྟན་དང་།ལྷ་གཟིགས་རླངས་ཀྱི་རྣལ་འབྱོར་བ་འབྲུ་སྟོན་དར་མ་སིངྔྷིས། ཁྱེད་བཀའ་གསར་རྙིང་ཆོས་ལ་གྲུབ་པ་ཐོབ། ཞེས་པ་ནས།ལྷ་འདྲེ་ཐམས་ཅད་བྲན་དུ་བཀོལ། མཚན་ཡང་བྱང་ཆུབ་འདྲེ་བཀོལ་གྱིས། [⑧]ཞེས་ལུང་དུ་བསྟན་པ་ལྟར། རླངས་དཔལ་གྱི་སེངྒེའི་གདུང་རྒྱུད་ལྷ་གཟིགས་བྱང་ཆུབ་རྡོ་རྗེ་འདི་བ་རེབ་གོང་དུ་ཕེབས་ཤིང་ཕྱིས་སུ་ཀུན་གྱིས་ཁོང་ལ་ཨ་མྱི་བྱང་ཆུབ་འདྲེ་བཀོལ་དུ་མཚན་གྱིས་བཀུར་བའི་ཡིག་ཚང་གི་ཁུངས་བཅོལ་ས་ནི་འདི་ཡིན་ནོ།།

ཆེ་དགེ་ཡིག་ཚང་དུ།ཁོང་ལ་བུ་དང་ཚ་བོ་སློབ་མ་རྣམས་ཀྱིས་སེམས་ཅན་གྱི་དོན་དུ་འཇིག་རྟེན་འདིར་ཡུན་རིང་བོར་བཞུགས་དགོས་པར་ཞུས་པ་ལ། ལན་དུ་ཁོང་གིས།ང་རྣལ་འབྱོར་ལུས་འདི་དག་ལ། བོད་དུ་འདུག་པ་དེ་ཙམ་ཡིན། མི་ལོ་བརྒྱ་དང་བརྒྱད་བར་བསྡད། དེ་ལ་ལྷ་འདྲེ་མ་ཐུལ་ན།རྒས་ནས་ལྷ་འདྲེ་ངས་མི་ཐུལ།[⑨]ཞེས་ཁོང་ལོ་བརྒྱ་དང་བརྒྱད་བཞུགས་པར་གསུངས་པ་ལྟར་ཕྱིས་ཀྱི་ཞིབ་འཇུག་པ་རྣམས་ཀྱིས་ཀྱང་ཨ་མྱི་བྱང་ཆུབ་འདྲེ་བཀོལ་ཕྱི་ལོ968ལ་འཁྲུངས་ནས་ཕྱི་ལོ1076ལ་མྱ་ངན་ལས་འདས་པའི་ལོ་ཚད་ཀྱི་ཡིག་ཚང་གི་ཁུངས་ཀྱང་འདི་ཡིན་དགོས་སོ།།

གཉིས་པ།རླངས་ཨ་མྱི་བྱང་ཆུབ་འདྲེ་བཀོལ་གྱི་གདུང་རྒྱུད་ཀྱིས་རེབ་གོང་ཕྱོགས་སུ་གཞི་བཟུང་བའི་ཡིག་ཚང་།

དེ་ཡང་རླངས་ལྷ་གཟིགས་ཀྱི་ལུང་བསྟན་ལས།བདག་གི་མི་རབས་མང་པོ་སོང་བའི་དུས། །འཆི་མེད་བླ་མ་རྒྱལ་མཚན་མིང་ཅན་འབྱུང་། །ཞེས་པ་ནས།ཤར་ལྷོའི་རི་ན་མཁའ་འགྲོའི་ཚོགས་ར་ཡོད། །རབ་བྱུང་ཤར་ནས་དང་པོའི་ས་གླང་ལོར༼ཕྱི་ལོ1049༽། །བརྒྱལ་བུ་རླངས་ཀྱི་གདུང་བརྒྱུད་དེ་རུ་གནས། །མི་བརྒྱུད་ཆུ་བོ་ལས་ཀྱང་རིང་བར་འོང་། །[]ཞེས་གསུངས་ཏེ་ལྷ་གཟིགས་རླངས་ཀྱི་གདུང་རྒྱུད་རེབ་གོང་རོང་བོ་དང་། སྒོས་སུ་དེའི་ཤར་ལྷོའི་རི་ན་མཁའ་འགྲོའི་ཚོགས་ར་ཡོད་སར་རབ་བྱུང་ཤར་ནས་དང་པོའི་ས་གླང་ལོར༼ཕྱི་ལོ1049༽བརྒྱལ་བུ་རླངས་ཀྱི་གདུང་བརྒྱུད་གནས་དེར་འཕེལ་བའི་ལུང་བསྟན་ཉི་མ་བཞིན་གསལ་བ་ལ། ད་ལྟའི་བར་མི་ལོ972སོང་བ་ཤེས་ཐུབ།

ཡང་རླངས་ལྷ་གཟིགས་དཔལ་གྱི་སེངྒེའི་ལུང་བསྟན་ལས།ང་ཡི་མི་རབས་མང་པོ་སོང་བའི་རྗེས། །བྱང་ཕྱོགས་རྨ་ལུང་ཆུ་བོའི་ནང་ལུང་དུ། །ཞེས་པ་ནས།དུས་ཀྱི་འཁོར་ལོའི་རབ་བྱུང་ཚུགས་པའི་མགོར། །གླང་གི་ལོ་ལ་༼ཕྱི་ལོ1049༽གཞི་བཟུང་མི་རྒྱུད་འབྱུང་། །ཆུ་སྐྱེས་ཐང་དུ་མཁའ་འགྲོའི་ངོས་གྲུབ་འབྱུང་། །རྒྱལ་མཚན་དང་ནི་བརྩོན་འགྲུས་བླ་མ་གསུམ། །དེ་གསུམ་དུས་ནས་བླ་དཔོན་རྒྱུན་མི་ཆད། །[11]ཅེས་རླངས་ཀྱི་གདུང་རྒྱུད་ཀྱིས་བྱང་ཕྱོགས་རྨ་ལུང་ཆུ་བོའི་ནང་ལུང་འདི་ནས་གཞི་འཛིན་པར་ལུང་དུ་བསྟན་པ་མ་ཟད། གནས་ཚུལ་དངོས་ཀྱི་དབང་དུ་བྱས་ནའང་། ཡོངས་སུ་གྲགས་པ་གྲུབ་པའི་གནས་ཆེན་བརྒྱད་དང་། སྒོས་སུ་ཆུ་སྐྱེས་ཐང་མཁའ་འགྲོའི་ངོས་གྲུབ་འབྱུང་བའི་ཁྲོམ་ར་རུ་དུས་ཀྱི་འཁོར་ལོའི་རབ་བྱུང་ཚུགས་པའི་འགོ་གླང་གི་ལོ་༼ཕྱི་ལོ1049༽ལ་གཞི་བཟུང་། བརྒྱལ་བུ་རླངས་ཚང་ཉི་མ་དྲག་འཛིན་གྱི་སྲས་རླངས་འཆི་མེད་བླ་མ་རྒྱལ་མཚན་སོགས་དངོས་སུ་བྱོན་མྱོང་བ་དང་འཕྲིན་ལས་ཀྱང་ནམ་མཁར་མི་ཤོང་བ་ཞིག་རྒྱས་མྱོང་བའི་རྒྱུས་ཉི་མ་བཞིན་གསལ་ལོ།།

ཁྱད་པར་དུ་《ལྷ་རིགས་རླངས་ཀྱི་རྣམ་ཐར་ཆིག་རྒྱུད།》ལས། རླངས་ཀྱི་གྲུབ་ཐོབ་ཆེན་པོ་བྱང་ཆུབ་འདྲེ་འཁོལ་དེས། བཙུན་མོ་དཀར་ལྡན་མ་ཁབ་ཏུ་བཞེས་པའི་སྲས། གཉན་ཐོག་ཨ་ཀྲོང་། དེའི་སྲས་ཉ་མགོ་ཁྲི། དེའི་སྲས་རླངས་སྟོན་བྱ་ཞུ་ནག་པོ། དེའི་སྲས་ཨ་སང་། དེའི་སྲས་ཨ་གསེར། དེའི་སྲས་ཡོན་ཆེན་རྒྱལ་བ་སྐྱབས།[12]ཞེས་པའི་ཁུངས་ཐུབ་ཀྱི་ལུང་འདི་རིགས་ལ་བལྟ་རྒྱ་དང་ཐོས་རྒྱ་ཡངས་པ་དག་གིས་དཔྱད་ན་ད་ལྟའི་རེབ་གོང་རྒྱལ་བོ་འདི་རླངས་ལྷ་གཟིགས་ཀྱི་གདུང་རྒྱུད་དངོས་ཡིན་པ་གསེད་བཀྲོལ་ཐུབ་པས།《མདོ་སྨད་ལོ་རྒྱུས་ཆེན་མོ》རྩོམ་པ་བོ་ཁོང་གི་དོགས་པ་དེ་ཡང་རང་སོར་ཞི་བར་འགྱུར་ངེས་སུ་དཔྱད་རྩོམ་སྔ་མ་དག་ལ་གཟིགས་ན་གསལ།

སྒོས་སུ་གོང་དུ་ཞུས་པ་ནང་བཞིན་རང་ས་རང་ཡུལ་ནས་སྐྱེས་པའི་བླ་མ་རིག་འཛིན་པའི་རང་རྣམ་ལས།རྒྱལ་བོ་ནི་རྒྱལ་ཕྲན་བཅུ་གཉིས་ཀྱི་ནང་ཚན་དང་། རླངས་ཚང་ནི་རུས་མིང་སྟེ། རླངས་ཨ་སེང་གི་སྲས་ཨ་སིན་དེ་ལ་སྲས་སྐྱབས་བདུན་བྱུང་ཞེས་གསུངས་པ་སོགས་མ་མཐོང་བ་ག་ལ་ཡིན་ཡང་།《མདོ་སྨད་ལོ་རྒྱུས་ཆེན་མོ》རྩོམ་པ་བོ་མཁས་པའི་དབང་བོ་ཁྱེད་ཀྱིས།འདྲེ་ཤར་སྒོའི་ཕྱོགས་སུ་གནས་པ་ལ།།གླུད་ནུབ་སྒོར་གཏོང་བ་དོན་རེ་ཆུང་།།[13]གསུངས་པ་ལྟར་གྱི་མཛད་པ་མི་གནང་གལ།

གསུམ་པ།  ལོ་ངོ་སྟོང་ཕྲག་གཅིག་ལྷག་གི་ལོ་རྒྱུས་ཡོད་པའི་གནའ་བོའི་རྟེན་རྙིང་ཨ་ཡིག་ཅིག་གི་ཡིག་ཚང་།

རླངས་ཨ་མྱི་བྱང་ཆུབ་འདྲེ་བཀོལ་ནི།༼ཕྱི་ལོ968--1076༽རླངས་ཀྱི་གྲུབ་ཆེན་བགྲང་དུས་ལྷ་གཟིགས་བྱང་ཆུབ་རྡོ་རྗེ་ཞུ་བ་དང་།རྟེན་རྙིང་ཨ་ཡིག་འདི་དེ་དུས་ནས་བརྒྱུད་པའི་ངག་རྒྱུན་མ་ཉམས་པར་ཡོད་ཅིང་།ཨ་མྱི་བྱང་ཆུབ་འདྲེ་བཀོལ་ནས་ད་ལྟའི་བར་ལོ་ངོ་1054སོང་།རིག་འཛིན་པའི་རང་རྣམ་དུ།རླངས་ཨ་སེང་གི་སྲས་ཨ་སིན་དེ་ལ་སྲས་སྐྱབས་བདུན་[14]ཞེས་འབྱུང་བ་ལྟར་རླངས་ཀྱི་རྒྱུད་འདིར་ཨ་ཡིག་གིས་བརྒྱན་པའི་མཚན་མང་དུ་བྱོན་པའི་རྒྱུ་མཚན་དེར་བཅོལ་དགོས་འདུག དཔེར་ན།ཨ་མྱི་བྱང་ཆུབ་འདྲེ་བཀོལ།ཨ་ཀྲོང་།ཨ་སེང་།ཨ་སིན།ཨ་སྐྱབས་རྡོ་རྗེ་སོགས་མི་བརྒྱུད་གཅིག་ལ་ཨའི་མཚན་གྱིས་བྱོན་པའི་རྒྱུ་མཚན་ཡང་ཨ་ཡིག་རང་བྱོན་འདི་ལ་ཐུག་ཡོད་དོ།།སྒོས་སུ་སྔོན་གྱི་ཡིག་ཚང་རྣམས་སུ།ཨ་ཡིག་རང་བྱོན་ཡོད་པའི་ས་ནས་སྐྱེས་པས་རྒྱལ་བོ་ཨ་སྐྱབས་བུ་བཞིར་གྲགས།[15]ཞེས་པའི་ཡིག་ཚང་འདི་མདོ་སྨད་ཀྱི་ལོ་རྒྱུས་སྤྱི་དང་།སྒོས་སུ་རེབ་གོང་གི་ལོ་རྒྱུས་ཀུན་ན་ཁ་ལ་མ་ཎི་བྱང་བ་ལྟར་འདྲེན་པའི་ཡིག་ཚང་ཞིག་ཡིན་ལ།དོན་གྱིས་རྟེན་རྙིང་ཨ་ཡིག་འདི་མི་རབས་ནས་མི་རབས་མང་པོ་བརྒྱུད་ནས་ཨ་མྱི་བྱང་ཆུབ་འདྲེ་འཁོལ་གྱི་མི་རབས་ཕྱི་མ་བརྒྱལ་བུ་རླངས་ཚང་ཆུ་སྐྱེས་དཔོན་ཚང་དུ་སྐུ་འཁྲུངས་པའི་གྲུབ་ཐོབ་ཀུན་སྐྱབས་མགོན་དང་ཀླུ་སྒྲུབ་མཚོ་སྐྱེས་སྤུན་གཉིས་གཅོས་ས་དེའི་དད་ལྡན་མང་ཚོགས་ཀྱིས་སྤྱི་ལོ1270ཙམ་ལ་བཞེངས་པའི་ཆུ་སྐྱེས་མཁའ་འགྲོའི་ཕོ་བྲང་ཞེས་པར་བཞུགས་ཤིང་།ཕྱི་ལོ1726ཙམ་ལ་སླར་ཡང་ཞིག་གསོ་མཛད་དེ་དགོན་མིང་ལ་རིག་འཛིན་རབ་འཕེལ་གླིང་ཞེས་མཚན་སྒྱུར་ནས་སྔར་བཞིན་ནང་རྟེན་དུ་བཞུགས། རིག་གསར་སྐབས་འདུ་ཁང་གི་ཤར་ཕྱོགས་གྱང་ངོས་སུ་འདམ་སྦྱར་གྱིས་སྦས། ཕྱི་ལོ2015ལོར་ཞིག་གསོ་མཛད་དུས་ཕྱིར་བཏོན་ནས་ནང་རྟེན་དུ་བཀུར།རིག་འཛིན་དཔལ་ལྡན་བཀྲ་ཤིས་ཀྱིས།ཆུ་སྐྱེས་ཐང་འདི་པདྨ་ཁ་ཕྱེས་འདྲ།།དཔོན་སྐོར་རི་འདི་པདྨའི་ཟེའུ་འབྲུ་འདྲ།།ཟེའུ་འབྲུའི་སྟེང་ནས་གཙུག་ལག་ཁང་ཆེན་བཞེངས།།གསང་སྔགས་བསྟན་པ་རྒྱས་པའི་རྟེན་འབྲེལ་ཡིན།།[16]ཞེས་བསྔགས་པའི་གཙུག་ལག་ཁང་དེར་བཞུགས་ཤིང་།ད་ལྟའི་བར་འབྲེལ་ཡོད་ལས་ཁུངས་དང་ཞིབ་འཇུག་པ་གང་གིས་ཀྱང་དོ་སྣང་མ་ཐོབ་པར་ལུང་བ་ཁ་བྱང་ལྟ་ཞིག་ཏུ་ལུས་འདུག་གོ།

མཇུག་བསྡུའི་གཏམ།

རིག་འཛིན་པའི་རང་རྣམ་དུ།“ཡབ་མེས་ཚེ་རིང་བཟང་པོའི་བརྒྱུད་པ་ལ།།སྔོན་དུས་བྱུང་བའི་བླ་མ་དཔོན་བརྒྱུད་བཅས།།གསེར་ལ་གཡུ་ཡི་ཕྲ་བཏབ་ཇི་བཞིན་དུ།།འཇིག་རྟེན་མི་ཆོས་ངོས་ནས་བཙུན་པ་དང་།།དམ་པའི་ལྷ་ཆོས་ནུས་མཐུའི་སྙན་པ་ནི།།དེང་སང་བར་དུ་མ་ཉམས་ཕྱོགས་བཅུར་རྒྱས།།”[17]ཞེས་བསྔགས་པའི་ཡུལ་དེར་བཞུགས་པའི་རྟེན་རྙིང་ཨ་ཡིག་འདི་ནི་རེབ་གོང་ཡུལ་གྱི་གསང་སྔགས་རྙིང་མའི་གདན་ས་ཆེས་ཐོག་མ“རིག་འཛིན་རབ་འཕེལ་གླིང”དུ་བཞུགསཤིང་།ད་ལྟའི་བར་མི་ལོ1054སོང་།གནའ་བོའི་རྟེན་རྙིང་འདི་རིགས་ལའབྲེལ་ཡོད་ལས་ཁུངས་དང་རིག་གཞུང་ཞིབ་འཇུག་པའི་སྡེ་ནས་དོ་སྣང་རེ་ཐོབ་རྒྱུའི་རེ་བ་སྙིང་ནས་ཞུའོ།།



[] 讲话来源:《中国青年报(数字报)》http://news.cyol.com/gb/articles/2022-03/23/content_m24gYSVLJ.html,地点:陕西省晋中市,时间:2022127

[②] མཆན།《མདོ་སྨད་ལོ་རྒྱུས་ཆེན་མོ།》M]ཕྱི་ལོ2008ལོ།ཤོག་ངོས66ན་གསལ།་བློ་བཟང་མཁྱེན་རབ།《ཆོས་འབྱུང་ས་ཡི་ལྷ་མོ།》རྡི་ལི།[M]2005ལོ།ཤོག་ངོས27ན་གསལ།བླ་མ་ཚེ་རིང་།《འདོད་འབྱུང་གཏེར་གྱི་བུམ་བཟང》[M]ཞང་ཀང་གྱི་ལིང་དཔེ་སྐྲུན་ཁང་།ཤོག་ངོས་81ན་གསལ།

[③] རིག་འཛིན་དཔལ་ལྡན་བཀྲ་ཤིས། 《རང་རྣམ་རིན་པོ་ཆེ་སྐལ་ལྡན་མགུལ་རྒྱན》རེབ་གོང་སྔགས་མང་གི་ལོ་རྒྱུས་ཕྱོགས་བསྒྲིགས། [M]པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ལོ། ཤོག་ངོས༦༧༤

[④] མཆན།སྲས་སྐྱབས་བདུན་ནི།ཡོན་ཆེན་རྒྱལ་བ་སྐྱབས།གཟུངས་སྐྱབས།བླ་མ་སྐྱབས།ཀུན་དགའ་སྐྱབས།ཆོས་སྐྱབས།དབང་ཕྱུག་སྐྱབས།དཔལ་སྐྱབས་དང་བདུན་ནོ།།

[⑤]  ཧཱུཾ་ཆེན་སོགས་ཀྱིས་བསྒྲིགས། 《རེབ་གོང་སྔགས་མང་གི་ལོ་རྒྱུས་ཕྱོགས་བསྒྲིགས།》༢༠༠༤ལོ། [G] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་༦༧༥

[⑥] ཏྰ་སི་ཏུ་བྱང་ཆུབ་རྒྱལ་མཚན་སོགས།《རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ》ལྷ་རིགས་རླངས་ཀྱི་རྣམ་ཐར་ཆིག་རྒྱུད། ༢༠༡༣ལོ།  [M]ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས་༡༠༨

[⑦] ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུ།《བོད་རྗེ་ལྷ་བཙན་པོའི་གདུང་རབས་ཚིག་ཉུང་དོན་གསལ》༢༠༠༦ལོ།  [M]པེ་ཅིན། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས་༥༢

[⑧] ཏྰ་སི་ཏུ་བྱང་ཆུབ་རྒྱལ་མཚན་སོགས། གངས་ཅན་རིག་མཛོད།དེབ་དང་པོ།《རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ།》ཆེ་དགེ་ཡིག་ཚང་དང་། མི་རྒྱུད་གྲོལ་ཐབས་སྐབས། ༢༠༡༣ལོ། [M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས་༤༨

[⑨] ཏྰ་སི་ཏུ་བྱང་ཆུབ་རྒྱལ་མཚན་སོགས། གངས་ཅན་རིག་མཛོད།དེབ་དང་པོ།《རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ》ཆེ་དགེ་ཡིག་ཚང་དང་། མི་རྒྱུད་གྲོལ་ཐབས་སྐབས། ༢༠༡༣ལོ། [M]ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས་༧༣

[⑩] རྒྱ་བཟའི་དགེ་བཤེས་འཇམ་དབྱངས་བསོད་ནམས་གྲགས་པ། 《རེབ་གོང་རུས་མཛོད་ལྟ་བ་མཁའ་ཁྱབ་ཕྱོགས་བྲལ།》ཤོག་ངོས441ན་གསལ། 2010ལོ། པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། 

[11] རྒྱ་བཟའི་དགེ་བཤེས་འཇམ་དབྱངས་བསོད་ནམས་གྲགས་པ། 《རེབ་གོང་རུས་མཛོད་ལྟ་བ་མཁའ་ཁྱབ་ཕྱོགས་བྲལ།》ཤོག་ངོས441ན་གསལ། 2010ལོ། པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། 

[12] གྲགས་པ་རྒྱལ་མཚན་དཔལ་བཟང་བོས་སྣེ་གདོང་རྩེའི་གཙུག་ལག་ཁང་དུ་བཀོད།《ལྷ་རིགས་རླངས་ཀྱི་རྣམ་ཐར་ཆིག་རྒྱུད》ཤོག་ངོས108ན་གསལ། 2013ལོ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།

[13] རྗེ་དགེ་འདུན་འགྲུབ། 《རྗེ་ཙོང་ཁ་བ་ཆེན་པོའི་བསྟོད་པ་ཤར་གངས་རི་མ》དགེ་ལུགས་པའི་ཞལ་འདོན་ཕྱོགས་བསྒྲིགས། [M]ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༩༧ལོ།  ཤོག་ངོས༡༩༦ ན་གསལ།

[14] མཆན།སྲས་སྐྱབས་བདུན་ནི།ཡོན་ཆེན་རྒྱལ་བ་སྐྱབས།གཟུངས་སྐྱབས།བླ་མ་སྐྱབས།ཀུན་དགའ་སྐྱབས།ཆོས་སྐྱབས།དབང་ཕྱུག་སྐྱབས།དཔལ་སྐྱབས་དང་བདུན་ནོ།།

[15] མཆན།ཧོར་གཙང་འཇིགས་མེད།《མདོ་སྨད་ལོ་རྒྱུས་ཆེན་མོ།》ལས་སྡེ་ཚོའི་སྐོར་གྱི་གླེགས་བུམ་གསུམ་པ།[M]ཕྱི་ལོ2008ལོ།ཤོག་ངོས66ན་གསལ། །ཨ་ཁུ་རི་ཁྲོད་པ་བློ་བཟང་མཁྱེན་རབ།《མདོ་སྨད་རེ་སྐོང་རིག་པ་འབྱུང་བའི་གྲོང་ཁྱེར་ལེ་ལག་དང་བཅས་པའི་ལུགས་གཉིས་གཏམ་གྱི་བང་མཛོད་ལས་བསྡུས་པའི་ཆོས་འབྱུང་ས་ཡི་ལྷ་མོ།》རྡི་ལི།[M]2005ལོ།ཤོག་ངོས27ན་གསལ།གླིང་རྒྱ་བ་བླ་མ་ཚེ་རིང་།《རེབ་གོང་གསེར་མོ་ལྗོངས་ཀྱི་ཆོས་སྲིད་ཀྱི་བྱུང་བ་བརྗོད་པ་འདོད་འབྱུང་གཏེར་གྱི་བུམ་བཟང》[M]ཞང་ཀང་གྱི་ལིང་དཔེ་སྐྲུན་ཁང་།ཤོག་ངོས་81ན་གསལ།

[16] མཆན། ཆུ་སྐྱེས་མཁའ་འགྲོ་འདུ་རའི་རྣལ་འབྱོར་བ་སྔགས་འཆང་ཆེན་པོ་པདྨ་དབང་ཆེན་གྱི་ཐུགས་ན་ཡོད་པ་ཇི་བཞིན་ཆུ་སྐྱེས་སྔགས་ཕྲུག་རིན་ཆེན་བཀྲ་ཤིས་ཀྱིས་ཡི་གེར་བྲིས་པ་བཞིན་བཀོད།

[17] རིག་འཛིན་དཔལ་ལྡན་བཀྲ་ཤིས། 《རང་རྣམ་རིན་པོ་ཆེ་སྐལ་ལྡན་མགུལ་རྒྱན》རེབ་གོང་སྔགས་མང་གི་ལོ་རྒྱུས་ཕྱོགས་བསྒྲིགས། [M]པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ལོ། ཤོག་ངོས༧ན་གསལ།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།