༄༅། ། བཀའ་བརྒྱད་ལྷ་ཚོགས་རྣམས་ཀྱི་བྱིན་རླབས་དང་།།
ཡི་དམ་ཞི་ཁྲོའི་ཚོགས་ཀྱིས་རྗེས་འཛིན་ཕྱིར།།
སྒྲུབ་ཆེན་བཀའ་ཡི་བྱུང་བ་མདོར་ཙམ་ཞིག།
རྣལ་འབྱོར་བློ་རྟེན་ཙམ་ཞིག་བྲི་ལ་འབད།།
ཅེས་མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས་དུས་གསུམ་གྱི་ཡི་དམ་ཞི་ཁྲོ་རབ་འབྱམས་མ་ལུས་པ་གཅིག་ཏུ་འདུས་པ། ལས་དང་ཡེ་ཤེས་ཀྱི་དངོས་གྲུབ་སྒྲུབ་པ་ལ་ཐབས་ཚུལ་མན་ངག་མཐའ་དག་གི་ཟབ་པ་མཐར་ཐུག་པ། བྱིན་རླབས་ཕྲིན་ལས་ཀྱི་ཚན་ཁ་ལྷག་པར་ཆེ་བ་དཔལ་མ་ཧཱ་ཡོ་གའི་སྒྲུབ་སྡེ་ཟབ་མོ་བཀའ་བརྒྱད་དུ་གྲགས་པའི་ལོ་རྒྱུས་མདོ་ཙམ་ཞུ་བ་ལ།
ཇི་སྐད་དུ། རྣ་རྒྱུད་ལུང་གི་ཕྲེང་བ་ལས།
རྒྱལ་བ་རྣམས་ནི་འཇིག་རྟེན་བྱོན་པའི་ཚེ།།
དེ་ཡིས་གསུངས་པའི་ལུང་ཆེན་རྣམས་ལ་ནི།།
ཕྱི་རོལ་རྒོལ་བ་ངན་པ་འབྱུང་སྲིད་པས།།
དང་པོར་སྲིད་པ་ཆོས་ཀྱི་ལོ་རྒྱུས་སྨྲོས།། ཞེས་དང་།
གཞན་ཡང་།
ལོ་རྒྱུས་དོན་གྱིས་མ་བཤད་ན།།
གསང་ཆེན་ངེས་པའི་བཀའ་འདི་ལ།།
ཡིད་མི་ཆས་པའི་སྐྱོན་དུ་འགྱུར།།
བརྒྱུད་པའི་ལོ་རྒྱུས་བཤད་པར་བྱ།། ཞེས་གསུངས་པ་ལྟར། སྙིགས་མ་ལྔ་བདོ་བའི་དུས་འདིར།བཅོམ་ལྡན་འདས་སྟོན་པ་ཤཱཀྱ་ཐུབ་པ་ཐུགས་རྗེ་ཅན་བྱོན་ཚུལ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱི་མཆོད་རྟེན་བརྒྱད་ཀྱི་བསྟོད་པར།དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཤིང་།།བར་དུ་གཅོད་པའི་བདུད་བཞི་འཇོམས་མཛད་པ།།བཅོམ་ལྡན་སེངྒེ་དེ་ལ་ཕྱག་འཚལ་ལོ།།ཞེས་གསུངས་པ་ལྟར།[②]“འོ་སྐོལ་སྟོན་པ་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་འདིས།ཐུགས་དང་པོ་བྱང་ཆུབ་མཆོག་ཏུ་སེམས་རིན་པོ་ཆེ་ཡངས་ཤིང་རྒྱ་ཆེ་བ་མི་དོག་ཅིང་ཕྱོགས་ཆ་མེད་པ་ཉེ་བར་བསྐྱེད་པའམ།བར་དུ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་བཟང་ངན་དང་བླང་དོར་མེད་པ་མཉམ་པ་ཉིད་ནམ་མཁའ་ལྟ་བུར་དག་ཅིང་དབྱེར་མེད་པའི་ངང་དུ་རྟོགས་པས།སྒྲིབ་གཉིས་ཚུལ་བཞིན་དུ་སྦྱངས།ཚོགས་གཉིས་བསགས་པས་ལམ་ལྔ་རྫོགས་ནས།ཐ་མ་ཆོས་སྐུ་ནམ་མཁའ་ལྟ་བུ་རྣམ་པར་མི་རྟོག་པའི་བདག་ཉིད་ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ་ཁྱབ་པས།མི་རྟོག་བཞིན་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས།མཛད་པ་བཅུ་གཉིས་སུ་བསྟན་ནས་མངོན་པར་རྫོགས་པར་སངས་རྒྱས་”པའི་ཚུལ་བསྟན་ནས། ཆོས་འཁོར་བསྐོར་ཚུལ་ནི།[③]“ཡུལ་ཝ་རཱ་ན་སི་དྲང་སྲོང་ལྷུང་བའི་གནས་སུ་བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར་དང་། རྒྱལ་པོའི་ཁབ་དུ་བར་བ་མཚན་ཉིད་མེད་པའི་ཆོས་འཁོར་དང་།ཡུལ་པདྨ་ཅན་དུ་ཐ་མ་ངེས་པ་དོན་གྱི་ཆོས་འཁོར་གསུམ་བསྐོར་ཞིང་། གཞན་ཡང་རྒྱལ་བོའི་ཁབ་ཏུ་ལྷ་མིར་དགེ་བཅུའི་ཆོས་འཁོར།ཡུལ་མ་ག་དྷར་རང་རྒྱལ་ལ་རྟེན་འབྲེལ་བཅུ་གཉིས་ཀྱི་ཆོས་འཁོར་བསྐོར་བར་གསུང་པ་སོགས།གདུལ་བྱའི་ངོར་ཆོས་ཀྱི་རྣམ་གྲངས་ཡུལ་སོ་སོར་བསྟན་པ་ནི་ཚད་མེད་ཀྱང་། དོན་ནི་གོང་དུ་བཤད་མ་ཐག་པའི་ཆོས་འཁོར་རིམ་པ་གསུམ་གྱི་ཁོངས་སུ་འདུ་བ་ཉིད་དོ།།དེ་དག་ལས་མངོན་མཐོ་ངེས་ལེགས་ཀྱི་ལམ་བསྟན་པ་ལྷ་མིའི་ཐེག་པ་དང་ཉན་རང་གི་ཐེག་པ་རྣམས་ལ་ཐེག་པ་ཐུན་མོང་བ་ཞེས་དང་།ཐེག་པ་ཆེན་པོ་ལ་ནི་ཁྱེད་པར་བའི་ཐེག་པ་ཞེས་བྱ་ཞིང་།དེ་ལའང་རྒྱུ་དང་འབྲས་བུའི་ཐེག་པ་གཉིས་སུ་ཡོད་དེ།གང་ཞེ་ན་དབུ་མ་དང་སེམས་ཙམ་གྱི་དགོངས་པ་རྣམ་པར་བཞག་པའི་གཞུང་གི་བཀའ་ཐམས་ཅད་ནི་རྒྱུ་ཕ་རོལ་དུ་ཕྱིན་པའི་ཐེག་པ་ཡིན་ལ།སྔགས་ཕྱི་ནང་གི་གཞུང་དུ་གྱུར་པའི་བཀའ་ཐམས་ཅད་ལ་ནི་འབྲས་བུ་གསང་སྔགས་ཀྱི་ཐེག་པ་ཞེས་བྱའོ།།ཐེག་པ་ཆེན་པོ་པ་འདི་དག་མཐར་འབྲས་སངས་རྒྱས་ཐོབ་པར་འདྲ་ཡང་རིང་ལམ་དང་ཉེ་ལམ་གྱི་ཁྱད་པར་ལས་རྒྱུ་འབྲས་ཀྱི་ཐེག་པ་ཞེས་བྱའོ།།”
དང་པོ། འཇིག་རྟེན་མིའི་ཡུལ་འདིར་དར་ཚུལ།
[④] “དེ་ལྟར་ཆོས་སྣ་ཚོགས་གསུང་པ་དེ་དག་ཀྱང་འཛམ་གླིང་གི་མི་དང་ཉན་ཐོས་རང་རྒྱུད་བྱང་སེམས་ཀྱི་རིགས་ཅན་རྣམས་ལ་ཤཱཀྱའི་རྒྱལ་བོ་སྐུ་དངོས་ཀྱིས་རྒྱུ་མཚན་ཉིད་ཀྱི་ཐེག་པ་རྣམས་འཕགས་པའི་ཡུལ་ལ་སོགས་པར་གསུངས་པ་དང་།
ལྷ་རྣམས་དང་རིགས་གསུམ་མགོན་པོ་སོགས་སེམས་དཔའ་ཆེན་པོ་རྣམས་ལ་ཀུན་རིག་རྣམ་པར་སྣང་མཛད་དུ་སྤྲུལ་ནས་ཕྱི་རྒྱུད་སྡེ་གསུམ་གསུངས་པ་དང་། རིགས་ལྔ་སྲས་དང་བཅས་པ་རྣམས་ལ་དཔལ་ཀུན་ཏུ་བཟང་བོར་སྤྲུལ་ནས་ནང་རྒྱུད་སྡེ་གསུམ་གསུང་པ་དེ་དག་ཀྱང་གདུལ་བྱའི་བློའི་རིམ་པ་དང་མཐུན་པར་གནས་ཀྱང་ཐུན་མོང་གི་གནས་དྷ་ན་ཀོ་ཤབསིལ་བའི་ཚལ།རྒྱལ་པོའི་ཁབ།རི་བོ་མེ་རི་འབར་བ་སོགས་དང་།ཁྱད་པར་གྱི་གནས་འོག་མིན་དང་།ཡུམ་གྱི་མཁའ། ཆོས་ཀྱི་དབྱིངས་ལ་སོོོགས་པར་ཐུན་མོང་དང་ཁྱད་པར་གྱི་སྟོན་པར་སྣང་བས་འཁོར་གྱི་གདུལ་བྱ་ཕལ་པ་དང་ཁྱད་པར་ཅན་རྣམས་ལ་རྒྱུ་དང་འབྲས་བུའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཉིད་དུ་སྣང་བར་ཟད་དེ། དོན་དུ་སྟོན་པ་གཅིག་ཉིད་ཡེ་ཤེས་ཀྱི་སྐུ་གདུལ་བྱའི་བསམ་པ་དང་མཐུན་པ་སྣ་ཚོགས་སུ་སྤྲུལ་པའི་རོལ་པ་སྣ་ཚོགས་ཀྱིས་ཆོས་སྣ་ཚོགས་བསྟན་པ་དེ་དག་རྒྱས་པར་བཀའ་སྩལ་པ་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་། འབྲིང་དུ་བཀའ་སྩལ་བ་གསུང་རབ་ཡན་ལག་བཅུ་གཉིས། བསྡུས་ཏེ་བཀའ་སྩལ་བ་ཐེག་པ་རིམ་པ་དགུ་ཞེས་གྲགས་ཤིང་།གཞན་ཡང་ཡོ་ག་ཕྱི་ནང་གསང་བ་ལ་སོགས་པའི་རྣམ་པར་བཞག་པ་བསམ་གྱིས་མི་ཁྱབ་པ་ཡོད་མོད་ཀྱི།དོན་དུ་རྒྱུ་དང་འབྲས་བུའི་ཐེག་པ་གཉིས་སུ་འདུའོ།།
བཀའ་དེ་ལ་ཡང་གསུངས་ཚུལ་གྱི་ཕྱེ་ན། ཞལ་ནས་གསུངས་པའི་བཀའ། བྱིན་གྱིས་བརླབ་པའི་བཀའ། རྗེས་སུ་གནང་བའི་བཀའ་གསུམ་དུ་ཡོད། དེ་ལྟ་བུའི་རྒྱུ་དང་འབྲས་བུའི་ཐེག་པའི་བཀའ་དེ་དག་དེ་དུས་ཀྱི་འཁོར་དུ་འདུས་པ་སོ་སོའི་སྡུད་པ་པོ་རྣམས་ཀྱིས་མི་བརྗེད་པའི་གཟུངས་སུ་བཟུང་སྟེ་ཡི་གེར་བཏབ་ནས་འཇིག་རྟེན་གྱི་ཁམས་འདིར་དར་ཞིང་རྒྱས་པ་ཡིན་ཏེ། རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཐུན་མོངས་པ་རྣམས་གནས་བསྟན་འོད་སྲུང་ལ་སོགས་པས་བཀའ་བསྡུས་ཤིང་བརྟད་རབས་བདུན་ལས་མི་ནས་མིར་བརྒྱུད་དེ་དར།
ཐེག་པ་ཆེན་པོ་ཁ་ཅིག་འཇམ་དཔལ་ལ་སོགས་པས་བསྡུས་ནས་བྱང་སེམས་ཕལ་མོ་ཆེ་ལས་བརྒྱུད་དེ་མིའི་འཇིག་རྟེན་དུ་དར་བར་མཛད་དོ།།”
གཞན་ཡང་[⑤]“འཇམ་པའི་དབྱངས་ཀྱིས་ལྷའི་གནས་དང་། སྤྱན་རས་གཟིགས་ཀྱིས་ཀླུའི་གནས་དང་།ཕྱག་ན་རྡོ་རྗེས་གནོད་སྦྱིན་གྱི་གནས་སུ་སྣང་བར་མཛད། འཛམ་བུའི་གླིང་འདིར་ནི་ཀྲི་ཡ་རྣམས་ཝ་ར་ན་སི་དང་།ཡོ་ག་རྣམས་རི་མ་ལ་ཡ་མེ་རི་འབར་བ་དང་། མ་ཧཱ་དང་ཨ་ནུ་རྒྱལ་བོ་ཛ་ཉིད་ཀྱི་གནས་དང་།ཨ་ཏི་ཡོ་ག་དྷ་ན་ཀོ་ཤའི་གླིང་དུ་བཤད་ཅིང་སྒྲུབ་པར་བྱས་ཏེ་དེ་ལས་ཡུལ་ཀུན་ཏུ་རྒྱ་ཆེར་འཕེལ་བའོ།།”དེ་དག་ནི་བཀའ་ཇི་ལྟར་བྱུང་བའི་ལོ་རྒྱུས་སོ།།
ད་ནི་བསྟན་བཅོས་ཇི་ལྟར་བྱུང་བའི་ཚུལ་ནི། [⑥]“སྟོན་པ་མྱ་ངན་ལས་འདས་པའི་ཚུལ་བསྟན་ནས་ལོ་བརྒྱ་ཕྲག་ལྷག་ཙམ་ན།ཡུལ་ཡངས་པ་ཅན་དུ་ཉན་ཐོས་སྡེ་པ་ཐ་དད་པའི་དགྲ་བཅོམ་པ་ལྔ་བརྒྱ་འདུས་ནས་བསྟན་བཅོས་བྱེ་བྲག་བཤད་མཛོད་ཆེན་པོ་བམ་པོ་སུམ་བརྒྱ་པ་མཛད་པ་བསྟན་བཅོས་ཀྱི་ཐོག་མ་ཡིན། དེ་ནས་བཟུང་སྟེ་ཟབ་པ་དང་རྒྱ་ཆེ་བའི་བཀའ་ཡི་དགོངས་དོན་འགྲེལ་བའི་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོག་མེད་རྣམ་པ་གཉིས་ལ་སོགས་པ་འཛམ་གླིང་རྒྱན་མཆོག་སློབ་མ་དང་བཅས་པའི་ཚོགས་ཀྱིས་བརྩམས་པའི་བསྟན་བཅོས་དང་།སྔགས་ཀྱི་ལུགས་ལ་བྱང་ཆུབ་སེམས་དཔའི་འགྲེལ་བའི་སྐོར་དང་།གྲུབ་པ་སྡེ་བདུན་དུ་གྲགས་པ་ལ་སོགས་པས་མཚོན་ཏེ་གྲུབ་ཆེན་རིག་འཛིན་རྣམས་ཀྱིས་མཛད་པའི་བསྟན་བཅོས་དུ་མ་བྱུང་བའོ།།”
དེ་དག་གིས་བཀའ་དང་བསྟན་བཅོས་སྤྱིའི་བྱུང་ཚུལ་མདོར་བསྡུས་སུ་བརྗོད་ནས།ད་ནི་སྐབས་སུ་བབ་པའི་ཁྱད་པར་གྱི་རྒྱུད་ཟབ་མོ་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་ཆོས་བཀའ་རིན་པོ་ཆེ་འདི་ཇི་ལྟར་བྱུང་བ་མདོ་ཙམ་བརྗོད་ན།
[⑦]“ཆོས་ཟབ་མོ་འདི་ནི་གནས་འོག་མིན་གསང་བ་མཆོག་གི་དཀྱིལ་འཁོར་ཆོས་འབྱུང་དབྱིངས་ཀྱི་ཞིང་མེ་རུ་འབར་བ་རུ།
དཔལ་ཐོག་མའི་མགོན་པོ་སངས་རྒྱས་ཀུན་ཏུ་བཟང་པོ་རང་རིག་གདོད་མའི་དབྱིངས་སུ་སངས་རྒྱས་ཐམས་ཅད་ཀྱི་བྱེད་པ་པོར་སངས་རྒྱས་ནས། སྤྲུལ་པའི་རོལ་པ་བསམ་གྱིས་མི་ཁྱབ་པས་ཞིང་དང་དུས་རིས་སུ་མ་ཆད་པར་མཉམ་པ་ཉིད་ཀྱི་བཀོད་པ་ཆེན་པོས་སེམས་ཅན་གྱི་ཁམས་མཐའ་ཡས་པའི་དོན་མཛད་པ་ལས།གདོད་མའི་སྟོན་པ་དཔལ་ཆེན་ཀུན་བཟང་རྡོ་རྗེ་སེམས་དཔའ་ཞི་བ་དང་། རང་བྱུང་ཆེ་མཆོག་ཧེ་རུ་ཀ་ཁྲོ་བོའི་དཀྱིལ་འཁོར་བཞེངས་ནས་ཡོངས་སུ་དག་པའི་འཁོར་རང་རིག་གི་ཚོམ་བུར་སྣང་བ་རྣམས་ལ་དུས་ཆོས་ཉིད་རྡོ་རྗེའི་རང་སྒྲས་རྡོ་རྗེ་ཐེག་པ་སྤྱི་དང་། བྱེ་བྲག་བདེ་གཤེགས་འདུས་པའི་སྤྱི་རྒྱུད་ལྔ།སྒོས་རྒྱུད་བཅུ། ཡན་ལག་སོ་སོའི་སྒྲུབ་ལུགས་དཔག་ཏུ་མེད་པ་སོགས་གསུངས་པའི་རྒྱུད་རྣམས་སྡུད་པ་པོ་གསང་བདག་རྡོ་རྗེ་ཆོས་ལ་སོགས་པས་བསྡུས་ཤིང་།རང་ཉིད་ཚོམ་བུ་དགུའི་དཀྱིལ་འཁོར་གྱི་འཁོར་ལོར་སྣང་བར་མཛད་ནས་ཐོག་མར་ངག་ཏུ་བསྡུས། དེ་ནས་རྫུ་འཕྲུལ་གྱི་ཡི་གེར་སྣང་བ་གླེགས་བམ་ལ་བཀོད་དེ་རིན་པོ་ཆེའི་སྒྲོམ་པུ་བརྒྱད་དང་གཙོ་བོ་ལས་དགུ་རུ་བཅུག་སྟེ་མཆོད་རྟེན་ཆེན་པོ་བདེ་བྱེད་བརྩེགས་པར་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་གཙོ་བོར་བྱས་པའི། མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅས་པ་ལ་གཉེར་དུ་གཏད་པར་མཛད་པ་དང་།ཕྱིས་དུར་ཁྲོད་རོ་གླིང་བསིལ་བའི་ཚལ་ཞེས་འཇིགས་སུ་རུང་བའི་གནས་སུ་སློབ་དཔོན་ཆེན་པོ་བརྒྱད་ཀྱིས་ཡ་མཚན་རྨད་དུ་བྱུང་བའི་སྒྲོམ་བུ་བརྒྱད་ལས་འོད་དང་འཇའ་ཚོན་དཀྲིགས་པ་སོགས་ལྟས་དང་།མཁའ་འགྲོ་དང་དྲེགས་པའི་ཚོགས་ཀྱིས་བསྐོར་བ་བྱེད་པ་གཟིགས་པ་དང་འདིར་འཇིག་རྟེན་ཕུང་འཚེངས་ནུས་པའི་གདམ་པ་ཟབ་མོ་འདུག་སྙམ་དུ་དགོངས་ནས་དགུང་བདུན་དགོངས་པ་མཛད་ཅིང་བཞུགས་པའི་ཚེ། སྨུག་ནག་དབང་གི་མཁའ་འགྲོ་མས་སྒྲུབ་སྡེ་བརྒྱད་ཀྱི་སྒྲོམ་བུ་རྣམས་ཕྱིར་ཕྱུང་ནས།ཆེ་མཆོག་གི་གསེར་སྒྲོམ་བི་མ་ལ་མི་ཏྲར་གཏད། ཡང་དག་གི་དངུལ་སྒྲོམ་སློབ་དཔོན་ཧཱུཾ་ཀ་ར།གཤིན་རྗེ་ལྕགས་སྒྲོམ་འཇམ་དཔལ་གཤེས་གཉེན། རྟ་མགྲིན་ཟངས་སྒྲོམ་ནཱ་ག་རྫུ་ན།ཕུར་བའི་གཡུ་སྒྲོམ་པྲ་བྷ་ཧ་སྟི།མ་མོ་བསེ་སྒྲོམ་དྷ་ན་སཾ་ཀྲྀ་ཏ།མཆོད་བསྟོད་ཀྱི་མཆོང་སྒྲོམ་རོམ་བུ་གུ་ཡ།དྲག་སྔགས་ཀྱི་གཟི་སྒྲོམ་ཤཱནྟིང་གརྦྷ་རྣམས་ལ་གཏད་ནས་བཀའ་བབས་ཤིང་། གནས་སོ་སོར་སྒྲུབ་པའི་ཚུལ་མཛད་པས་དཔལ་ཆེན་གཙོ་བོ་བརྒྱད་དང་མི་གཉིས་པའི་གོ་འཕང་བརྙེས། རྒྱལ་དབང་པདྨ་ཀ་རས་སློབ་དཔོན་དེ་དག་ལས་སྒྲུབ་ཐབས་བྱེ་བྲག་པའི་རྒྱུད་ལུང་མན་ངག་རྣམས་གསན་ནས་དུར་ཁྲོད་ཆེན་པོ་བརྒྱད་དུ་སྒྲུབ་པ་མཛད་ནས་”ཡི་དམ་ལྷའི་ཞལ་གཟིགས་བསྟན་པ་ནི། གཏེར་སྟོན་ཨོ་རྒྱན་གླིང་པའི་བཀའ་ཐང་བསྡུས་པ་ལས།[⑧]“སྒྲུབ་པ་བཀའ་བརྒྱད་དཀྱིལ་འཁོར་ཞལ་ཕྱེ་ནསཿ བཀའ་རེ་ལ་ནི་གྲུབ་ཆེན་རེ་རེ་ཐོབཿ འཇིགས་སུ་བའི་དུར་ཁྲོད་བརྒྱད་དུ་ནིཿ བསིལ་བའི་ཚལ་དུ་བདུད་རྩིའི་སྒྲུབ་པ་མཛདཿ བདུད་རྩི་ཡོན་ཏན་ལྷ་ཚོགས་ཞལ་གཟིགས་ཐོབཿ ཧཱུཾ་ཆེན་བྲག་ཏུ་ཡང་དག་སྒྲུབ་པ་མཛདཿ ཡང་དག་ཐུགས་ཀྱི་ལྷ་ཚོགས་ཞལ་གཟིགས་ཐོབཿ འཇིགས་བྱེད་ཚལ་དུ་གཤིན་རྗེའི་སྒྲུབ་པ་མཛདཿ འཇམ་དཔལ་སྐུ་ཡི་ལྷ་ཚོགས་ཞལ་གཟིག་ཐོབཿ པདྨ་བརྩེགས་སུ་རྟ་མཆོག་སྒྲུབ་པ་མཛདཿ པདྨ་གསུང་གི་ལྷ་ཚོགས་ཞལ་གཟིགས་ཐོབཿ རོལ་གླིང་ཚལ་དུ་ཕུར་བའི་སྒྲུབ་པ་མཛདཿ ཕུར་བ་འཕྲིན་ལས་ལྷ་ཚོགས་ཞལ་གཟིགས་ཐོབཿ ལྷུན་གྲུབ་བརྩེགས་པར་མ་མོའི་སྒྲུབ་པ་མཛདཿ མ་མོ་རྦོད་གཏོང་ལྷ་ཚོགས་ཞལ་གཟིགས་ཐོབཿ བདེ་ཆེན་བརྡལ་དུ་འཇིག་རྟེན་སྒྲུབ་པ་མཛདཿ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་ཞལ་གཟིགས་ཐོབཿ ལོ་ཀ་བརྩེགས་སུ་དྲག་སྔགས་སྒྲུབ་པ་མཛདཿ དམོད་པ་དྲག་སྔགས་ལྷ་ཚོགས་ཞལ་གཟིགས་ཐོབཿ ”ཅེས་གསུངས་པ་ལྟར། [⑨] “སློབ་དཔོན་དེ་རྣམས་ལས་ཀྱང་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་ཚུལ་བསྟན་ཅིང་།སླར་ཡང་མཆོད་རྟེན་ཆེན་པོ་བདེ་བྱེད་བརྩེགས་པ་ནས་སྔར་རྒྱ་མ་ཁྲོལ་བའི་རིན་པོ་ཆེ་སྣ་བརྒྱད་ཀྱི་སྒྲོམ་བུ་བདེ་གཤེགས་འདུས་པ་ཚོམ་བུ་གཅིག་ཏུ་སྒྲུབ་པའི་ལུང་མན་ངག་རྣམས་སྤྱན་དྲངས། ཧེ་རུ་ཀ་དང་གསང་བའི་བདག་པོ་ལ་སོགས་པས་གསང་སྔགས་ཀྱི་རྒྱུད་སྡེ་མ་ལུས་པའི་བཀའ་ལ་དབང་བསྒྱུར་བར་མངའ་གསོལ་ཞིང་ལྷུན་གྱིས་གྲུབ་པའི་རིག་འཛིན་དུ་གྱུར་ནས།སྔོན་གྱི་སློབ་དཔོན་ཆེན་པོ་བརྒྱད་ལའང་ཆོས་ཀྱི་སྐྱེས་འབུལ་བར་མཛད་དོ།།”
གཉིས་པ། བོད་གངས་ཅན་གྱི་ཡུལ་དུ་ཇི་ལྟར་དར་བའི་ཚུལ།
མདོ་ལས། ང་ཡི་འདུལ་བའི་བསྟན་པ་ལ།།ལོ་ནི་ལྔ་བརྒྱ་ཕྲག་བཅུར་གནས།།དྲུག་བརྒྱ་དག་ནི་གནས་པ་ལས།།ཉིས་སྟོང་བདུན་བརྒྱ་ཙམ་ན་ནི།།མཐའ་ཁོབ་ཡུལ་དུ་དར་བར་འགྱུར།།ཞེས་པ་དང་།ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་བརྒྱད་སྟོང་པ་ལས།ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་མདོ་སྡེ་འདི་དག་ནི་དེ་བཞིན་གཤེགས་པ་འདས་ནས་དམ་པའི་ཆོས་ནུབ་པའི་དུས་ན་ལྷོ་ཕྱོགས་སུ་འབྱུང་།ལྷོ་ཕྱོགས་ནས་ཀྱང་མཐའ་ཁོབ་ཏུ་འབྱུང་།མཐའ་ཁོབ་ནས་ཀྱང་བྱང་ཕྱོགས་སུ་འབྱུང་སྟེ།ཆོས་འདུལ་བའི་གཉེན་པོར་གྱུར་པ་ནི་མ་ཡིན་ནོ།།ཞེས་དང་།ཡང་ལྷ་མོ་དྲི་མ་མེད་པས་ཞུས་པའི་མདོ་ལས། གདོང་དམར་ཅན་གྱི་ཡུལ་དུ་སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་དམ་པའི་ཆོས་རྒྱས་པར་འགྱུར་རོ། །ཞེས་ལུང་བསྟན་པ་ལྟར།[⑩]“ཤཱཀྱ་ལིཙྪ་བཱིའི་རིགས་ལས་བྱུང་བའི་རྒྱལ་བོ་གཉའ་ཁྲི་བཙན་པོ་ནས་རྒྱལ་རབས་ཉེར་བདུན་པ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྲུལ་བ་ལྷ་ཐོ་ཐོ་རི་སྙན་བཙན་གྱི་སྐུ་རིང་ལ་ཕོ་བྲང་ཡུམ་བུ་བླ་སྒང་གི་རྩེར་ཟ་མ་ཏོག་གཅིག་བབས་པ་ཁ་ཕྱེས་པས་སྤང་སྐོང་ཕྱག་བརྒྱ་བ། ཙིནྟ་མ་ནིའི་གཟུངས་ཀྱི་བསྐོས་ཕོར། མདོ་སྡེ་ཟ་མ་དོག་ཡི་གེ་དྲུག་པ། གསེར་གྱི་མཆོད་རྟེན་རྣམས་བྱུང་། གང་ཡིན་བརྡ་མ་ཁྲོལ་ཡང་། བཟང་བོར་གོ་ནས་མིང་ལ་གཉན་པོ་གསང་བར་བཏགས་ཏེ་མཆོད་ཅིང་བཀུར་བའི་བྱིན་རླབས་ཀྱིས།རྒྱལ་པོ་ལོ་རེ་གཅིག་ལོན་པ་བཅུ་དྲུག་ལོན་པའི་ན་ཚོད་ཙམ་དུ་གྱུར་ཏེ་ལོ་བརྒྱ་དང་ཉི་ཤུ་ཐུབ། གདུང་རབས་ལྔ་ནས་འདིའི་དོན་ཤེས་པར་འགྱུར་ཞེས་ལུང་བསྟན་ཐོབ་སྟེ་དམ་པ་ཆོས་ཀྱི་དབུ་བརྙེས་སོ།། ཡང་ལོ་རྒྱུས་ཁ་ཅིག་པནྟི་ཏ་བློ་སེམས་འཚོ་དང་ལོ་ཙཱ་བ་ལི་ཐི་སེས་ཆེས་དེ་གཉིས་ཁྱེར་ནས་འོངས་པ་ལ་རྒྱལ་པོས་ཡི་གེ་ཡང་མི་ཤེས་དོན་ཡང་མི་གོ་བས་པནྟི་ཏ་དང་ལོ་ཙཱ་གཉིས་ཕྱིར་ལོག་ཅེས་བཤད་དོ།།
དེ་ནས་གདུང་རབས་ལྔ་བ། འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་བ་ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོས། ཕྱག་རྡོར་སྤྲུལ་བ་ཆོས་བློན་མགར་སྟོང་བཙན་ལ་བཀའ་བསྒོས་ཏེ། འོ་སྐོལ་གྱི་སྟོན་པ་དགུང་ལོ་བརྒྱད་དང་བཅུ་གཉིས་པའི་སྐུ་ཚད་སངས་རྒྱས་དངོས་ཀྱི་ཞལ་སྐྱིན་ཇོ་བོ་ཤཱཀྱ་མི་ནེ་དང་མི་བསྐྱོད་རྡོ་རྗེ་གཉིས་གདན་འདྲེན་པའི་ཆེད་དུ་བསམ་བཞིན་མིའི་སྐྱེ་བ་བཞེས་པ་ལྷ་མོ་ཁྲོ་གཉེར་ཅན་གྱི་སྤྲུལ་བ་བལ་བཟའ་ཁྲི་བཙན་དང་།རྗེ་བཙུན་སྒྲོལ་མའི་སྤྲུལ་བ་རྒྱ་བཟའ་ཀོང་ཇོ་གཉིས་ཁབ་ཏུ་བཞེས། སྤྲུལ་བའི་དགེ་སློང་ཨཱ་ཀར་མ་ཏིས་རང་བྱུང་གི་འཕགས་པ་སྤྱན་དྲངས། ར་ས་འཕྲུལ་སྣང་དང་གཡོ་རུ་ཁྲ་འབྲུག་སོགས་མཐའ་འདུལ་དང་ཡང་འདུལ་གྱི་གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས།འཇམ་དབྱངས་སྤྲུལ་བ་ཐོན་མི་སམ་བྷོ་ཊ་རྒྱ་གར་དུ་མངགས་ནས་སྒྲ་དང་ཡི་གེ་བསླབས། རྒྱ་གར་ཡིག་གེ་ལ་དཔེ་བྱས་ནས་བོད་ཀྱི་ཡི་གེའི་གཟུགས་དང་། བརྡ་སྤྲོད་ཀྱི་བསྟན་བཅོས་ཆེན་པོ་བརྒྱད་བརྩམས།རྒྱ་གར་གྱི་པནྟི་ཏ་ཀུ་ས་ར་དང་། བྲམ་ཟེ་ཤཾ་ཀ་ར། བལ་བོ་ཤཱི་ལ་མཉྫུ། རྒྱ་ནག་གི་ཧྭ་ཤིང་མ་ཧཱ་ཡ་ན་ལ་སོགས་སྤྱན་དྲངས། བོད་ཀྱི་ལོ་ཙཱའི་ཐོག་མ་ཐོན་མི་སམ་བྷོ་ཊ།དྷརྨ་ཀོ་ཥ།ལྷ་ལུང་རྡོ་རྗེ་དཔལ་རྣམས་ཀྱིས་སྡེ་སྣོད་གསུམ་དང་།རྒྱུད་ཀྱི་ཆ་ལག་མང་དུ་བསྒྱུར་ཞིང་བསྟན་པའི་སྲོལ་གཏོད།སྐྱི་ཤོད། ཉང་བྲན། ཕ་བོང་ཁ། ཕོ་བྲང་མ་རུར་གྲགས་པ་སོགས་ནས་རྒྱལ་པོ་ཡབ་ཡུམ་གསུམ་སྐུ་མཚམས་མཛད་ནས་ཡི་དམ་གྱི་ལྷ་བསྒྲུབས་པས་གྲུབ་པ་ཐོབ་སྟེ་སྐལ་ལྡན་མང་པོ་ལ་ལྐོག་ཆོས་སུ་ཐུགས་རྗེ་ཆེན་པོ་ཞི་ཁྲོའི་གདམས་པ་བསྩལ་བས་རྣལ་འབྱོར་རལ་ཁུར་ཅན་བརྒྱ་ཕྲག་ཙམ་བྱུང་བར་གྲགས། ”དུས་དེར་གསུངས་པ་རྣམས་ཕྱོགས་གཅིག་ཏུ་བསྡོམས་པ་ད་ལྟ་མ་ནི་བཀའ་འབུམ་དུ་གྲགས་པ་འདུ་ཀའོ།།
དེ་ནས་རྒྱལ་རབས་ལྔ་འདས་པ་སོ་བདུན་པ་ལ། འཕགས་པ་འཇམ་དཔལ་གྱི་སྤྲུལ་བ་ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཆོས་བློན་པདྨ་གུང་བཙན་སོགས་ལ་གྲོས་བྱོས། མ་ཞོང་གྲམ་པ་སོགས་ཆོས་ལ་མ་དད་པ་བློན་པོ་རྣམས་རྣམ་དཔྱོད་ཀྱིས་ཚར་བཅད། ཟ་ཧོར་གྱི་མཁན་པོ་བྷོ་དྷི་ས་ཏྭ་སྤྱན་དྲངས་ནས་བསམ་ཡས་ཀྱི་ས་བཙལ་བའི་ལྷ་སྲིན་རྣམས་ཁྲོས་ཏེ་བར་ཆད་སྣ་ཚོགས་ཀྱིས་ཐོ་བརྩམས་པ་ལ་བརྟེན་ནས་སྔོན་གྱི་སྨོན་ལམ་དུས་སུ་སྨིན་པས། མཁན་པོས་ལུང་བསྟན་པ་ལྟར།[11]“སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སྤྱན་དྲངས་ཏེ། དེས་བོད་ཀྱི་ལྷ་སྲིན་གདུག་པ་ཅན་རྣམས་བཏུལ། བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་པ་ལ་རབ་ཏུ་གནས་པ་མཛད།ཆོས་གཏེར་དང་ནོར་གཏེར་དཔག་ཏུ་མེད་པ་སྦས།སྔགས་ཀྱི་རྒྱུད་སྡེ་བཞི་དང་།ཁྱད་པར་བླ་མེད་ཀྱི་རྒྱུད་རྣམས་བཤད་པ་དང་།དབང་བསྐུར་མན་ངག་སྦྱིན་པ་སོགས་གསང་སྔགས་ཀྱི་བསྟན་པ་ཉིན་མོ་ལྟ་བུར་མཛད”།མཁན་སློབ་གཉིས་དང་།སློབ་དཔོན་བི་མ་མི་ཏྲ། ཤཱིནྟིཾ་གརྦྷ། དྷརྨ་ཀཱིཏྟི་སོགས་པན་ཆེན་བརྒྱ་རྩ་བརྒྱད་སྤྱན་དྲངས་ནས། བོད་ཀྱི་ལོ་ཙཱ་བཻ་རོ་ཙ་ན། སྐ་ཅོག་ཞིང་གསུམ་སོགས་ཀྱིས་མདོ་རྒྱུད་བསྟན་བཅོས་མན་ངག་གི་ཚོགས་དཔག་ཏུ་མེད་པ་བསྒྱུར་བཤད་སྒོམ་གསུམ་གྱིས་གཏན་ལ་ཕབ་སྟེ། ཆོས་གྲྭ་ཆེན་པོ་བཅུ་གཉིས་བཙུགས།བྲག་ཡེར་བ་དང་དཔལ་ཆེན་ཆུ་བོ་རི། མཆིམས་ཕུ་སོགས་སུ་སྒོམ་གྲྭ་བཙུགས། ཁྱད་པར་ཨོ་རྒྱན་ཆེན་པོས་བཀའ་མདོ་རྒྱུད་རྒྱ་མཚོ་ལྟ་བུ་གསུངས་མོད་ཀྱི། ད་ལྟའི་སྐབས་སུ་བབ་པ་ནི་ལས་ཅན་རྗེ་འབངས་ཉེར་ལྔ་སོགས་སྐལ་ལྡན་དཔག་ཏུ་མེད་པ་ལ་སྔགས་བླ་མེད་ཀྱི་ཐེག་པའི་རྗེས་སུ་བཟུང་སྟེ་ཡི་དམ་ཐམས་ཅད་དུས་གཅིག་ཏུ་སྒྲུབ་པའི་གདམས་པ་ཟམ་མོ་ལས་ཀྱང་ཟབ་པ། བཤད་རྒྱུད་རྒྱ་མཚོ་ལྟ་བུའི་སྙིང་བཅུད། བསྐྱེད་པ་མ་ཧཱ་ཡོ་གའི་སྤྱི་ཆིངས། རྫོགས་རིམ་ཐམས་ཅད་ཀྱི་གནད་འགག རྫོགས་ཆེན་ཨ་ཏི་ཡོ་གའི་མན་ངག་གི་གནད་ཚང་བའི་གདམས་པ། ཚེ་གཅིག་ལུས་གཅིག་ལ་མངོན་པར་རྫོགས་པར་འཚང་རྒྱ་བའི་ལམ་པོ་ཆེ། ལམ་ཐམས་ཅད་ཀྱི་འདུས་མདོ། ཆུ་བརྒྱ་ཟམ་འོག་གཅིག་ཏུ་བཞུར་བ་ལྟ་བུའི་ཟབ་གནད་མ་ཚང་བ་མེད་པ། གྲུབ་ཐོབ་ཐམས་ཅད་ཀྱི་ཉམས་ལེན། རྣལ་འབྱོར་རིག་འཛིན་པ་ཡོངས་ཀྱི་སྙིང་གི་དྭངས་མ་བཞིན་དུ་གཅེས་པའི་ཟབ་ཆོས་འདི་ནི། རྗེ་བཙུན་རིག་འཛིན་ཆེན་པོ་པདྨ་འབྱུང་གནས་དེ་ཉིད་ཀྱིས་དཔལ་བསམ་ཡས་མཆིམས་ཕུའི་བྲག་དམར་ཀེའུ་ཚང་དུ་དཔལ་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་དུ་རྗེ་འབངས་ཐུགས་སྲས་དགུར་དབང་བསྐུར་བའི་ཚེ། [12]“རྗེ་འབངས་བརྒྱད་ཀྱིས་མེ་ཏོག་གསེར་སྲང་རེ་རེ་དོར་བསཿ མེ་ཏོག་གར་བབ་དང་སྦྱར་ཏེཿ ཆོས་ཡང་དེ་ལྟར་གནང་ངོཿ རྒྱལ་བོ་ཉིད་ཀྱི་མེ་ཏོག་དབུས་ཆེ་མཆོག་གི་དཀྱིལ་འཁོར་དུ་བབས་པསཿབདེ་གཤེགས་འདུས་པའི་རྒྱུད་དང་སྒྲུབ་ཐབས་རྣམས་གནང་ཿ གནུབས་ནམ་མཁའི་སྙིང་པོའི་མེ་ཏོག་ཡང་དག་ཐུགས་ཀྱི་དཀྱིལ་འཁོར་དུ་བབས་པསཿ ཡང་དག་ཐུགས་ཀྱི་རྒྱུད་དང་སྒྲུབ་ཐབས་རྣམས་གནང་ཿ གནུབས་སངས་རྒྱས་ཡེ་ཤེས་ཀྱིས་འཇམ་དཔལ་གྱི་དཀྱིལ་འཁོར་དུ་བབས་པསཿ འཇམ་དཔལ་སྐུའི་རྒྱུད་དང་སྒྲུབ་ཐབས་རྣམས་གནང་ཿ ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱིས་པདྨ་གསུང་གི་དཀྱིལ་འཁོར་དུ་བབས་པསཿ པདྨ་གསུང་གི་རྒྱུད་དང་སྒྲུབ་ཐབས་རྣམས་གནང་ཿ ཇོ་མོ་མཁར་ཆེན་བཟས་རྡོ་རྗེ་ཕུར་བའི་དཀྱིལ་འཁོར་དུ་བབས་པསཿ ཕུར་བ་ཕྲིན་ལས་ཀྱི་རྒྱུད་དང་སྒྲུབ་ཐབས་རྣམས་གནང་ཿ འབྲོག་མི་དཔལ་གྱི་ཡེ་ཤེས་ཀྱིས་མ་མོའི་དཀྱིལ་འཁོར་དུ་བབས་པསཿ མ་མོ་རྦོད་གཏོང་གི་རྒྱུད་དང་སྒྲུབ་ཐབས་རྣམས་གནང་ཿ རླངས་དཔལ་གྱི་སེང་གེས་དྲེགས་པ་ཀུན་འདུལ་གྱི་དཀྱིལ་འཁོར་དུ་བབས་པསཿ འཇིག་རྟེན་མཆོད་བསྟོད་ཀྱི་རྒྱུད་དང་སྒྲུབ་ཐབས་རྣམས་གནང་ཿ བཻ་རོ་ཙཱ་ནས་སྟོབས་ལྡན་ནག་པོའི་དཀྱིལ་འཁོར་དུ་བབས་པསཿ དམོད་པ་དྲག་སྔགས་ཀྱི་རྒྱུད་དང་སྒྲུབ་ཐབས་རྣམས་གནང་ཿ ” དབང་དང་མན་ངག་ཐམས་ཅད་རྫོགས་པར་བསྐུར་སྟེ་རྫུ་འཕྲུལ་ཀྱིས་དཀྱིལ་འཁོར་བྲག་དངོས་སུ་བཀོད་པ་ད་ལྟ་ཡང་མཇལ་རྒྱུ་ཡོད་པ་དང་། ལས་ཅན་བུ་དགུའི་སོ་སོའི་རིགས་ཀྱི་དཀྱིལ་འཁོར་སྒྲུབ་པས་[13]“རྒྱལ་པོ་ཉིད་ལོ་ལྔ་བཅུ་རྩ་དྲུག་ནས་འདའ་དུས་ཡིན་པ་ལཿ
བཅུ་གསུམ་བསྲེངས་ནས་དྲུག་ཅུ་རྩ་དགུ་པ་ཞེསཿ ཕུང་པོ་ལྷའི་དཀྱིལ་འཁོར་དུ་རྟོགས་ཏེཿ སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་བགྲོད་ནུས་པར་གྱུར་ཏོཿ འབངས་བརྒྱད་པོ་ཡང་ཀུན་གྱིས་གྲུབ་པ་ཐོབ་སྟེཿ ནམ་མཁའི་སྙིང་པོས་ཉི་མའི་ཟེར་ལ་ཆིབས་ནས་བཞུད་པ་བྱུང་ཿ སངས་རྒྱས་ཡེ་ཤེས་ཀྱིས་བྲག་ལ་ཕུར་བ་བཏབཿ ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱིས་དཔལ་གྱི་རྟ་སྐད་ཐོནཿ ཇོ་མོ་མཚོ་རྒྱལ་གྱིས་བསད་པ་གསོ་བར་ནུསཿ དཔལ་གྱི་ཡེ་ཤེས་ཀྱིས་མཁའ་འགྲོའི་ཞལ་གཟིགསཿ འཇིག་རྟེན་མ་མོ་ལས་ལ་འགྱེད་ནུསཿ རླངས་དཔལ་གྱི་སེངྒེས་ལྷ་སྲིན་སྡེ་བརྒྱད་བྲན་དུ་འཁོལ་ནུསཿ བཻ་རོ་ཙ་ནས་འཇིག་རྟེན་གྱི་དྲེགས་པ་ཅན་ལས་ལ་འགྱེད་ནུསཿ ” ་པ་དང་། གཞན་ཡང་ཡི་དམ་ལྷའི་ཞལ་གཟིགས་དང་གསུང་རྒྱུན་ཏུ་ཐོས་པའི་གཉིས་སུ་མེད་པའི་དངོས་གྲུབ་ཐོབ།རྫུ་འཕྲུལ་སྣ་ཚོགས་ཡ་མ་ཟུང་དུ་སྟོན་པར་མཛད་དོ། །
གཞན་གདམས་པ་འདི་ཉིད་ནོད་ཅིང་ཡོ་ག་གསུམ་གྱི་སྒོ་ནས་དངོས་གྲུབ་བརྙེས་པ་རྗེ་འབང་ཉེར་ལྔ་གཙོ་བོར་གྱུར་པའི་[14]“ཡེར་བའི་གྲུབ་ཆེན་བརྒྱད་བཅུ། ཆུ་བོ་རིའི་སྒོམ་ཆེན་བརྒྱ་རྩ་བརྒྱད།ཡང་རྫོང་གི་སྔགས་པ་སུམ་བཅུ།ཤེལ་བྲག་གི་རྟོགས་ལྡན་ང་ལྔ།མཁའ་འགྲོ་མ་ཉི་ཤུ་རྩ་ལྔ། རྣལ་འབྱོར་མ་བདུན་སོགས་དང་།རླངས་ཨ་མྱེས་བྱང་ཆུབ་འདྲེ་བཀོལ།རྒྱུས་བྱང་ཆུབ་གཞོན་ནུ།རོག་བན་ནམ་མཁའ་ཡེ་ཤེས།ཉང་དེ་བཞིན་གཤེགས་པ། སྤང་རྗེ་བཙན་ཁྲོམ།ཤ་མི་གོ་ཆ།ངབ་མི་དང་ངབ་འབྲེ།ལྕེ་རྒྱ་མཚོ་གྲགས། འབྲེ་ཤེས་རབ་གྲགས། རླངས་ཁམ་པ་གོ་ཆ་སོགས་ནམ་མཁར་བྱ་བཞིན་འགྲོ་བ།ཆུ་ལ་བྱེའུ་ཟུལ་གྱིས་འགྲོ་བ། རི་བྲག་ལ་ཐོགས་མེད་དུ་གཤེགས་པ།ལུས་ལྷའི་དཀྱིལ་འཁོར་དུ་སྐྱེ་བོ་མང་པོ་ལ་སྟོན་ནུས་པ། ལུས་དེ་ཉིད་ཀྱིས་ཟུང་འཇུག་གི་གོ་འཕང་བརྙེས་པ་བགྲང་གིས་མི་ལང་བར་བྱོན་”པ་ཡིན་ནོ། །
དེ་ལྟ་བུའི་གདམས་པ་ཟབ་མོ་རིན་ཆེན་གསེར་ལས་ལྷག་པ་འདི་ཉིད་མ་འོངས་འབྱུང་འགྱུར་དང་ཕྱི་རབས་རྣམས་ཀྱི་དོན་དུ་གཏེར་དུ་སྦས་པ་དང་།གཞན་ཡང་ཆོས་གཏེར་དང་ནོར་གཏེར་དཔག་ཏུ་མེད་པ་གཏེར་དུ་སྦས། ལྷ་སྲིན་གདུག་པ་ཅན་ཐམས་ཅད་བཏུལ། བརྟན་མ་བཅུ་གཉིས་ལ་བཀའ་བསྒོས་ཏེ་མུ་སྟེགས་པ་མི་འབྱུང་པར་མཛད། རི་བྲག་སོགས་ཕལ་ཆེར་སྒྲུབ་གནས་སུ་བྱིན་གྱིས་བརླབས།རྒྱལ་ཚབ་སྐྱེས་བུ་བརྒྱུད་མར་ད་ལྟའང་བྱོན་དང་འབྱོན་བཞིན་པ་དང་། སྤྲུལ་བའི་མཛད་པ་སོགས་སྒོ་དུ་མ་ནས་བོད་གངས་ཅན་པ་རྣམས་ལ་རྒྱལ་པོ་ལས་ཀྱང་གུ་རུ་བཀའ་དྲིན་ཆེ་བ་ཡིན་ནོ།།
ཞར་ལ་དམ་ཆོས་འདུལ་བའི་བསྟན་པ་རབ་བྱུང་གི་སྡེ་ཇི་ལྟར་བྱུང་བ་རགས་ཙམ་ཞུ་ན། པདྨ་དཀར་པོའི་རྫིང་བུ་ལས“ཆོས་རྒྱལ་ཁྲི་སྲོང་གིས་འཕགས་ཡུལ་ནས་ཡོད་སྨྲའི་དགེ་སློང་སྤྱན་དྲངས་ཤིང་།སྡེ་སྣོད་དང་བསྟན་པ་ཐམས་ཅད་ཀྱི་མངའ་བདག་མཁན་ཆེན་བྷོ་དྷི་ས་ཏྭའམ་ཤཱནྟ་རཀྵི་ཏས་མཁན་པོ་དང་། དཱ་ན་ཤཱི་ལ་དང་ཛི་ན་མི་ཏྲ་གཉིས་ཀྱི་ལས་སློབ་དང་གསང་སྟོན།པནྟི་ཏ་བཅུ་བོས་ཁ་སྐོང་མཛད་ནས།བོད་ཀྱི་མི་ལ་རབ་བྱུང་བཏུབ་བམ་མི་བཏུབ་མཉམ་སད་པའི་ཕྱིར་རྦ་ཁྲི་གཟིགས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་མཚན་ལ་དཔལ་དབྱངས་ཞེས་གསོལ། བཙན་པོས་བསྔགས་པས་སརྦ་རཏྣར་གྲགས། བསྒོམས་པས་མངོན་ཤེས་ལྔ་དང་ལྡན་པར་གྱུར། དེ་ནས་རིམ་པར་རྦ་གསལ་སྣང་། པ་གོར་བཻ་རོ།ངན་ལམ་རྒྱལ་བ་མཆོག་དབྱངས།རྨ་རིན་ཆེན་མཆོག འཁོན་ཀླུ་དབང་། ལ་གསུམ་རྒྱལ་བ་བྱང་ཆུབ་རྣམས་རབ་ཏུ་བྱུང་ཞིང་མིང་ཡེ་ཤེས་དབང་བོ་སོགས་སུ་སྤོས་ནས་བསྙེན་པར་རྫོགས་པས་སད་མི་མི་བདུན་དུ་གྲགས་ཤིང་།བོད་ཀྱི་རབ་བྱུང་གི་ཐོག་མ་དང་རྗེ་འབང་ཉེར་ལྔའི་ནང་དུའང་བགྲེང་བ་ཡིན། བླའི་མཆོད་གནས་སུ་ཕྱུང་ནས་ཆོས་བཀའ་ཁྲིམས་ཆེན་པོ་བཅས།
འགའ་ཞིག་ལ་ཡན་ལག་བརྒྱད་པའི་ཁྲིམས་ཕབ།དགེ་བ་བཅུ་དང་ཁམས་བཅོ་བརྒྱད་དང་མཐུན་པའི་ཆོས་གསུངས། བཀའ་གཙིགས་རྡོ་རིང་བཙུགས། སད་མི་མི་བདུན་ལས་བློ་སྦྱངས་པ་ཅོག་རོ་ཀླུའི་རྒྱལ་མཚན་སོགས་མཆན་བུ་སྟོང་རྩ་སྟེ། སྤྲུལ་བའི་ལོ་ཙཱ་བ་དང་།བཙུན་པའི་སྡེ་གྲངས་ལས་འདས་པ་བྱོན། འདུལ་པ་ལུང་སྡེ་བཞི་དགོངས་འགྲེལ་དང་བཅས་པ་སློབ་དཔོན་དཱ་ན་ཤི་ལ་དང་།ཛི་ན་མི་ཏྲ་གཉིས་ལས་ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་”པ་དང་། ཕྱིས་རྗེ་དར་མས་བསྟན་པ་བསྣུབས་ནས་དམར་གཙང་གཡོ་(རྦ་གསལ་སྣང་གི་བུ་སྟོད་ལུང་པ་སྨར་ཤཱཀྱ་མུ་ནེ། གཡོ་དགེ་བའི་འབྱུང་གནས། འཇད་ཀྱི་གྱེལ་མི་གཙང་པ་རབ་གསལ)གསུམ་མར་བྲོས་ཏེ་བསྟན་པའི་མེ་རོ་མདོ་སྨད་ཨ་ཆུང་གནམ་རྫོང་ནས་བླ་ཆེན་དགོངས་པ་རབ་གསལ་བསྙེན་པར་རྫོགས་པ་ལས་དབུས་གཙང་གི་མི་བཅུ་སོགས་ལ་བརྒྱུད་དེ་དར་བ་ལ་སྨད་འདུལ་དང་།རྒྱ་གར་ཤར་ཕྱོགས་ཀྱི་པནྟི་ཏ་དྷ་རྨ་པཱ་ལ་ནས་བརྒྱུད་པ་ལ་སྟོད་འདུལ་དང་།ཁ་ཆེའི་པནྟི་ཏ་ཤཱཀྱ་ཤྲཱི་ནས་བྱང་རྡོར་ས་གསུམ་ལས་བརྒྱུད་པ་ཁ་ཆེའི་ལུགས་དང་གསུམ་བྱུང་བ་ཐམས་ཅད་ཀྱང་གཞི་རྙོགས་མེད་ཡོད་པར་སྨྲ་བ་ཡིན། སྔ་ཕྱི་གཉིས་ད་ལྟའི་བར་དུ་ཉམས་མེད་དུ་བཞུགས་པ་ལགས།
རྒྱལ་བོ་གླིང་དར་གྱིས་བསྟན་པ་མ་བསྣུབས་པའི་སྔོན་གྱི་བསྒྱུར་བ་རྣམས་ལ་སྔ་འགྱུར་རྙིང་མ་པ་ཞེས་གྲགས་པ་ཡིན། བསྣུབས་རྗེས་དར་མའི་བུ་གནམ་ལྡེ་འོད་སྲོང་དང་ཁྲི་ལྡེ་ཡུམ་བརྟན་གཉིས་རྒྱལ་སྲིད་ལ་མ་འཆམས་པར་ལོ་མང་སོང་བ་དང་། [15]“ལྷ་བླ་མའི་སྐུ་དྲིན་ལ་བརྟེན་ནས། བདག་ཉིད་ཆེན་པོ་རིན་ཆེན་བཟང་པོ་ནས་བཟུང་སྟེ། དེ་རྗེས་བསྒྱུར་བ་ཐམས་ཅད་དང་། འགྱུར་སྔ་མ་ཀ་ཅོག་ཡན་ཆད་ཀྱིས་བསྒྱུར་བ་རྣམས་དང་། ཅུང་མི་འདྲ་བ་འདུག་པ་རྣམས་ལ་བལྟོས་ནས་བོད་མི་རྣམས་ཀྱིས་གསར་མ་ཞེས་གྲགས་ཏེ་མིང་དུ་ཆགས་”པར་གསུངས་སོ།།
ད་ནི་ཕན་བདེ་མ་ལུས་པ་འབྱུང་བའི་རྒྱལ་བའི་བསྟན་པ་རིན་པོ་ཆེའི་ཕྲིན་ལས་ཀྱི་འོད་སྣང་ས་ཆེན་ཀུན་ཏུ་མཆེད་པ་ལས་རང་ཅག་ཁ་བ་གངས་ཅན་གྱི་ལྗོངས་ལའང་མདོ་སྔགས་ཐུབ་བསྟན་རིན་པོ་ཆེའི་ཐེག་རིམ་མཐའ་དག་ཡོངས་སུ་ཚང་བའི་བོད་བརྒྱུད་ནང་བསྟན་འདི་ལའང་སྒྲུབ་བརྒྱད་ཤིང་རྟ་ཆེན་པོ་བརྒྱད་ཅེས་གྲགས་པ་ལ། བཀའ་བབས་བདུན་ལྡན་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་ཞལ་ནས།
[16]“རྒྱལ་བས་ལུང་བསྟན་གངས་ཅན་འགྲོ་བའི་མགོན།།
གཅིག་ཏུ་བསྟན་པ་འབའ་ཞིག་ཉེར་དགོངས་པའི།།
སྔོན་གྱི་ཆོས་རྒྱལ་ལྷ་གཅིག་བཙན་པོ་དེས།།
གངས་རིའི་ཁྲོད་ཀྱི་སྟོན་པ་གཉིས་པ་ཡིན།།
ཞུ་ཆེན་ལོ་ཙཱ་པ་གོར་བཻ་རོ་དང་།།
རྒྱལ་བའི་གདུང་འཚབ་འབྲོམ་སྟོན་ཨུ་པ་སཱི།།
མཁས་གྲུབ་ཆེན་པོ་ཁྱུང་པོ་རྣལ་འབྱོར་པ།།
སྐད་གཉིས་སྨྲ་བ་བླ་ཆེན་འབྲོག་མི་དང་།།
རྣལ་འབྱོར་དབང་ཕྱུག་རྗེ་བཙུན་མར་པའི་ཞབས།།
གྲུབ་པའི་སར་བཞུགས་དམ་པ་རྒྱ་གར་དང་།།
གྱི་གྱོ་ལོ་ཙཱ་མཁས་གྲུབ་ཨོ་རྒྱན་པ།།
བྱང་ཕྱོགས་སྒྲུབ་བརྒྱུད་འདེགས་པའི་ཀ་ཆེན་བརྒྱད།།
དཔལ་ལྡན་རྡོ་རྗེ་འཆང་ནས་ལེགས་འོངས་པའི།།
གངས་རིའི་ཁྲོད་འདིར་སྒྲུབ་བརྒྱུད་སྲོལ་ཆེན་བརྒྱད།།
དེ་དག་གྲུབ་ཆེན་གོང་མའི་གཤེགས་ཤུལ་ཡིན།།
ཐར་འདོད་རྣམས་ཀྱང་ལམ་དེའི་རྗེས་སུ་ཞུགས།།”ཞེས་གསུངས་པ་ལྟར།
དང་པོ། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ལས་དང་པོ་གསང་སྔགས་རྙིང་མ་སྔོན་དུ་སོང་ཟིན་ལ།
གཉིས་པ། སྒྲུབ་བརྒྱུད་ཤིང་རྟ་གཉིས་པ་ཇོ་བོ་བཀའ་གདམས་པ་ནི།
སངས་རྒྱས་སྣང་བ་མཐའ་ཡས་ཀྱི་རྣམ་སྤྲུལ་ཅེས་ས་གསུམ་ལ་གྲགས་པས་ཁྱབ་པ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་ཕེབས།ལོག་པའི་རྒྱལ་པོ་གླང་དར་མས་ཆོས་རྒྱལ་མེས་དབོན་གྱི་བསྟན་པ་བསྣུབས་པའི་རྐྱེན་གྱིས་འདུལ་བ་ཉམས།གསང་སྔགས་འཆོལ་བར་སྤྱོད་པ་འགོག་ཅིང་ཐུབ་བསྟན་དྲི་མ་མེད་པ་སླར་ཡང་གསལ་བར་མཛད་པའི་སླད་དུ་བོད་དུ་སླེབས། མདོ་སྡེ་རྒྱན་དང་བྱང་ས་སོགས་ཀྱི་བསྟན་དོན་སྐྱེས་བུ་གསུམ་གྱི་ལམ་རིམ་ཡོངས་སུ་རྫོགས་པ་བྱང་ཆུབ་ལམ་གྱི་སྒྲོལ་མ་མཛད། ལྟ་བ་དབུ་མ། སྤྱོད་པ་འདུལ་བ།གདམས་ངག་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་གཙོ་བོར་སྟོན།རྒྱལ་བའི་བཀའ་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་གདམས་ངག་ཏུ་ཤར་བའི་ཁྲིད་སྲོལ་བཙུགས་པ་ལས།བརྒྱུད་འཛིན་རྣམས་ལྷ་བཞི་ཡི་དམ་དུ་མཛད། བསྟན་པའི་བདག་པོ་ཤཱཀྱ་ཐུབ་པ།བྱམས་སྙིང་རྗེའི་བདག་པོ་སྤྱན་རས་གཟིགས།ཕྱིའི་བར་ཆད་སེལ་བ་སྒྲོལ་མ། ནང་གི་བར་ཆད་སེལ་བ་མི་གཡོ་བ་རྣམས་དང་།སྡེ་སྣོད་གསུམ་གྱིས་ངག་བརྒྱན། བསླབ་པ་གསུམ་གྱིས་ཡིད་བརྒྱན་ཅེས།དེ་གཉིས་རྗོད་བྱེད་བརྗོད་བྱའི་དབང་གིས་གཅིག་ཏུ་བསྡུས་ཏེ་ལྷ་ཆོས་བདུན་ལྡན་གྱི་མངའ་བདག་ཏུ་གྲགས། ཇོ་བོའི་སློབ་མའི་ཐུ་བོ་རིགས་གསུམ་སེམས་དཔའི་རྣམ་སྤྲུལ་ཁུ་རྔོག་འབྲོམ་གསུམ་ལས།རྔོག་ལོག་པའི་ཤེས་རབ་ཀྱིས་གསང་ཕུ་ནེའུ་ཐོག་གི་ཆོས་གྲྭ་བཏབ། ཁུ་སྟོན་བརྩོན་འགྲུས་གཡང་དྲུང་གི་སོལ་ནག་ཐང་པོ་ཆེ་ལ་ཉམས་གསོ་མཛད།སྤྱན་རས་གཟིགས་དངོས་འབྲོམ་སྟོན་པ་པ་རྒྱལ་བའི་འབྱུང་གནས་ཀྱིས་བྱང་རྭ་སྒྲེང་གི་ཆོས་གྲྭ་བཏབ་ཅིང་སློབ་ཚོགས་མཐའ་ཡས་པ་བྱུང་ནས་ཁམས་དབུས་ཀུན་ཏུ་ཁྱབ། ཕྱིས་སུ་རང་རྐང་འཛིན་པའི་སྡེ་ཅུང་ཟད་ཉམས་པ་ན།འཇམས་དབྱིངས་རྣམ་སྤྲུལ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་བསྟན་པ་སླར་ཡང་གསལ་བར་མཛད་པ་ལ་བཀའ་གདམས་གསར་མ་དང་རི་བོ་དགེ་འདུན་པ་ཞེས་ཕྲིན་ལས་ཀྱི་སྣང་བའི་ས་སྟེང་ཀུན་ཏུ་ཁྱབ་པར་གྱུར་པའོ།།
གསུམ་པ། སྒྲུབ་བརྒྱུད་ཤིང་རྟ་གསུམ་པ་ཡོངས་རྫོགས་བསྟན་པ་རྒྱས་མཛད་དཔལ་ལྡན་ས་སྐྱ་པ་ལ་གསང་ཆེན་རྒྱུད་སྡེ་ཆེན་པོ་བཞི་ཡི་བཀའ་སྲོལ་ཆུ་བོ་གཅིག་ཏུ་འདུས་པ་མཐའ་ཀླས་ཀྱང་ཐུགས་དམ་ཉམས་བཞེས་ཀྱི་གཙོ་བོ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ནི།
སྔོན་ཇོ་བོ་རྗེས་ས་དཀར་པོའི་ལོགས་ལ་དྷཱི་བདུན་དང་ཧཱུཾ་གཅིག་གསལ་བར་གཟིགས་པས་འཇམ་དབྱངས་སྤྲུལ་བ་བདུན་དང་ཕྱག་རྡོར་གཅིག་འབྱོན་པར་ལུང་བསྟན་པ་ལྟར། ཐོག་མར་བརྩེ་བ་ཆེན་པོ་ས་སྐྱ་ཀུན་དཀའ་སྙིང་བོ་ལ། འབྲོག་མི།མལ་ལོ།རིན་བཟང་། བ་རི་ལོ་ཙཱ་ཆེན་པོ་བཞི་ལས་བརྒྱུད་པའི་གདམས་པའི་བཀའ་བབས། ཁྱད་པར་རྒྱ་གར་རྣལ་འབྱོར་དབང་ཕྱུག་དཔལ་ལྡན་ཆོས་སྐྱོང་ལ་རྡོ་རྗེ་བདག་མེད་མས་སྤྲུལ་པའི་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་དུ་དབང་བསྐུར། ས་དྲུག་པའི་རྟོག་པ་མངོན་དུ་གྱུར་ནས་གྲུབ་ཆེན་བི་རཱུ་པའམ་བིརཝ་པ་ཞེས་གྲགས་པ་དེ་ཉིད་ཀྱིས་དམ་ཆོས་སྒོ་སྐྱེལ་གྱི་ཚུལ་དུ་བྱོན་ཏེ། ལྕགས་རི་ལས་མི་འདའ་བའི་ཟབ་ཆོས་བཞི། རྒྱུད་སྡེ་བདུན་བཅུ་རྩ་གཉིས་ཀྱི་དབང་བཤད་མན་ངག ལམ་འབྲས་ཉེ་བརྒྱུད་སྦས་བཤད་བཅས་སྩལ། དེས་རྗེ་བཙུན་བསོད་ནམས་རྩེ་མོ་དང་གྲགས་པ་རྒྱལ་མཚན་མཆེད་ལ་གནང་། སྔ་མ་སྐུ་ལུས་མ་སྤངས་པ་མཁའ་སྤྱོད་དུ་བཞུད།ཕྱི་མ་བོད་ཡུལ་ཙམ་ན་ཆེ་བའི་རྡོ་རྗེ་འཛིན་པ་ཆེན་པོར་གྱུར་ཅིང་། ས་ཆེན་གྱི་ཡེ་ཤེས་ཀྱི་སྐུས་ཀྱང་ལམ་འབྲས་ཉེ་བརྒྱུད་བརྡ་དོན་གསལ་བར་གནང་། དེ་ནས་འཇམ་མགོན་ས་སྐྱ་པཎ་ཆེན་དང་།འགྲོ་མགོན་ཆོས་རྒྱལ་འཕགས་པ་སོགས་རིམ་གྱིས་བརྒྱུད་དེ་ཁྲིད་དང་ལུང་གི་བར་མ་ཆད་པར་གནས་པ་འདི་ཀའོ།།
བཞི་པ། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བཞི་པར་དགྱེས་མཛད་མངའ་བདག་མར་པ་ལོ་ཙཱ་ཆེན་པོའི་བཀའ་བརྒྱུད་ནི།
གྲུབ་ཆེན་ཏེ་ལོ་པས་རིང་བརྒྱུད་བཀའ་མ་ནི། འཕགས་པ་ཀླུ་སྒྲུབ། ཌོ་མྦྷི་པ།ལཱུ་ཧི་པ། སུ་ཁ་སི་དྡྷི་རྣམས་ལས་བརྒྱུད་པའི་གདམས་ངག་རྣམས། གྲུབ་ཆེན་སོ་སོ་ལས་གསན་པས་བཀའ་བབས་བཞིའི་མངའ་བདག་ཏུ་གྱུར། སྒྲུབ་པ་ཡུན་རིང་མཛད་ཅིང་ལམ་གྱི་རྟོགས་པ་སྦྱངས་པས་གྲུབ་པའི་དབང་ཕྱུག་ཆེན་པོར་གྱུར་ཏེ། རྡོ་རྗེ་འཆང་དང་རྡོ་རྗེ་རྣལ་འབྱོར་མ་དངོས་ཀྱི་རྗེས་སུ་བཟུང་སྟེ་རྒྱུད་སྡེ་བཞིའི་མཛོད་གཏད། དེ་ལ་པཎ་ཆེན་ནཱ་རོ་པས་དཀའ་བ་ཆེན་པོ་བཅུ་གཉིས་སྤྱད་དེ་བསྟན་པའི་མཐར་བརྡ་དང་ཚིག་ཙམ་གྱིས་དོན་མ་ལུས་པ་ཁོང་དུ་ཆུད་ཅིང་གྲུབ་པ་བརྙེས། ལྷོ་བྲག་མར་པ་ཆོས་ཀྱི་བློ་གྲོས་འཕགས་ཡུལ་དུ་ལན་གསུམ་མམ་བཞིར་བྱོན་ཅིང་། པཎ་ཆེན་ན་རོ་གཙོ་བོར་གྱུར་པའི་མཁས་གྲུབ་མང་པོ་ལས་མདོ་རྒྱུད་མཐའ་དག་གསན་ཅིང་ཁྱད་པར་ནཱ་རོ་པ་ཉིད་སྔ་རྗེས་བསྡམས་པར་ལོ་བཅུ་དྲུག་དང་ཟླ་བ་བདུན་དུ་བསྟེན་ནས་གསན་བསམ་བསྒོམ་པ་ཟུང་དུ་སྦྲེལ་བས་གྲུབ་པའི་གོ་འཕང་ལ་གནས་པར་མཛད། འབྱོན་ཐངས་རྗེས་མའི་སྐབས་ནཱ་རོ་པ་མཁའ་སྤྱོད་ལ་གཤེགས་ཟིན་ཀྱང་དཀའ་སྤྱད་ཆེན་པོས་བཙལ་ཞིང་གསོལ་བ་བཏབ་པས་བྱང་པུ་པ་ཧ་རིར་མངོན་སུམ་དུ་མཇལ་ཞིང་ཟླ་བ་བདུན་དུ་བཞུགས་ཏེ་བདེ་མཆོག་ཡབ་ཡུམ་གྱི་སྙན་བརྒྱུད་རྫོགས་པར་གནང་། བོད་ཡུལ་དུ་ཟབ་ཆོས་སྩལ་པའི་སློབ་མའི་གཙོ་བོ་ཀ་ཆེན་བཞི་ལས། མེས་རྔོག་མཚུར་གསུམ་ལ་བཤད་བརྒྱུད་དང་། རྗེ་བཙུན་མི་ལ་རས་པར་སྒྲུབ་བརྒྱུད་ཀྱི་བཀའ་བབས།མི་ལའི་སློབ་མ་མཁའ་སྤྱོད་དུ་གཤེགས་བདུན། རས་པ་མཆེད་བརྒྱད་སོགས་མང་དུ་བྱོན་པ་རྣམས་ཀྱི་གཙོ་བོ་རས་ཆུང་རྡོ་རྗེ་གྲགས། དེས་ཚེ་སྒྲུབ་དང་གདམས་ངག་འགའ་ཞིག་གངས་ཅན་ལ་ཁྱབ་པ་བྱུང་། གཞན་ཡང་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཅེས་མང་དུ་བྱུང་བ་དང་བཀའ་མ་སྐུ་ཕྲེང་རིམ་བྱོན་སོགས་བསྟན་པ་རྒྱ་ཆེར་འཕེལ་ལོ།།
ལྔ་བ། གངས་རིའི་ཁྲོད་ཀྱི་སྒྲུབ་བརྒྱུད་ཤིང་རྟ་ལྔ་བ་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་གསེར་ཆོས་རིན་པོ་ཆེའི་ཕྲིན་ལས་རྒྱ་ཆེར་འཕེལ་བ་ནི།
རྒྱལ་བའི་ཉན་ཐོས་རྫུ་འཕྲུལ་ཆེན་པོ་ཞེས་ལུང་བསྟན་པའི་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་དེ་ཉིད་ཐོག་མར་ཡབ་ཆོས་བོན་དང་རྙིང་མ་ལ་རིམ་གྱིས་ཞུགས་ཏེ་སོ་སོར་མཁས་ཤིང་གྲུབ་པ་བརྙེས་ཀྱང་བྱང་ཆུབ་སེམས་དཔའི་སྨོན་ལམ་དུས་སུ་སོན་པའི་སྟོབས་ཀྱིས་དེ་ཙམ་གྱིས་ཐུགས་མ་ཚིམས་ཏེ་འཕགས་ཡུལ་དུ་བྱོན་རྡོ་རྗེ་གདན་པ་སོགས་རྩ་བའི་བླ་མ་རྣམ་བཞི་གཙོ་བོར་གྱུར་པའི་མཁས་གྲུབ་བརྒྱ་དང་ལྔ་བཅུའི་ཞབས་ལ་གཏུགས་ཏེ་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་གསན། ཁྱད་པར་རྡོ་རྗེ་འཆང་ལས་དངོས་ཆོས་གསན་ཅིང་དག་པའི་ས་གསུ་མ་ལ་བཞུགས་པ་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ་དང་། སུ་ཁ་སིདྡྷི་དངོས་སུ་མཇལ་ཞིང་གདམས་པ་ཟབ་མོ་བསྩལ་པས་སྐུ་ཡི་གནས་ལྔར་གཏུམ་མོ་སྟོན་པའི་མཐར་ཐུགས་དགྱེས་པར་མཛད། ལས་རྒྱ་མཐར་ཐུག་བདེ་མཆོག སྒྱུ་ལུས་འོད་གསལ་མཐར་ཐུག་གསང་འདུས།རྨི་ལམ་མཐར་ཐུག་མ་ཧཱ་མཱ་ཡཱ། ཕྲིན་ལས་མཐར་ཐུག་རྡོ་རྗེ་འཇིགས་བྱེད་དེ། རྒྱུད་སྡེ་ལྔ་དངོས་སུ་གྲུབ་པས་མཚོན།མདའ་བསྣུན་ཞབས་སོགས་མཆོག་གི་གྲུབ་ཆེན་རྣམས་དང་དབྱེར་མི་ཕྱེད་པའི་གྲུབ་པའི་དབང་ཕྱུག་ཆེན་པོར་གྱུར། གཙང་གཡས་རུ་ཤངས་ཀྱི་ཞང་ཞུང་དུ་གདན་ས་མཛད་པས་བླ་མ་ཤངས་བ་དང་། བརྒྱུད་འཛིན་རྣམས་ལའང་ཤིང་བ་བཀའ་བརྒྱུད་དུ་གྲགས། དགུང་ལོ་བརྒྱ་དང་ལྔ་བཅུར་བཞུགས་ཤིང་གདུལ་བྱ་བསམ་གྱིས་མི་ཁྱབ་པ་སྨིན་གྲོལ་མཛད་པས་གཤེས་གཉེན་ཁྲི་ཕྲག་བཅོ་བརྒྱད་ལ་སོགས་པའི་བུ་སློབ་བྱུང་། མཁས་གྲུབ་ཁྱུང་པོའི་ཁྱད་པར་གྱི་ཆོས་སྐྱོང་མྱུར་མཛད་ཡེ་ཤེས་མགོན་པོའི་ཆོས་སྐོར་ནི་རྗེ་རིན་པོ་ཆེ་ཡབ་སྲས་རྣམས་ཀྱིས་ཆོས་སྐྱོང་གི་གཙོ་བོར་མཛད་པས་དབུས་གཙང་ཁམས་གསུམ་རྒྱ་བོད་སོག་གསུམ་ཡན་ཆོད་དུ་མཆོད་བསྟོད་སྒྲུབ་ཕྲིན་གྱིས་ཁྱབ་པར་སྣང་ངོ་།།
དྲུག་པ། གངས་ཅན་སྒྲུབ་རྒྱུད་དྲུག་པ་མདོ་སྔགས་ཟུང་འཇུག་གི་ཆོས། སྤྱི་མིང་སྒེར་དུ་ཆགས་པ་དམ་ཆོས་སྡུག་བསྔལ་ཞི་བྱེད་ཅེས་ཕྱི་ནང་གི་རྟེན་འབྲེལ་གྱི་ཆོས་ལ་མངའ་བརྙེས་ཤིང་། མཁས་དང་གྲུབ་པའི་རྣམ་ཐར་བསམ་གྱིས་མི་ཁྱབ་ཅིང་བརྟུལ་ཞུགས་དང་རྫུ་འཁྲུལ་ལ་མངའ་བརྙེས་པས་ས་བཅུའི་བྱང་ཆུབ་སེམས་དཔའ་ཆེན་པོ་གྲུབ་པའི་དབང་ཕྱུག་ཕ་དམ་པ་སངས་རྒྱས་ལ་བཀའ་བབས་པའི་གཅོད་ཡན་ལག་དང་བཅས་པ་ནི།
རྒྱ་གར་བཻ་ཏཱའི་ཡུལ་གྱི་ཙ་ཏ་སེང་ངར་སྐུ་འཁྲུངས་པའི་མཁས་པ་ཆེན་པོ་ཀ་མ་ལ་ཤཱི་ལའམ་བོད་དང་རྒྱ་ནག་ཏུ་ཕ་དམ་སངས་རྒྱས་སུ་གྲགས་པ་དེས་གྲུབ་ཐོབ་ཕོ་མོ་ལྔ་བཅུ་ང་བཞི་ལས་གདམས་པ་ཟབ་མོ་མཐའ་དག་གསན་ནས་རྩེ་གཅིག་ཏུ་སྒྲུབ་པ་མཛད་པས་བཅུད་ལེན་སོགས་གྲུབ་པ་ཆེན་པོ་བརྒྱད་ཐོབ་པས་དགུང་ལོ་ལྔ་བརྒྱ་དང་བདུན་བཅུ་བཞུགས། ཐུགས་དམ་བདེ་གཤེགས་བཅུ་གཉིས་དང་། ངོ་མཚར་མཁའ་སྤྱོད་ཀྱི་བླ་མ་སུམ་ཅུ་རྩ་དྲུག་སོགས་ཀྱིས་ཞལ་གཟིགས། མཆོག་གི་དངོས་གྲུབ་མཐོང་ལམ་ཆེན་པོའི་ཡེ་ཤེས་བརྙེས་པ་དེ་ཉིད་ཀྱིས་རྟེན་གཞིའི་གཙོ་བོ་ཤེར་ཕྱིན་རྒྱས་འབྲིང་བསྡུས་གསུམ། ཨཱ་ལི་ཀཱ་ལི་ཆུ་ཀླུང་ཆེན་པོའི་རྒྱུད་སོགས་ཀྱི་དོན་ཉམས་ལེན་དུ་དྲིལ་བ།རྟེན་སྡོམ་པ་གསུམ་ལྡན།ལམ་དཀའ་ཐུབ་ཀྱི་སྲང་།འབྲས་བུ་གཞན་དོན་སྤྱོད་པ་ཉིད་ཀྱི་རྣམ་པར་ཐར་པ་དང་མཐུན་པར།ལས་ཅན་གནམ་གྱི་སྐར་མ་ཙམ་སངས་རྒྱས་ཀྱི་ས་ལ་བསྒྲལ་བར་མཛད་པའི། དམ་པ་ཉིད་བོད་ཡུལ་འདིར་སྔ་ཕྱི་ལྔ་ཙམ་ཕེབས། ཞི་བྱེད་ཀྱི་བརྒྱུད་པ་རིམ་པ་གསུམ་དུ་གྲགས་པས། བརྒྱུད་པ་གསུམ་ག་རོག་བདེ་གཤེགས་ཆེན་པོ་ལ་བཀའ་བབས་ཤིང་། དེ་ནས་རོག་ཐམས་ཅད་མཁྱེན་པ་སོགས་རིམ་གྱིས་བརྒྱུད་དེ་སྔར་དར་རྒྱས་སུ་བཞུགས་པར་འདུག་ཀྱང་དེང་སང་མཚན་ཙམ་དུ་གྱུར་ཅིང་། སྨིན་གླིང་ལོ་ཆེན་དྷརྨ་ཤྲཱིས་འབད་པ་རྩོལ་ཆེན་པོས་རྒྱུན་གང་བཞུགས་གསན་ཅིང་ཡིག་ཆ་བཀླག་ཆོག་ཏུ་མཛད་པའི་བཀའ་དྲིན་ལས། བརྒྱུད་པ་སྔ་ཕྱི་བར་གསུམ་དང་། ཁྱད་པར་དམ་ཀུན་དགའ་ལུགས་ཀྱི་སྨིན་གྲོལ་རྩ་བ་ཙམ་བཞུགས་པར་སྣང་ངོ་། ཡན་ལག་གཅོད་ཡུལ་ལ་ཕོ་གཅོད་མོ་གཅོད་གཉིས་སུ་གྲགས་པ་ལས། སྔ་མ་ནི། ཕ་དམ་པ་སངས་རྒྱས་ཀྱིས་སྐྱོ་སྟོན་ཤཱཀྱ་ཡེ་ཤེས་དང་ཡར་ལུང་སྨ་ར་སེ་བོ་ལ་མདོ་ལུགས་རང་རྐང་གི་གཅོད་ཨཱརྱ་དེ་བའི་གཞུང་ཆུང་ལྔ་བཅུ་པའི་དོན་གདམས་ངག་བྲུལ་ཚོ་དྲུག་པ་ཞེས་བྱ་བ་གནང་།སྐྱོས་རང་གི་དཔོན་བསོད་ནམས་བླ་མ།དེས་མ་གཅིག་ལབ་སྒྲོན་ལ་བྲུལ་ཚོ་བཞི་གནང་བར་གྲགས།སྨ་ར་སེ་བོ་ལས་བརྒྱུད་པའི་སྐོར་རོག་ཤེས་རབ་འོད་དང་མཁས་གྲུབ་གཞོན་ནུ་གྲུབ་རྣམས་ལས་འཕེལ་བ་ནི་ཕོ་གཅོད་དུ་གྲགས་པའོ།།
མོ་གཅོད་ནི་ཡུམ་ཆེན་མོ་ཤེས་རབ་ཕར་ཕྱིན་མི་མོའི་རྣམ་པར་སྣང་བ་མ་གཅིག་གི་ཞལ་ནས། ཤེར་ཕྱིན་བཀླགས་པས་སྟོང་ཉིད་ལྟ་བ་སྐྱེས།དམ་པས་སྙིང་གཏམ་ཚིག་གཅིག་གསུངས་པས་རྒྱུད་གྲོལ་ཏེ་རང་བཞིན་གྱི་རྣལ་འབྱོར་མར་གྱུར། ཤེར་ཕྱིན་གྱི་དགོངས་དོན་མ་གཅིག་ཉིད་ཀྱི་དགོངས་ཉམས་ལས་འཁྲུངས་པའི་གཅོད་ཡུལ་གྱི་ལམ་སྲོལ་རྒྱ་ཆེན་པོ་ཕྱེས་ཏེ་གདམས་སྐོར་བསམ་གྱིས་མི་ཁྱབ་པ་མཛད་པ་ཐམས་ཅད་ཕ་བརྒྱུད་ཐབས། མ་བརྒྱུད་ཤེས་རབ།གཉིས་མེད་དོན། མཁའ་འགྲོ་ཉམས་ཀྱིས་བརྒྱུད་པ་བཞིས་བསྡུས་ཤིང་། ཞལ་སློབ་གྲུབ་ཐོབ་ཕོ་མོ་བརྒྱ་དང་རྩ་བརྒྱད་སོགས་སློབ་ཚོགས་མང་པོས་བོད་ཁམས་ཁྱབ་པ་དང་། ཟབ་ཆོས་མང་པོ་ཞིག་མ་གནང་བར་གཏེར་དུ་སྦས་ལ་ཕྱིས་སུ་མ་གཅིག་ཉིད་ཀྱི་རྣམ་སྤྲུལ་ལ་འདུས་རྡོ་རྗེ་སྒྲོན་མས་བཏོན་པ་དང་།ཁུ་སྒོམ་སྐྱེ་བ་ཀུན་སྤངས་བརྩོན་འགྲུས་སེངྒེས་སླར་ཡང་གཏེར་ནས་བྱུང་བ་ཟབ་ཅིང་རྒྱ་ཆེ་བ་བཞུགས་པ་ལས།ཕྱི་མའི་རྒྱུན་རྒྱ་སྟོན་གཅོད་བརྒྱུད་ད་ལྟའི་བར་ཟམ་མ་ཆད་པར་སྣང་ངོ་།།
བདུན་པ། གངས་ཅན་བསྒྲུབ་བརྒྱུད་ཤིང་རྟ་བདུན་པ་རྣལ་འབྱོར་བླ་མེད་རྒྱུད་ཐམས་ཅད་ཀྱི་ཟབ་པའི་མཐར་ཐུག སངས་རྒྱས་རིན་ཆེན་ཟ་མ་ཏོག་ཁ་འབྱེད་པའི་མན་ངག རྡོ་རྗེ་སེམས་དཔའ་མ་ནིང་གི་གོ་འཕང་རྟེན་འདིར་མངོན་སུམ་དུ་བྱེད་པ་ལ་མཆོག་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་རྩ་རྒྱུད་ལས་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་པ་ནི།
སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དུ་རྡོ་རྗེ་ཐེག་པ་བླ་མེད་ཀྱི་རྩ་བའི་རྒྱུད་མཐའ་དག་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འདུས་པ་ཆེན་པོའི་འཁོར་རྣམས་ལ་ཆོས་བསྟན་པའི་ཚེ། སྤྲུལ་པའི་ཆོས་རྒྱལ་ཟླ་བ་བཟང་པོས་གསོལ་བ་བཏབ་པའི་ངོར་དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་གསུངས་པ་ཉིད། ཤམྦྷ་ལའི་ཡུལ་དུ་ཆོས་རྒྱལ་བདུན་མ་རྫོགས་ཀྱི་བར་དར་རྒྱས་སུ་སྤྱོད། དེ་ནས་རིགས་ལྡན་འཇམ་དཔལ་གྲགས་པས་དེ་ལས་བསྡུས་པའི་རྒྱུད་མཛད་པ་ལ།རིགས་ལྡན་པདྨ་དཀར་པོས་འགྲེལ་ཆེན་གྱིས་བཀྲལ། སྤྲུལ་པའི་རིགས་ལྡན་རིམ་བྱོན་པ་རྣམས་ཀྱིས་སྤེལ་བར་མཛད་པ། རྒྱ་གར་འཕགས་ཡུལ་དུའང་སྔ་ཐོག་ཞིག་ནས་གྲུབ་ཆེན་རྣམས་ལ་ཐོར་བུར་སྣང་མོད།ཐུན་མོང་གི་སྤྱོད་ཡུལ་དུ་ཐོག་མར་སྣང་བར་མཛད་པ་པོ་ནི་ཙི་ལུ་པནྟི་ཏ་སྟེ། དེ་ཉིད་ཤམྦྷ་ལར་སེམས་འགྲེལ་ཚོལ་བར་བྱོན་པའི་ལམ་ཀར་རིགས་ལྡན་གྱི་སྤྲུལ་བས་རྗེས་སུ་བཟུང་སྟེ་དབང་རྒྱུད་འགྲེལ་མན་ངག་མཐའ་དག་གནང་ཞིང་བྱིན་གྱིས་བརླབས་པས་མཐའ་དག་ཁོང་དུ་ཆུད།དེའི་སློབ་མ་པིཎྜོ་ཨཱ་ཙརྱ་སྟེ་སློབ་དཔོན་བསོད་སྙོམས་པར་གྲགས་པ་ལས། དུས་འཁོར་ཞབས་ཆེན་པོའམ་ཙི་ལུ་པ་ཆུང་བར་ཡང་གྲགས་པ་འཇམ་པའི་རྡོ་རྗེས་གསན། སྤྲུལ་པའི་རིགས་ལྡན་གྱིས་བྱིན་གྱིས་བརླབས་པའི་མཐུས་གྲུབ་པ་བརྙེས་ཤམྦྷ་ལར་དངོས་སུ་ཕེབས་ཏེ་དབང་རྒྱུད་མན་ངག་རྫོགས་པར་མཛད། འདི་ཉིད་རྩལདུ་བཏོན་ཏེ་འཆད་ཉན་མཛད་པས།ནཱ་རོ་པ།རཏྣ་ཀ་ར། གུཔྟ་སོགས་སློབ་མ་མང་དུ་བྱུང་བ་ལས།ཨ་བ་དྷཱུ་ཏི་པ།ཤྲཱི་བྷ་དྲ་བྷོ་དྷི། ནཱ་ལེནྡྲ་གསུམ་ལ་དུས་ཞབས་པ་ཆུང་བ་སོ་སོར་གྲགས། བོད་ཡུལ་འདིར་ཐོག་མ་གྱི་ཇོ་ལོ་ཙཱ་བ་ཟླ་བའི་འོད་ཟེར་གྱིས་དུས་ཞབས་པ་ཤྲཱི་བྷ་དྲ་སྤྱན་དྲངས་ནས་རྒྱུད་འགྲལ་བསྒྱུར་ཅིང་མན་ངག་བསྒྱུར། ཁྲོམ་ལོ་ཙཱ་བ་པདྨ་འོད་ཟེར་སོགས་བུ་ཆེན་བཞིར་གྲགས་པ་བྱུང་། དེ་ནས་རིམ་པར་བརྒྱུད་པ་མ་འདྲ་བ་ཇོ་ལུགས་དང་།རྭ་ལུགས། འབྲོ་ལུགས། ཙཱ་མི་ལུགས། གཉོས་ལུགས། ཆག་ལོ་ལུགས་སོགས་མང་དུ་བྱོན་ཏེ་དུས་འཁོར་སྦྱོར་དྲུག་ཉི་མ་བཞིན་གསལ་བའོ།།
བརྒྱད་པ།སྒྲུབ་བརྒྱུད་ཤིང་རྟ་བརྒྱད་པ་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ནི།
མཁས་གྲུབ་ཨོ་རྒྱན་པ་རིན་ཆེན་དཔལ་དེ་ཉིད་མདོ་སྔགས་ཀྱི་སྦྱངས་པ་མཐར་ཕྱིན། ཁྱད་པར་དུས་ཀྱི་འཁོར་ལོ་ལ་མཁས་པའི་ཕུལ་དུ་གྱུར། རྒྱལ་བ་རྒོད་ཚང་པ་ལས་རྟོགས་པ་མཐར་ཐུག་སྐྱེས་ཏེ་མཐོང་ལམ་གྱི་བདེན་པ་གཟིགས། ཆོས་རྗེས་ཀྱང་བརྟུལ་ཞུགས་རང་དང་མཉམ་པའི་ཐུགས་སྲས་སུ་བསྔགས་པ་དང་། སྤྱོད་པ་མཐར་ཕྱིན་པར་བྱ་བའི་ཕྱིར་ཛ་ལེནྡྷ་ར་སོགས་གནས་ཡུལ་མང་དུ་བྱོན། ཁྱད་པར་དུ་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་བྱོན་པ་ན་བར་ཆད་དང་ཆོ་འཕྲུལ་མང་དུ་བྱུང་བ་ལྟ་བའི་གདེང་དང་བརྟུལ་ཞུགས་ཀྱི་ཟིལ་གྱིས་མནན། ཡུལ་དབུས་དྷཱུ་མ་ཐ་ལའི་ཕྱོགས་བཞིར་རིགས་བཞི་མཁའ་འགྲོས་བྱིན་གྱིས་བརླབས། སྤྲུལ་པའི་མཛེས་མས་ལུང་བསྟན་པ་བཞིན་ཀ་པོ་ཀ་ཞེས་པའི་གྲོང་དུ་རྡོ་རྗེ་རྣལ་འབྱོར་མ་ཉིད་སྨད་འཚོང་མའི་གཟུགས་སུ་བསྟན་ནས་བཟའ་བཏུང་དང་རེག་བྱའི་བདེ་བ་སྩལ་ཏེ་རྩ་ཡི་མདུད་པ་བཀྲོལ། སྒྲ་དང་ས་གཡོ་བ་ལ་སོགས་ལྟས་ཆེན་པོ་དང་བཅས་སླར་རྡོ་རྗེ་བཙུན་མོ་དངོས་སུ་སྣང་བས་གདམས་པ་རྫོགས་པར་གནང་། སྔར་གྱི་མཁའ་འགྲོ་བཞི་དང་སེངྒེའི་གདོང་ཅན་ལྔ་པོས་ཀྱང་གདམས་པ་སྣ་རེ་གནང་བས་མཆོག་ཐུན་མོང་གི་གྲུབ་པ་བརྙེས། བོད་དུ་བྱོན་ནས་ཐོག་མར་ལུང་བསྟན་ཐོབ་པའི་སློབ་མ་མཁར་ཆུ་རིན་པོ་ཆེས་གསོལ་བ་བཏབ་པའི་ངོར་རྡོ་རྗེའི་ཚིག་རྐང་ཡི་གེར་བཀོད། དམིགས་རྐང་གནང་བ་རྣམས་བརྗེད་ཐོ་བསྡུས་པའང་མཛད། ཁྲིད་གཉེར་བ་ཟླ་བ་སེངྒེས་མན་ངག་རྣམས་གླེགས་བམ་དུ་བསྡོམས། གོ་ལུང་པ་གཞོན་ནུ་དཔལ་གྱིས་དྲི་བ་ཞུས་པའི་ལན་འདེབས་གནང་བ་ཐོར་བཀོད་པ་དང་། ཟུར་ཕུག་པ་རིན་ཆེན་དཔལ་བས་མཛད་པའི་ཊཱི་ཀ་ཆེན་མོ་དང་། མཁས་པ་ཤངས་སྟོན་དང་། སྙེ་མདོ་ཀུན་དགའ་དོན་གྲུབ་གཉིས་ཀྱི་རྡོ་རྗེའི་ཚིག་རྐང་གི་རྣམ་བཤད་མཛད་པ་རྣམས་ལ་ཊཱིཀ་ཆེན་བཞི་ཟེར།སྦུ་ཏྲ་བ་བསོད་ནམས་འོད་ཟེར་ལས་ཆོས་རྗེ་གངས་པ་བརྒྱུད་དཔལ་ལྡན་བླ་མ་བསོད་ནམས་རྒྱལ་མཚན་ནས་གསན་པ་སོགས་བརྒྱུད་སྲོལ་ཡང་མང་དུ་བྱུང་ཞིང་། ཀུན་མཁྱེན་རང་བྱུང་ཞབས་ཀྱིས་གྲུབ་ཆེན་ཉིད་ལས་གདམས་སྐོར་རྫོགས་པར་གསན་ཏེ་རྡོ་རྗེའི་ཚིག་གི་མདུད་གྲོལ་དང་གདམས་ངག་གི་གནད་གཞན་ལས་ཁྱད་པར་དུ་འཕགས་པའི་ལམ་བཟང་པོ་གསལ་བར་མཛད་དོ།།
གཞན་ཡང་སྒྲུབ་བརྒྱུད་ཀྱི་བཀའ་སྲོལ་ཟུར་བ་མེད་པའི་ཕྲན་ཚེགས་ཀྱི་བྱུང་བ་མཐའ་ཡས་སོ་ཞེས་[17](གདམས་ངག་མཛོད་)ལས་རྒྱ་ཆེར་གསུངས་པ་དང་།བྱང་ཆུབ་ལམ་རིམ་ཆེན་མོ་ལས།བསྟན་པ་ཐམས་ཅད་འགལ་མེད་དུ་རྟོག་པའི་ཆེ་བ།གསུང་རབ་ཐམས་ཅད་གདམས་ངག་གོ་བའི་ཆེ་བ།ཉེས་སྤྱོད་ཆེན་པོ་རང་འགག་ཏུ་འགྲོ་བའི་ཆེ་བ།རྒྱལ་བའི་དགོངས་པ་བདེ་ལགས་ཏུ་རྙེད་པའི་ཆེ་བ་ཞེས་གསུངས་པ་ལྟར་ཕྱོགས་དང་རུས་སུ་མ་བཅད་པར་རྒྱལ་བོས་བསྟན་པ་ཐམས་ཅད་ཀྱི་ལོ་རྒྱུས་ཉུང་ཙམ་ཞུས་པ་ཡིན།
དེ་ལྟར་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་གྲངས་དང་ལྡན་པའི་སྒྲུབ་སྡེ་རིན་པོ་ཆེ་བརྒྱད་ཀྱི་ལོ་རྒྱུས་ཉུང་ཙམ་བརྗོད་པ་སྔོན་སོང་ཟིན་ལྟར་ད་ལྟ་སྐབས་སུ་བབ་པ་ནི།
པདྨ་བཀའ་ཐང་ལས།
ཡུལ་ཆེ་ས་ཡངས་འཁྲུགས་པའི་བསྐལ་བ་འབྱུང་ཿ
སྔགས་པ་མཐུ་བསྒྲུབ་སྐྱེ་བོས་ཟློག་པ་སློབཿ
མི་བསད་སྟོང་ལ་སྐུ་དང་གསུང་རབ་འཇལཿ
གྲོང་སྟོད་གྲོང་སྨད་འགྲོ་ལ་སྐྱེལ་མ་འཁྲིདཿ
སྲིན་མོ་སྦད་རྗེས་ཁོ་མཐིང་གཏེར་ཀ་འདིཿ
མི་བཞག་འདོན་པའི་རྟགས་དེར་བསྟན་ནས་འབྱུང་ཿ
མངའ་བདག་སྤྲུལ་བ་ཉང་རལ་ཞེས་བྱ་འབྱུང་ཿ ཞེས་གསུངས་པའི་ལུང་བསྟན་དུས་ལ་བབ་ཏེ་[18]“ཆོས་རྒྱལ་ཚངས་པ་ལྷ་ཡི་མེ་ཏོག་གི་སྐྱེ་འཕྲེང་བཅུ་དྲུག་པ་མངའ་བདག་ཉང་ཉི་མ་འོད་ཟེར(ཤིང་འབྲུག1124 དགོང་གྲངས་དྲུག་ཅུ་རེ་དགུར་བཞུགས། ཆུ་བྱི1192)མཆོག་ནི།གདུང་བརྒྱུད་ཉང་ལས་ཆད་ཅིང་། རལ་བའི་ཐོར་གཙུག་གླེགས་བམ་སྤྱི་བོར་བཅིངས་ཏེ་སྔགས་འཆང་གིས་གོས་དཀར་ཅན་གྱི་ཆས་སུ་བཞུགས་པས་ཡོངས་གྲགས་སུ་མངའ་བདག་ཉང་རལ་ཞེས་སུ་འབོད།དམ་པ་འདི་ཉིད་ཡབ་ཉང་སྟོན་ཆོས་ཀྱི་འཁོར་ལོ་དང་།ཡུམ་པདྨ་བདེ་བ་རྩལ་གྱི་སྲས་སུ་རབ་བྱུང་གཉིས་པའི་ཤིང་འབྲུག་ལོར་ལྷོ་བྲག་གཏམ་ཤུལ་དུ་སྐུ་འཁྲུངས། སྐུ་ཆུང་ངུའི་དུས་ནས་ཡབ་ཉང་སྟོན་ལས་རྟ་མགྲིན་གྱི་དབང་གསན་ཅིང་སྒྲུབ་པ་མཛད་པས། ཡི་དམ་ལྷའི་ཞལ་གཟིགས། སྒྲུབ་རྟེན་ཟངས་ཀྱི་ཕུར་བས་རྟ་སྐད་འཚེར། སྨྲ་བོ་ཅོག་གི་བྲག་རྩར་ཕེབས་པ་ན་ཡེ་ཤེས་ཀྱི་མཁའ་འགྲོ་མའི་ཉི་མ་འོད་ཟེར་ཞེས་སུ་མཚན་གསོལ་བ་ནས་ཕྱིན་ཆད་དེ་ལྟར་གྲགས། ཞིག་པོ་ཉི་མ་སེངྒེ་དང་། མལ་ཀ་བ་ཅན་པ། སྟོན་པ་ཁ་ཆེ་སོགས་མཁས་གྲུབ་ཀྱི་བླ་མ་མང་དུ་བསྟེན།མདོ་སྔགས་ཀྱི་གཞུང་ལ་གསན་བསམ་རྒྱ་ཆེར་མཛད། བླ་མ་གསུམ་འདུས་ཀྱི་སྒྲུབ་པ་ལོ་གསུམ་མཛད་པས་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཞལ་དངོས་སུ་མཇལ།གསུང་གི་རྗེས་གནང་དབུགས་དབྱུང་ཐོབ། བཀའ་བབ་རིག་འཛིན་བརྒྱད་དང་བཅས་པའི་བཀའ་བརྒྱད་སྤྱི་དང་བྱེ་བྲག་གི་དབང་སོ་སོར་བསྐུར་ཅིང་རྒྱུད་ལུང་མན་ངག་རྫོགས་པར་གནང་། གྲུབ་ཐོབ་དངོས་གྲུབ་མདུན་དུ་བཀའ་བརྒྱད་རྫོང་འཕྲང་གསན་ནས་བཀའ་གཏེར་ཆུ་བོ་གཅིག་འདྲེས་སུ་གྱུར། གྲུབ་ཐོབ་ཀྱིས་ལྷ་ས་བཏོན་པའི་ཐུགས་རྗེ་ཆེན་པོའི་ཆོས་སྐོར་ཤོག་དྲིལ་ལྔ་པོའང་བདག་པོ་ཁྱེད་ཡིན་གསུངས་ནས་གནང་། མཁོ་མཐིང་རྣམ་སྣང་གི་སྐུ་རྒྱབ་ནས་གཏེར་སྒྲོམ་སྨུག་པོ་ཅིག་བཏོན་པའི་ནང་ནས་བཀའ་བརྒྱད་བདེ་གཤེགས་འདུས་པའི་རྒྱུད་ལུང་མན་ངག་དང་བཅས་པའི་ཆོོས་ཚན་བརྒྱ་དང་སུམ་ཅུར་བཀོད་པ་བཻ་རོ་ཙ་ན་དང་ལྡན་མ་རྩེ་མང་གིས་ཆོས་རྒྱལ་གྱི་ཕྱག་དཔེར་བྲིས་པ་དེ་དང་། གཏེར་སྒྲོམ་སྐྱ་བོ་ཞིག་བཏོན་པའི་ནང་ནས་རྟ་མགྲིན་གྱི་སྐུ་གསུང་ཐུགས་རྟེན་དམ་རྫས་སོགས་མང་པོ་བཏོན། གཏེར་གནས་བྲག་སྲིན་མོ་སྦར་རྗེས་ཀྱི་རྩ་བར་ཕེབས་བཞུགས་སྐབས། མཁའ་འགྲོ་མས་གཏེར་སྒྲོམ་དྲེལ་རྒྱབ་བཀལ་བ་ཕུལ།ཟངས་སྒྲོམ་ལས་ཐུགས་རྗེ་ཆེན་པོ་དང་གུ་རུ་ཞི་དྲག་གི་ཆོས་གཏེར། སྟག་སྒྲོམ་ལས་མཁའ་འགྲོའི་ཆོས་སྐོར་སོགས་སྤྱན་དྲངས། གཞན་བསམ་ཡས་མཆིམ་ཕུ་སོགས་དབེན་གནས་བྲག་རི་ལྷ་ཁང་ལས་སྐུ་རྟེན་དང་། དམ་རྫས། ནོར་སྣ་མང་པོ་བཏོན།བཀའ་བརྒྱད་སྨན་སྒྲུབ་སྐབས་སྨན་གྱི་ལྷ་མོས་ཨ་རུ་རློན་པ་ལོ་མ་དང་བཅས་པ་དངོས་སུ་ཕུལ། སྐྱིལ་ཀྲུང་མ་ཞིག་པར་ནམ་མཁའ་ལ་འཕུར་བ་དང་། བྲག་ལ་ཕྱག་རྗེས་བཞག་པ་སོགས་ངོ་མཚར་རྫུ་འཕྲུལ་གྱི་མཛད་པ་མཐའ་ཀླས་པས་དག་མ་དག་གི་སྐྱེ་འགྲོ་ཐམས་ཅད་སྨིན་ཅིང་གྲོལ་བའི་གནས་ལ་འགོད་པར་མཛད་དེ། མཐར་དགུང་ལོ་རེ་དགུ་པ་རབ་བྱུང་གསུམ་པའི་ཆུ་ཕོ་བྱི་བའི་ལོར་ངོ་མཚར་བའི་ལྟས་རྒྱ་ཆེན་པོ་དང་བཅས་ཏེ་ཞི་བའི་དབྱིངས་སུ་གཤེགས་པར་གྱུར།”
བརྒྱུད་ཚུལ་ལ་བཀའ་གཏེར་གཉིས་ལས་བཀའ་མ་ནི། [19] “ཀུན་ཏུ་བཟང་པོ། རྒྱལ་བ་རིགས་ལྔ། རྡོ་རྗེ་ཆོས། མཁའ་འགྲོ་ལས་ཀྱི་དབང་མོ་ཆེ།རྒྱ་གར་རིག་འཛིན་བརྒྱད། ཀུན་འདུས་རིག་འཛིན་པདྨ་སམྦྷ་ཝ། བོད་ཀྱི་གྲུབ་ཆེན་བརྒྱད། གཉགས་ལོ་གཞོན་ནུ།གནུབས་སངས་རྒྱས་ཡེ་ཤེས།ཡོན་ཏན་རྒྱ་མཚོ། པདྨ་དབང་རྒྱལ།སྟག་ཤི་ཚུལ་ཁྲིམས་རྒྱལ་མཚན།ཁམས་པ་ལྷ་ལྡན་བརྩོན། ཁམས་པ་དར་རྒྱལ། ཁམས་པ་ཡེ་ཤེས་དབང་ཕྱུག ཤངས་ཀྱི་གྲུབ་ཐོབ། སྤ་གྲུབ་ཐོབ་དངོས་གྲུབ།དེ་ནས་གཏེར་མ་ལ་ཁྲི་སྲོང་ལྡེའུ་བཙན་ནས་མངའ་བདག་ཉང་རལ་མན་བཀའ་གཏེར་གཅིག་འདུས་སུ་བཞུགས་པ་ལ། སྲས་ཆུང་འགྲོ་མགོན་ནམ་མཁའ་འོད་ཟེར་དང་།དེ་སྲས་འཇམ་དཔལ་སྤྲུལ་པ་བློ་ལྡན་ཤེས་རབ། དེ་སྲས་ཕྱག་རྡོར་སྤྲུལ་པ་མངའ་བདག་བདུད་འདུལ།མངའ་བདག་མདོ་སྡེ་སེངྒེ། ཉང་པདྨ་དངོས་གྲུབ།ཉང་འཇམ་དཔལ་ནོར་བུ། ཉང་ཀུན་དགའ་རྒྱལ་མཚན། ཉང་ནོར་བུ་འཕེལ། ཉང་ཀུན་དགའ་འོད་ཟེར། རྗེ་རིགས་ནམ་མཁའི་རྣལ་འབྱོར། པཎ་ཆེན་པདྨ་དབང་རྒྱལ། འབྲི་ཁུང་པ་རིན་ཆེན་ཕུན་ཚོགས། གཙང་བ་ངག་གི་དབང་པོ། ཚེ་བརྟན་རྒྱལ་པོ། བློ་གྲོས་བཟང་བོ། རྡོ་རྗེ་ཡེ་ཤེས། མྱོས་གདུང་ཁྱབ་བདག་(ལྕགས་ཕག 1611.ཆུ་སྟག1662)གསང་བདག་འཕྲིན་ལས་ལྷུན་འགྲུབ་ནས་སྨིན་གླིང་གཏེར་ཆེན་རིག་འཛིན་འགྱུར་མེད་རྡོ་རྗེའི་”གསན་པའོ།།
པདྨ་བཀའ་ཐང་ལས།
ཆོས་ལོག་ཁྲིམས་རལ་དམ་ཉམས་ལུང་བ་གང་ཿ
ལྷ་མའི་གནས་སུ་གཏམ་ངན་གྲགས་པའི་ཁྱབཿ
ཤ་འུག་སྟག་སྒོར་སྦས་པའི་གཏེར་ཀ་འདིཿ
མི་བཞག་འདོན་པའི་རྟགས་དེར་བསྟན་ནས་འབྱུང་ཿ
ཨོ་རྒྱན་གཏེར་གཏེར་བདག་གླིང་པ་ཞེས་བྱ་འབྱུང་ཿ
ཞེས་གསུངས་པའི་ལུང་བསྟན་དུས་བབ་ནས། [20]“ཨོ་རྒྱན་གཏེར་བདག་གླིང་བའམ་འགྱུར་མེད་རྡོ་རྗེ་(མེ་ཁྱི1646. ཤིང་རྟ་1714)མཆོག་ནི། ཡབ་འོད་གསལ་ལྷའི་གདུང་ལས་ཆད་པའི་མྱོས་སྟོན་གསང་བདག་ཆེན་པོ་ཕྲིན་ལས་ལྷུན་གྲུབ་དང་། ཡུམ་ཤེལ་དཀར་རྡོ་རྗེ་མཚོའི་རྣམ་འཕྲུལ་རྗེ་རིགས་བཟའ་ལྷ་འཛིན་དབྱངས་ཅན་སྒྲོལ་མའི་སྲས་སུ་མེ་ཁྱི་དབོ་ཟླའི་ཚེས་བཅུར་ངོ་མཚར་བའི་ལྟས་དང་བཅས་གྲྭ་དར་རྒྱས་ཆོས་གླིང་དུ་སྐུ་འཁྲུངས། ལོ་གསུམ་བར་ལྷ་མོ་ཛོ་ཀི་སྔོ་སངས་ཅན་དང་ཐོར་ཚུགས་ཅན་གཉིས་ཀྱིས་བུད་མེད་མཛེས་མའི་རྣམ་པར་རྒྱུན་དུ་སྲི་ཞུ་བསྒྲུབས་པ་དང་། དགུང་ལོ་བཞི་པར་ཡབ་རྗེ་ལས་བཀའ་བརྒྱད་གསང་རྫོགས་ཀྱི་དབང་གསན་པས་སྣང་སྤྱོད་ཐམས་ཅད་ལྷའི་དཀྱིལ་འཁོར་གྱི་འཁོར་ལོའི་རྒྱས་ཐེབས་ཏེ་གཙོ་བོ་དང་བླ་མ་དབྱེར་མེད་དུ་གཟིགས་ཤིང་དབང་བཞིའི་ས་བོན་ཐུགས་ལ་འཁྲུངས། བཅུ་བར་བདེ་འདུས་ཀྱི་དབང་གསན་དུས་འོད་གསལ་གྱི་སྣང་བར་ཨོ་རྒྱན་ཆེན་པོས་དབང་བསྐུར་ཅིང་བྱིན་གྱིས་བརླབས་པའི་མཐུས་ནུས་པ་འཕེལ་ཏེ་བུམ་དབང་གི་ཉམས་མྱོང་ཡུལ་སྣང་སྒྱུ་མ་ལྟ་བུར་གཏན་ལ་ཕེབས། དེ་ནས་བརྩམས་ཏེ་ཡབ་རྗེའི་སྐུ་ཚབ་མཛད་ནས་ཕྲིན་ལས་བསྐྱངས།བཅུ་གཅིག་ཐོག་ཕྱག་ན་པདྨ་ལྔ་པའི་གཙུག་ཕུད་ཕུལ། མཚན་ངག་དབང་པདྨ་བསྟན་འཛིན་དུ་བསྩལ། སྐྱིད་གྲོང་གི་རང་བྱུང་འཕགས་པ་ཐོག་མར་ཕེབས་པ་དང་དུས་འགྲིགས་པས་རྟེན་འབྲེལ་བཟང་ཞེས་དགྱེས་པས་དབུགས་དབྱུང་མཛད། དེ་དུས་འཕགས་པའི་ཞལ་ཞི་འཛུམ་ཆགས་ཉམས་གསལ་བའི་ཐུགས་ཀ་ནས་འོད་ཟེར་བྱུང་བ་ཉིད་ཀྱི་སྐུ་ལ་ཐིམ་པ་དང་། བཅུ་བདུན་པ་ལ་བསམ་ཡས་སུ་རྗེ་རྒྱལ་བའི་དབང་པོ་ལྔ་བ་ཆེན་མོར་མཇལ་བའི་ཚེ་སྤྱན་རས་གཟིགས་ཀྱི་རྣམ་པར་གཟིགས། རིམ་པར་རྒྱལ་དབང་ལྔ་བ་དང་ཡབ་རྗེ་གཉིས་ནི་རྩ་བའི་བླ་མ་རྣམ་གཉིས་དང་། གཞན་ཡང་སྨིན་གྲོལ་ཟབ་མོ་གསན་པའི་བསྟན་འཛིན་ཆེན་པོ་བཅུ་དྲུགཟབ་ཆོས་སྣ་ཚོགས་གསན་པའི་ཡོངས་འཛིན་སུམ་བཅུ་རྩ་ལྔ་རྣམས་བསྟེན་ཏེ། སྡེ་སྣོད་གསུམ། རྒྱུད་སྡེ་བཞི། ཐ་སྙད་རིག་གནས་དང་བཅས་པ་སྤྱི་དང་། ཁྱད་པར་མདོ་སྒྱུ་སེམས་གསུམ། མཉམ་སྦྱོར། ཡང་ཕུར་གཤེད་སྐོར་སོགས་སྔ་འགྱུར་བཀའ་མ་དེང་སང་རྒྱུད་ཡོད་དོ་ཅོག་དང་། གཏེར་མ་བླ་རྫོགས་ཐུགས་གསུམ་དང་སྒྲུབ་སྡེ་སྤྱི་བྱེ་བྲག་གི་དགོས་བཀའ་ཡོངས་གྲགས་རྣམས་ཀྱིས་གཙོས་སྔགས་གསར་རྙིང་གི་སྨིན་གྲོལ་རྒྱུན་བཞུགས་ཕལ་མོ་ཆེ་དང་། དེ་ཐམས་ཅད་ཀྱི་རྩ་བར་གྱུར་པ་བཀའ་འགྱུར་རོ་ཅོག་གི་ལུང་སོགས་མཐའ་ཡས་པ་གསན་ཏེ་ཞུབ་པར་གསན་ཡིག་ཆེན་མོར་གསལ་བ་དང་།དགུང་ལོ་བཅུ་གསུམ་པ་ཙམ་ནས་བཟུང་། རྩ་རྒྱུད་གསང་བ་སྙིང་པོ། རྒྱུད་བླ་མ། སེམས་ཉིད་ངལ་གསོ། ཡིད་བཞིན་མཛོད་རྩ་འགྲེལ་རྣམས་ཐུགས་ལ་བཟུང་ནས་ཡབ་རྗེ་ལས་ཁྲིད་བཤད་རིམ་པར་གསན་ཅིང་། ཕྱིས་གནུབས་ཟུར་རོང་ཟོམ་རྣམས་ཀྱི་གསུང་རབ་དང་། ས་པཎ་གྱི་སྡོམ་གསུམ་རབ་དབྱེ། བཅོམ་ལྡན་རལ་གྲིས་རྒྱུད་སྡེ་སྤྱི་རྣམས། རང་བྱུང་ཞབས་ཀྱི་ཟབ་མོ་ནང་དོན་རྣམས་ཀྱང་ཐུགས་ལ་བཙུད་ཅིང་། ཁྱད་པར་ཀུན་མཁྱེན་ཆེན་པོའི་གསུང་རབ་རྣམས་ལ་གཟིགས་རྟོག་ནན་ཏན་མཛད་པས་བློ་གྲོས་ཀྱིས་རྣམ་པར་དཔྱོད་པའི་མཐུ་ཐོགས་པ་མེད་པ་བརྙེས་ཏེ་ཇི་སྙེད་པའི་ཆོས་ལ་སྒྲོ་འདོགས་ཆོད། དྭགས་སྟོན་ཆོས་རྒྱལ་བསྟན་འཛིན་ལས་འདུས་མདོའི་དབང་ཆོག་རིན་ཆེན་ཕྲེང་བའི་སྟེང་ནས་དཀྱིལ་འཁོར་བཞི་བཅུ་རྩ་ལྔར་ཕྱེ་བ་ལས་ཆུ་བོ་བཞི་ཡོངས་རྫོགས་གཏད་རྒྱ་མཐའ་རྟེན་ཚེ་དབང་དང་དབང་ཆོག་སྦྲང་རྩིའི་ཆུ་རྒྱུན་སྟེང་ནས་དཀྱིལ་འཁོར་ཉི་ཤུ་རྩ་གཅིག་རས་བྲིས་ལ་བརྟེན་ཏེ་དབང་ལུང་གདམས་ངག་དང་བཅས་པ་རྣམས་གསན། ཡང་རྡོར་བྲག་རིག་འཛིན་མཆོག་གི་སྤྲུལ་པའི་སྐུའི་དཀྱིལ་འཁོར་ཉི་ཤུ་རྩ་བདུན་དུ་བསྡུས་པའི་རྩ་དཀྱིལ་རས་བྲིས་དང་། དེ་ཕྱིན་ཚོམ་བུ་ལ་བརྟེན་ནས་དབང་ཆོག་རིན་ཆེན་ཕྲེང་བའི་སྟེང་དབང་གདམས་ངག་བཤད་ལུང་དང་བཅས་པ་གསན་ཅིང་།གཉིས་ཀས་གསང་མཚན་འགྱུར་མེད་རྡོ་རྗེ་རྩལ་དུ་གསོལ། སྔོན་གྱི་སྨོན་ལམ་གྱི་འབྲེལ་བས་ཟབ་གཏེར་གྱི་བཀའ་བབ་ཚུལ་ཀྱང་། དགུང་ལོ་བཅོ་བརྒྱད་པ་ཆུ་ཡོས་(1663)ཟླ་བ་ལྔ་པའི་ཚེས་བཅུ་ལ་གཡའ་མ་ལུང་ནས་རིག་འཛིན་ཐུགས་ཐིགཉེར་གཉིས་པ་མེ་ལུག་(1667)ཁྲུམས་ཟླའི་ཚེས་བརྒྱད་ལ་རྫུ་འཕྲུལ་གྱི་བཀོད་པས་ཤེལ་བྲག་ནས་གཤིན་རྗེ་དྲེགས་འཇོམས།སོ་གཅིག་པ་མེ་འབྲུག་(1676)འདི་ལོར་སྨིན་གླིང་དགོན་པ་བཏབ།)སྟག་ཟླའི་ཉ་ལ་ཨོ་དཀར་བྲག་ནས་གུར་དྲག་རྡོར་སེམས་ཨ་ཏིའི་སྐོར། སོ་ལྔ་པ་ལྕགས་སྤྲེལ་(1680)ཆུ་སྟོད་ཟླ་བའི་ཉེར་དགུ་ལ་ཤ་འུག་སྟག་སྒོ་ཐུགས་རྗེ་ཆེན་པོ་བདེ་གཤེགས་འདུས་པའི་ཆོས་སྐོར་རྣམས་མོན་བོད་ཀྱི་སྐྱེ་བོ་བརྒྱ་ཕྲག་ཙམ་ཚོགས་པའི་དབུས་སུ་ཁྲོམ་གཏེར་དུ་སྤྱན་དྲངས་པརམཛད། དེ་དག་གི་བར་མཚམས་སྔ་ཕྱི་ཅི་རིགས་པར་དབེན་གནས་དུ་མར་སྒྲུབ་པ་སྙིང་པོར་མཛད་ནས། གསར་རྙིང་གི་དཀྱིལ་འཁོར་ཆེན་པོ་སུམ་བཅུ་རྩ་ལྔ་ཙམ་གྱི་བསྙེན་སྒྲུབ་དང་། བསྐྱེད་རྫོགས་རྫོགས་པ་ཆེན་པོའི་མྱུར་ལམ་ལ་གནད་དུ་བསྣུན་པས། བསྐྱེད་རིམ་ལ་བརྟེན་པ་ཐོབ་སྟེ་ལས་གང་རྩོམ་ཐོགས་མེད་དུ་འགྲུབ། རྫོགས་རིམ་རྩ་རླུང་ཐིག་ལེའི་འགྲོས་རྣམས་དབུ་མར་དག་པས་ཞུ་བདེའི་ཡེ་ཤེས་ཕྱོགས་བརྒྱར་འབར། རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་འཁྲུངས་པས་གཟུང་འཛིན་གྱི་མཚན་མ་གྲོལ།འཁོར་འདས་ཀྱི་བདེན་འཛིན་ཞིག མཉམ་རྗེས་རིས་མེད་ཀྱི་འོད་གསལ་འཁོར་ཡུག་ལ་དབང་འབྱོར། སྣང་སྤྱོད་ཡེ་ཤེས་ཀྱི་རོལ་པར་ཤར་བས།པད་འབྱུང་།བི་མ། ཧཱུཾ་ཀ་ར། སངས་རྒྱས་གསང་བ། བཻ་རོ། མཚོ་རྒྱལ། ཉང་རལ། ཆོས་དབང་། ཀུན་མཁྱེན་ཆོས་རྗེ་སོགས་རྒྱ་བོད་ཀྱི་པཎ་གྲུབ་དུ་མའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་ཞིང་། རང་གཏེར་གྱིས་མཚོན་པའི་བཀའ་གཏེར་དུ་མའི་དབང་བསྐུར་ཅིང་ཟབ་ལམ་གྱི་གདམས་པའི་གནད་རྣམས་ལྷུག་པར་བཀྲལ་ནས་སྟོན་པ་དང་། རྡོ་རྗེ་གཞོན་ནུ། རྡོར་སེམས། ཡང་དག ཐུགས་རྗེ་ཆེན་པོ། ཞི་ཁྲོ། རྣལ་འབྱོར་མ་སོགས་ཡི་དམ་གྱི་ལྷ་དུ་མས་ཞལ་བསྟན་ཅིང་དབང་བསྐུར། བྱིན་གྱིས་བརླབས་པ་དང་། བདེ་བ་ཅན་དང་རྔ་ཡབ་དཔལ་རི་སོགས་དག་པའི་ཞིང་ཁམས་མང་པོར་བགྲོད་པས་ཞིང་ཡོངས་སུ་འབྱོངས་པའི་ཏིང་ངེ་འཛིན་ལ་དབང་འབྱོར་བ་དང་། མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་ལས་ཐོགས་མེད་དུ་སྒྲུབ་ཅིང་ལུང་སྟོན་པ་སོགས་ངོ་མཚར་བའི་གཟིགས་སྣང་མཐའ་ཡས། ཆགས་ཐོགས་མེད་པའི་མངོན་ཤེས་མངའ་བས་དུས་ཀྱི་འགྱུར་ལྡོག་སོགས་ལུང་བསྟན་པ་རྣམས་ཀྱང་ཕྱིས་ཐོག་ཏུ་མ་ཁེལ་བ་གཅིག་ཀྱང་མ་བྱུང་། གཙོ་བོར་དགུང་གྲངས་སོ་གཅིག་པ་ཡན་དུ་བུམ་དབང་གི་ཉམས་མྱོང་ཡུལ་སྣང་སྒྱུ་མ་ལྟ་བུ་གཏན་ལ་ཕེབས་པས། ཤས་ཆེར་སྐུ་ཡི་འགྲོ་དོན་སྐྱོང་བའི་དུས་ཡིན་པའི་ཕྱིར། ཡུལ་ཐ་དད་པ་དུ་མར་བྱོན་ནས་གདུལ་བྱ་བསམ་མི་ཁྱབ་པའི་རྒྱུད་ལ་ཐར་གྲོལ་གྱི་ས་བོན་བཞག སོ་གཉིས་པ་མེ་སྦྲུལ་(1677)དབོ་ཟླ་ནས་བཟུང་གསང་དབང་གི་ཉམས་མྱོང་རང་རིག་གསལ་སྟོང་དུ་ཤར་ཏེ་གཟུང་འཛིན་དབྱིངས་སུ་གྲོལ་བས། གསུང་གི་འགྲོ་དོན་ལ་གཙོ་བོར་སྤྱོད་པའི་དུས་ཡིན་པའི་ཕྱིར། ཟབ་པ་དང་རྒྱ་ཆེ་བའི་ཆོས་འཁོར་བར་མེད་དུ་བསྐོར་བར་མཛད། སོ་བརྒྱད་བཞེས་པའི་ཆུ་ཕག་(1683)ཁྲུམས་ཟླ་ནས་ཕོ་ཉའི་ལམ་གྱིས་ཞུ་བདེའི་དཔེས་མཚོན་པའི་དོན་གྱི་ཡེ་ཤེས་རིག་སྟོང་བདེ་བ་ཆེན་པོ་ལྷན་སྐྱེས་མི་འགྱུར་བའི་དགའ་བཞི་ཐུགས་རྒྱུད་ལ་འཁྲུངས་པའི་ཉམས་མྱོང་རིམ་གྱིས་འཕེལ་བས་ཐུགས་ཀྱི་འགྲོ་དོན་ཤས་ཆེར་སྤྱོད་པའི་དུས་ཡིན་པའི་ཕྱིར། དེ་ཕྱིན་ཆད་སྤྱིར་ཆོས་བཀའ་རིས་མེད་དུ་གསུང་བ་ཡིན་ནའང་། ཁྱད་པར་ཟབ་ཁྲིད་ཀྱི་གདམས་པ་ཉིད་རྒྱུད་ཐོག་ཏུ་ཅི་སྨིན་འདེབས་པར་མཛད་པས་སྐལ་ལྡན་རྣམས་རང་བྱུང་གི་ཡེ་ཤེས་རང་ཞལ་བལྟ་བ་ལ་བཙན་ཐབས་སུ་བཀྲི་བའི་མཛད་པ་ཁོ་ན་གཙོ་བོར་བདག་གིར་བཞེས་པ་དང་། དེ་ལྟར་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་དང་རོ་མཉམ་པའི་བདག་ཉིད་དུ་གྱུར་པས་ཕྲིན་ལས་ཀྱི་འགྲོ་དོན་མཉམ་ཡངས་ཁྱབ་གདལ་དུ་སྤྱོད་པའི་དུས་ཡིན་པའི་ཕྱིར། མཛད་སྤྱོད་ཐམས་ཅད་རང་དོན་ཡིད་བྱེད་ཀྱི་འཁྲི་བ་ལས་རྣམ་པར་གྲོལ་ནས། བསྟན་འགྲོའི་ཕན་བདེ་འབའ་ཞིག་ཐུགས་སུ་བཅགས་པའི་སྙིང་སྟོབས་ཆེན་པོས་བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་རྣམ་པར་དཀར་བས་དུས་འདའ་བར་མཛད་དེ། ཞིབ་པར་ཕྱི་ནང་གསང་བ་གསུམ་གྱི་རྣམ་ཐར་རྟོགས་བརྗོད་ཆེན་པོ་རྣམས་ལས་ཤེས་པར་བྱ་ལ། གཙོ་བོར་བསྟན་པ་ཡུན་རིང་གནས་པར་བྱ་བའི་ཕྱིར། རྒྱུད་ལུང་མན་ངག་མཐའ་དག་གི་དགོངས་ཟབ་གཅིག་ཏུ་དྲིལ་བ། འཐོར་བ་བསྡུས། གཅུས་པ་བསྲངས། གབ་པ་མངོན་དུ་ཕྱུང་ནས་རྗེས་འཇུག་སྐལ་ལྡན་རྣམས་འཇུག་པའི་ལམ་སྲོལ་མེད་པ། སྔ་འགྱུར་བཀའ་གཏེར་གྱི་སྒྲུབ་དཀྱིལ་དབང་ཆོག་ཁྲིག་ཡིག་གཙོ་བོར་གྱུར་པ་ལས་ད་ལྟའི་སྐབས་སུ་བབ་པ་ནི། ཉང་གི་རྣམ་ཐར་ན་སྨྲ་བོར་གུ་རུས་ཁ་བྱང་གནད་ཡིག་ཡང་བྱང་རྣམས་གཏད་པའི་དུས་ལུང་བསྟན་པ་ནི།
ཁྱོད་ཀྱི་གདུང་རབས་བཅོ་བརྒྱད་བར།།
ང་ཡིས་དབང་བསྐུར་ལུང་གིས་སྐྱོབ།།
བཅུ་གཅིག་བཅུ་གཉིས་ཡན་ཆད་དུ།།
བསྟན་པ་དར་ཞིང་རྒྱས་པར་འགྱུར།།
བཅུ་གསུམ་བཅུ་བཞིའི་དུས་ཙ་ན།།
མི་བརྒྱུད་མང་པོས་ཆོས་བརྒྱུད་འཆོལ།།
དེ་ཚེ་ང་ཡི་སྨོན་ལམ་མཐུས།།
བསྟན་པའི་མེ་རོ་སློང་བའི་བུ།།
ཤེས་རབ་བློ་གྲོས་ལྡན་པ་གཅིག།
འབྱུང་སྟེ་དབང་བརྒྱུད་མན་ངག་རྣམས།།
ལག་ལེན་བསྡེབས་ནས་བོད་འདུ་རུ།།
འགྲོ་དོན་རྒྱ་ཆེར་བྱེད་པ་ཡོང་།།
ནམ་ཞིག་དུས་ན་གཏེར་ན་ཞབས་འདྲིལ།།
ཞེས་པའི་ལུང་བསྟན་ལྟར། [21]“མེ་འབྲུག་(1676)ཟླ་བ་གསུམ་པའི་ཚེས་བཅུ་གསུམ་ནས་བཟུང་མཚམས་ཤིག་བྱས་པ་ལ་བཀའ་བརྒྱད་བདེ་འདུས་ཀྱི་ལས་བྱང་ཞིག་སྒྲིག་འདུན་གྱིས་གསོལ་འདེབས་གཏོར་འབུལ་སོགས་བགྱིས་པར། རྨི་ལམ་དུ་བླ་མ་མངའ་བདག་ཆེན་པོ་ཉིད་སྐུ་ན་དར་མ་བགྲེས་ཕྱོགས་ཞལ་ཁྱོན་ཆེ་ཞིང་སྤྱན་ཁྲ་ཧྲིག་གེ་བ་དབུ་སྐྲ་རལ་པ་བཅིངས་པ་སྐུ་ལ་ཕྲུག་དཀར་པོའི་འདུང་མ་དང་བེར་ཟླུམ་དམར་པོ་གསོལ་བ། ཞལ་འཛུམ་མུལ་ལེ་བ་ཕྱག་ན་བདེ་འདུས་ཀྱི་གཏེར་དཔེ་རྣམས་བཟུང་བ་ཞིག་ངེད་རང་གི་རྩར་བྱོན་ནས། བདེ་འདུས་ཀྱི་གླེགས་བམ་དུ་ང་ཡི་གདུང་རབས་བཅུ་གསུམ་ཙམ་ནས་མི་བརྒྱུད་མང་དུ་འཆལ། ཆོས་བརྒྱུད་འཛིན་པའི་དབོན་རིགས་སྟོང་པའི་ཚེ་ན་ངའི་གཏེར་ཆོས་ཀྱི་ཟབ་དོན་རྣམས་འཁྲུགས་པ་ཁྲུགས་སུ་བསྡེབས་ནས་འགྲོ་བ་མང་པོ་ལ་ཕན་ཟེར་བ་དེ་ཁྱོད་ཡིན་ནོ།། འདི་སློབ་དཔོན་ཆེན་པོ་བཞིའི་ཐུགས་དཔལ་བེའུ་དེ་ཡིན། བོད་ཀྱི་སྔགས་པ་གཞན་རྣམས་ལ་སྐལ་མེད་བ་མེད་པས་ཁྱོད་ལ་གཏོད་པ་ཡིན་གསུངས་ནས་བླ་དཔེ་རྣམས་སྤྱི་བོར་བཞག་སྟེ་གཙོ་དགུའི་སྙིང་པོ་དང་བཀའ་གཏད་མང་པོ་གསུང་དང་། སླར་པུསྟི་རྣམས་འོད་དུ་ཞུ་ནས་དྷཱིཿ དམར་སེར་གྱི་གོང་བུར་སྙིང་གར་ཐིམ་པའི་སྣང་བ་བྱུང་། གཉིད་སད་ཚེ་བདེ་འདུས་ཀྱི་ཚིག་དོན་རྣམས་ཀྱི་དོན་སྤྱི་ཡིད་ལ་རམ་རམ་ཡོད་པ་ལྟ་བུ་བྱུང་། ” གཞན་ཡང་ཟབ་གཏེར་ལུང་བྱང་ལས།
ཁྱད་པར་གཡུ་རུ་གཙང་མའི་སརཿ
ཚོམ་བུ་གཅིག་ཏུ་འདུས་པའི་སྡེཿ
མ་འོངས་བསྟན་པ་ཆེས་འཕེལ་ནསཿ
བོད་ཀྱི་བདེ་སྐྱིད་དགུང་དུ་འདེགསཿ
ཞེས་ལུང་བསྟན་པ་ལྟར། [22] “གོང་ཞབས་ཡས་ཕྱིན་སོགས་ཀྱིས་བླ་ནས་སྩལ་པ་དང་། དད་ལྡན་རྣམས་ཀྱིས་ཕུལ་བའི་དངོས་པོ་དོན་ཡོད་པར་བྱ་བའི་ཕྱིར་སྡོམ་པ་གསུམ་གྱིས་རྒྱུད་བསྡམས་ཤིང་བཤད་སྒྲུབ་ཀྱི་བྱ་བས་དུས་འདའ་བའི་འདུས་སྡེ་ཨོ་རྒྱན་སྨིན་གྲོལ་གླིང་པ་དགེ་འདུན་སུམ་བརྒྱར་ཉེ་བ་ཙམ་གསར་དུ་བསྡུ་བར་མཛད་པ་ལ་རུང་བའི་རྙེད་བཀུར་ཀྱིས་མི་བྲེལ་བར་རྒྱུན་ཆགས་པ་དང་། དེ་དག་གི་གནས་མལ་དང་རྟེན་གསུམ་མཆོད་ཆས་དུས་བཞིའི་སྒྲུབ་མཆོད་ཀྱི་ཡོ་བྱད་དང་རྙེད་པ།གཞན་ཡང་བྲིས་འབུར་གྱི་སྐུ་བརྙན་མང་པོ་དང་། གསེར་དངུལ་གྱི་བཀའ་འགྱུར་གྱིས་མཚོན་པའི་གླེགས་བམ་ལྔ་བརྒྱ་བརྒ་བ་དང་། སྔ་འགྱུར་གྱི་འགྲེལ་བཤད་ཆོག་ཕྲིན་ལ་སོགས་པའི་སྤར་མང་པོ་དང་། སྐུ་འབུམ་མཐོང་གྲོལ་ཆེན་མོས་ཐོགས་དྲངས་པའི་ཐུགས་རྟེན་དུ་མ་བཞེངས་པས་མཚོན་བསྟན་པ་འགྲོའི་ཕན་བདེ་རྒྱས་པའི་མཛད་པ་རླབས་པོ་ཆེ་ཁོ་ན་ལ་རྟག་པར་བརྩོན་པས། ངེས་གསང་སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེ་ཕྱོགས་མཐའ་དག་ཏུ་ནུབ་པ་མེད་པའི་རྒྱལ་མཚན་ཡུན་དུ་བརྟན་པར་མཛད་ནས། མཐར་དགུང་གྲངས་རེ་དགུ་པ་ཤིང་རྟ་ཧོར་ཟླ་དང་པོ་ནས་ཅུང་ཟད་བསྙུང་པའི་ཚུལ་བསྟན་ནས་ཁྱད་པར་ཚེས་ཉེར་ལྔ་ནས་ཁུ་དཔོན་རྣམས་ལ་ཞལ་གདམས་ཕྱི་མཐའི་བསླབ་བྱ་སྩལ། དེ་ནས་བཟུང་རྒྱུན་ཆགས་པར་ནུབ་ཕྱོགས་ཀྱི་ངོས་ནས་རྒྱ་གླིང་ལྟ་བུའི་སྒྲ་སྙན་པ་དང་། ག་བུར་ལྟ་བུའི་དྲི་ངད་ཀྱིས་གཟིམས་སྤྱིལ་ཕྱི་ནང་ཀུན་ཏུ་ཁྱབ་པའང་བྱུང་ཤར་ཕྱོགས་སུ་གོམས་པ་བདུན་འགྲོ་དགོས་ཡོད་གསུངས་ནས་བཞེངས་ཏེ་ཞབས་གོམས་གོམ་བདུན་སྤོས་མཐར་སྐྱིལ་ཀྲུང་གིས་བཞུགས་ཏེ། སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུའི་ངང་།།ཞེས་སོགས་འདའ་ཁ་ཞལ་ཆེམས་ཀྱི་ཚུལ་དུ་གསུངས་ནས།ཟླ་བ་ཕྱི་མའི་ཚེས་གཉིས་ཀྱི་ཉི་དྲོས་ལ་ད་སྟེ་མཁའ་འགྲོའི་བསུ་བ་ཡང་བྱུང་ངོ་གསུངས་ཏེ། ཕྱག་ཌ་དྲིལ་འཁྲོལ་བའི་བརྡ་སྤྱན་ལྟ་སྟངས་དང་བཅས་ཏེ་སྐད་ཅིག་ལ་མཁའ་སྤྱོད་དུ་གཤེགས་སོ།།
དེའི་ཚེ་འཇའ་འོད་ཀྱི་གུར་དང་མེ་ཏོག་གི་ཆར་དང་ས་གཡོ་བ་སོགས་ངོ་མཚར་བའི་ལྟས་དུ་མ་དང་། ཁྱད་པར་གདུང་ཞུགས་ལ་ཕུལ་སྐབས་ཞུགས་དང་དབུ་ཐོད་མེས་མ་སྨས་པར་ཕེབས་ཤིང་། རིང་བསྲེལ་གྱི་ཚོགས་དང་ཞུན་ཐིགས་ལ་རྣམ་རོལ་མཐའ་ཡས་མགོན་གྱི་སྐུ་བརྙེན་བྱོན་གཙང་གཟི་བྱིན་ལྡན་པ་ཕེབས་ཏེ།གཏེར་ལུང་ལས།
འདས་དུས་གདུང་དང་རིང་བསྲེལ་འབྱུང་ཿ སུས་མྱོང་མཁའ་སྤྱོད་བཙན་ས་ཟིནཿ ཅེས་པའི་མངོན་རྟགས་ཀྱང་གསལ་བར་མཛད་དོ།། ཐུགས་ཀྱི་སྲས་དང་གསུང་གི་སྲས་ཀྱིས་མཚོན་པའི་བུ་སློབ་གཏེར་ལུང་ནས་བཤད་པ་ནི། དམ་ལྡན་ཆོས་བདག་སློབ་བུ་ནིཿ ད་ལྟའི་མངའ་བདག་ཡབ་སྲས་སོགསཿ ས་ཐོབ་རྗེ་འབངས་སྐྱེ་བའི་མཐའཿ འགྲོ་དོན་ནུས་པ་སུམ་བཅུ་ལྔཿ རང་དོན་ཐུབ་པ་བརྒྱ་རྩ་བརྒྱདཿ ཆོས་ཀྱིས་འབྲེལ་བ་སྟོང་ཚོ་གཉིསཿ སྨོན་ལམ་འབྲེལ་བ་ཁྲི་ཕྲག་ལྔཿ ལས་ཀྱིས་འབྲེལ་བ་དྲུག་ཅུ་བདུནཿ གདུགས་ཐོགས་བདུན་གྱིས་ཞབས་ནས་འདེགསཿ མི་ཆེན་གསུམ་གྱིས་མངའ་ཐང་སྤེལཿ”ཞེས་གསུངས་པ་ལྟར་རོ།།
རིགས་སྲས་རྒན་པ་པདྨ་འགྱུར་མེད་རྒྱ་མཚོ་ནི།
[23]“རྟ་མགྲིན་གྱི་སྤྲུལ་བ་རྡོ་རྗེའི་མིང་ཅན་དུ་ལུང་གིས་ཟིན་ཅིང་མེ་ཕོ་སྟག་ལ་(1686)སྐུ་འཁྲུངས། མཚན་ཤེས་རབ་རྣམ་རྒྱལ་རྡོ་རྗེ་འབུམ་དུ་གསོལ། ཆུང་ངུ་ནས་ཡབ་རྗེ་དམ་པ་དང་། ལོ་ཆེན་རིན་པོ་ཆེ་སྐུ་མཆེད་ཀྱི་དྲུང་དུ་ཆོས་རྣམས་བུམ་པ་གང་འབྱོར་གསན། དགོང་ལོ་ཉི་ཤུ་པ་ལ་བསྙེན་པར་རྫོགས། ཆོས་རྗེ་གཞན་ཕན་དབང་པོའི་དྲུང་དུ་འདུལ་མཛོད་དབུ་ཕར་སོགས་རིགས་ལམ་ནས་དྲངས་པའི་ལུང་རིགས་ཀྱི་བཤད་པ་མཐའ་ཆོད་གསན།བླ་མ་དམ་པ་རྣམ་གཉིས་ཀྱི་གསན་པ་གང་ཡོད་ཀྱི་སྟེང་དུ་གོང་དཀར་ཆོས་སྡེ་ནས་སློབ་དཔོན་དབང་ཕྱུག་པ་སྤྱན་དྲངས་ནས་རྡོ་རྗེ་ཕྲེང་བ་སོགས་གསར་མའི་ཆོས་རྒྱུན་ཡོད་དོ་ཅོག་ཀྱང་གསན།བསྟན་བཅོས་ཀྱང་སྙན་ངག་ཊཱི་ཀཕར་ཕྱིན་གྱི་འབྲུ་འགྲེལ་དང་། སྤྱི་དོན་ཆེན་མོ།གསང་སྙིང་སྤྱི་དོན། སྡོམ་གསུམ་ཟུར་འདེབས། འདའ་དཀའ་སྨོན་ལམ་གྱི་འགྲེལ་པ། བདེ་ཀུན་དབང་གི་རྣམ་བཤད། ཚེ་བདག་གི་ལས་སྦྱོར་ལ་གཅེས་པའི་མན་ངག་སྒྲོན་མ་བདུན་པ། གཞན་ཡང་དབང་དང་སྒྲུབ་ཕྲིན་ཁྲིད་ཡིག་ལས་ཁ་ཚར་དང་བཅས་པའི་བསྟན་བཅོས་མང་དུ་མཛད། ཡབ་ཀྱི་ཞལ་ཆེམས་སུའང་ཆོས་ཀྱི་ཆ་ནས་ཕ་བས་བུ་ལྷག་ཅེས་དབུགས་དབྱུང་སྩལ། རྗེ་འདིས་སྔགས་སྤྱོད་ཀྱི་རྟེན་འབྲེལ་བཞེས་ན་གངས་ལྗོངས་མཐའ་དམག་གི་འཇིགས་པ་མི་འབྱུང་ཞིང་། སྙིང་པོའི་བསྟན་པ་ཡུན་དུ་གནས་ཤིང་བར་ཆད་ཀྱི་གཡུལ་ལས་རྒྱལ་བའི་ལུང་བསྟན་ཡོད་ནའང་། བསྟན་འགྲོའི་བསོད་ནམས་ཀྱི་སྐལ་བས་མ་ཆུན་ནས་ཚངས་པར་སྤྱོད་པས་རྟེན་འབྲེལ་གཞན་དབང་དུ་གྱུར་ཏེ། མཐར་དགུང་ལོ་སོ་གསུམ་པ་ས་ཁྱི་ཧོར་(1718)ཟླ་དང་པོའི་ཉེར་དྲུག་ལ་ལོག་སྨོན་ཅན་རྣམས་ལ་ལུས་སྲོག་ལྟོས་མེད་དུ་བཏང་ནས་ཡ་ང་བག་ཚ་མེད་པའི་ལྟ་གདེང་གིས་གཤེགས་སོ”།།
ཟུར་ཆེན་ཀུན་དགའ་བསོད་ནམས་ནི།
[24]“ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ་གྱི་ཡང་སྲིད་དེ་མ་ཐག་པར་གོང་ས་ལྔ་བ་ཆེན་པོས་ངོས་མཛད་དེ་མཚན་ངག་དབང་ཀུན་དགའ་བསོད་ནམས་ཞེས་གསོལ། རྡོ་རྗེ་བྲག་ཏུ་བཞུགས་ཏེ་ཐོས་བསམ་སློབ་གཉེར་མཐར་ཕྱིན་པར་བྱས། རིག་འཛིན་པད་འཕྲིན་དགུང་ལོ་ང་བརྒྱད་ལོར་དགེ་ཚུལ་བསྒྲུབས་པའི་མཚན་ངག་དབང་ཀུན་དགའ་བསོད་ནམས་པདྨ་ཐེག་མཆོག་བསྟན་འཛིན་ཞེས་གསོལ། འདི་ཉིད་རིག་འཛིན་པདྨ་འཕྲིན་ལས་ཀྱི་ནང་ཐུགས་ཀྱི་སྲས་གཅིག་པུ་རུ་གྱུར་པ་དང་།”གཞན་ཡང་བླ་མ་རིག་འཛིན་དཔལ་ལྡན་བཀྲ་ཤིས་ཀྱིས[25]“གཉགས་ཛྙཱ་ན་ཀུ་མཱ་རའི་ཡང་སྤྲུལ་རིམ་པར་བརྒྱུད་པ་ཟུར་ཆེན་སྤྲུལ་བའི་སྐུ་མཆོག་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ངག་གི་དབང་ཕྱུག་ཀུན་དགའ་བསོད་ནམས་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་གསོལ་འདེབས་འདི་ཡང་དམ་པ་དེ་ཉིད་ལས་ཐུགས་སྒྲུབ་རྣམ་གསུམ་དང་སྒྲུབ་པ་བཀའ་བརྒྱད་སོགས་ཀྱིས་དབང་ལུང་ཐོབ་”ཅེས་ཆོས་ཁུངས་བཙུན་པར་བསྟན་པ་དང་།གཞན་ཡང་།[26]“ཆུ་སྐྱེས་མཁའ་འགྲོའི་ཕོ་བྲང་དུ་འཁྲུངས་པའི་སྔ་འགྱུར་རྙིང་མའི་རྣལ་འབྱོར་བ་འཆི་མེད་བླ་མ་རྒྱལ་མཚན་དང་།ཆུ་སྟོད་ཉི་མའི་འཁོར་ལོ།ཆུ་སྐྱེས་ཉི་མ་ཐག་སྟོད།ཆུ་སྐྱེསཉི་མ་དྲག་འཛིན་སོགས་བྱོན་པ་དག་སྔ་འགྱུར་གཏེར་བདག་ཟུར་ཆེན་ཟུར་ཆུང་རྣམ་གཉིས་ཀྱི་ཆོས་རྒྱུད་དུ་བྱོན་ཅིང་།བླ་མ་རིག་འཛིན་པས་ཀྱང་མེས་པོའི་ཆོས་རྒྱུད་ལ་དགོངས་ནས་ཟུར་ཆེན་ཤཱཀྱ་འབྱུང་གི་ཡང་སྲིད་ཕྱི་མའི་ཕྱི་མ་ཟུར་ཆེན་ཆོས་དབྱིངས་རང་གྲོལ་གྱི་སྐུ་རབས་ཕྱི་མ་ཟུར་ཆེན་ངག་དབང་ཀུན་དགའ་བསོད་ནམས་ལས་གསང་སྔགས་རྙིང་མའི་ཆོས་བཀའ་གསན་རྒྱུའི་སྐལ་བ་དང་རྟེན་འབྲེལ་འགྲིགས་པས་ཡབ་མེས་གོང་མ་རྣམས་ཀྱི་ཆོས་རྒྱུད་དང་ངོ་འཕྲོད་པ་ཡིན”ཞེས་ལོ་རྒྱུས་ཁུང་བཙུན་རྣམས་ལས་ཡང་དང་བསྐྱར་དུ་གསུངས་སོ།།
རིག་འཛིན་རབ་འཕེལ་གླིང་དུ་སྒྲུབ་པ་བཀའ་བརྒྱད་ཀྱི་སྲོལ་ཐོག་མར་ཕྱེས་ཏེ་རེབ་གོང་སྔགས་མང་ལ་ཇི་ལྟར་དར་ཚུལ་ནི།
སྐྱབས་རྗེ་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་ཞལ་ནས།
བོད་ཀྱི་བླ་མ་ཐམས་ཅད་ཀྱི།།
ནང་ནས་ཤིན་ཏུ་དྲིན་ཆེ་བ།།
ཀུན་མཁྱེན་ཀློང་ཆེན་རབ་འབྱམས་དང་།།
རྒྱལ་བ་བློ་བཟང་གྲགས་པ་ཡིན།།
སྒོས་སུ་རེབ་གོང་ལུང་བ་རུ།།
སྐུ་དྲིན་ཆེ་བ་རྣམ་གཉིས་ཡོད།།
རྗེ་བཙུན་སྐལ་ལྡན་རྒྱ་མཚོ་དང་།།
རིག་འཛིན་དཔལ་ལྡན་བཀྲ་ཤིས་ཡིན།།ཞེས་དམ་པ་རྣམས་ཀྱིས་ཀྱང་བསྔགས་བརྗོད་ཀྱི་ཡུལ་ཏུ་གྱུར་ཏོ།།
སྐུ་ཕྲེང་དང་པོ་བརྒྱལ་བུ་བླ་མ་རིག་འཛིན་དཔལ་ལྡན་བཀྲ་ཤིས་མཆོག་ནི།
[27]“མདོ་སྨད་ཁམས་ཀྱི་ཆར་གཏོགས་པ་སྦས་པའི་ལུང་ཆེན་རེབ་གོང་གསེར་མོ་ལྗོངས་ཞེས་བྱ་བའི་ཡུལ་ཕྱོགས་འདི་ལ། སྔོན་གྱི་དུས་སུ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་དགོངས་པ་གཏད་ཅིང་ཏིང་ངེ་འཛིན་གྱིས་དྲོད་ཕབ། སྤྲུལ་བ་བཀྱེ་སྟེ་ལྷ་སྲིན་དམ་ལ་བཏགས། སྤྲུལ་བའི་རིག་འཛིན་བརྒྱད་ཀྱིས་གྲུབ་རྟགས་བསྟན་ཅིང་བྱིན་གྱིས་བརླབས་སྟེ་གྲུབ་པ་ཐོབ་པའི་གནས་བརྒྱད་སུ་རབ་བྱུང་བཅུ་གཉིས་པའི་བགྲང་བྱ་གཉིས་པ་ས་འབྲུག་ཕྱི་ལོ(1688 1742)ལོར་ཆུ་སྐྱེས་ཐང་དུ་ཡབ་ཚེ་བརྟེན་མགོན་པོ་དང་ཡུམ་རྒྱ་བཟའ་ཕག་མོ་ཐར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།ཡབ་དང་ཁུ་བོ་བཀའ་བཅུ་བ་སྦྱིན་པ་རྒྱ་མཚོ་གཉིས་ཀྱི་མདུན་ནས་ལོ་དྲུག་ནས་བཅུ་གསུམ་བར་ཡི་གེ་འབྲི་ཀློག་དང་ལྷ་རིས་སོགས་ལ་སྦྱངས། ཕྱི་ལོ་1701ལོར་རྫོང་དཀར་སྒྲུབ་སྡེ་བདེ་ཆེན་དར་རྒྱས་གླིང་དུ་རབ་ཏུ་བྱུང་། དགོང་ལོ་བཅོ་བརྒྱད་ལ་རོང་བོ་དགོན་ཆེན་ཐོས་བསམ་གླིང་དུ་ཚོགས་ལ་ཞུགས་ནས་ཆོ་ག་ཆོས་སྤྱོད་ལ་སྦྱངས། དགུང་ལོ་ཉེར་ལྔ་ཆུ་སྦྲུལ་སྟེ་ཕྱི་ལོ་1713ལོར་དབུས་ལ་ཕེབས།དགའ་ལྡན་འབྲས་སྤུངས། སྨིན་གླིང་རྡོར་བྲག་ཁམས་སྲིན་མོ་རྫོངས་སོགས་སུ་ཕེབས་ནས་སྨིན་གླིང་རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོ། རྡོ་བྲག་རིག་འཛིན་ངག་གི་དབང་པའི་སྤྲུལ་སྐུ་སྣ་ནམ་བློ་བཟང་པདྨ་འཕྲིན་ལས་ཐེག་མཆོག བྱ་བཏང་རིག་འཛིན་རྒྱ་མཚོ།གཏེར་ཆེན་ཉི་མ་གྲགས་པའི་གདུང་སྲས་ཨོ་རྒྱན་བསྟན་འཛིན་གྲགས་པ། སྨིན་གླིང་གདུང་སྲས་ཡིད་བཞིན་ལེགས་གྲུབ། རྫོགས་སྤྲུལ་གཉིས་པ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན། བླ་ཆེན་འགྱུར་མེད་རྣམ་རྒྱལ་གྲགས་པ་སོགས་སྐབས་དེའི་གསང་སྔགས་རྙིང་མའི་གདམས་པ་གང་བཞུགས་ལ་སྦྱངས་པ་དང་། ཁྱད་པར་སྨིན་གླིང་རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོས་བཀའ་བརྒྱད་བདེ་གཤེགས་འདུས་པའི་དབང་སྐུར་མཛད་དུས་མེ་ཏོག་དོར་བ་བྱང་ཤར་དྲག་སྔགས་ལ་བབ་ནས་བྱང་ཕྱོགས་བསྟན་པའི་ལྕགས་རྭར་བླ་མའི་ལུང་བསྟན་དང་དབུངས་འབྱུང་མཛད། ཆོས་གཏེར་མང་པོ་གནང་། དད་རྟེན་དུ་གནང་བའི་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་ཕྱག་དཔེ་དང་རྟེན་ཕུར། དམ་རྫས་སྣ་ཚོགས། ཉི་གྲགས་གཏེར་ཆེན་གྱི་མནབ་བཟའ་ཆ་ཚང་དང་སྐུ་རྟེན་ཐང་ཁ་ཆུང་བ་དང་མྱང་གྲོལ་སོགས་གང་མང་ཐོབ། དེ་རྗེས་མེ་རྟ་ཕྱི་ལོ་1726ལོར་ཕ་ཡུལ་རེབ་གོང་ལ་ཕེབས་ནས་བཀའ་བརྒྱད་ཀྱི་གྲངས་དང་མཉམ་པའི་གྲུབ་པ་ཐོབ་པའི་གནས་བརྒྱད་ཀྱི་དཀྱིལ་དབུས་སུ་མེས་པོའི་སྐུ་རིང་ལ་བཞེངས་པའི་ཆུ་སྐྱེས་མཁའ་འགྲོ་ཕོ་བྲང་ལ་ཞིག་གསོ་གནང་སྟེ་ཕྱི་ལོ་1731 ལོར་ལེགས་པར་འགྲུབ་རྗེས་གསང་སྔགས་སྔ་འགྱུར་རྙིང་མའི་དགོན་པ་ཐོག་མ་རིག་འཛིན་རབ་འཕེལ་གླིང་དུ་མཚན་བསྒྱུར་ཅིང་། ཟླ་དགུ་བའི་ཚེས་གསུམ་ནས་བཀའ་བརྒྱུད་བདེ་གཤེགས་འདུས་པའི་དབང་བཀའ་ཉིན་ཉེར་གཅིག་བར་དུ་གནང་བའི་རེབ་གོང་གཙོས་འདབས་འབྲེལ་གྱི་ཤར་ཕྱོགས་ཁ་གྱ། ལྷོ་ནུབ་ཧོར་སོག ནུབ་བྱང་ལ་མོ། བྱང་ཕྱོགས་ཚོ་ལྔ་སོགས་ནས་འདུས་པའི་དད་ལྡན་སློབ་བུ་སྟོང་དང་དགུ་བརྒྱར་ཉེ་བ་བྱུང་བའི་རེབ་གོང་སྔགས་མང་ཕུར་ཐོག་སྟོང་དང་དགུ་བརྒྱ་ཞེས་མཚན་སྙན་འཛམ་གླིང་ཁྱོན་ལ་ཁྱབ་པ་བྱུང་བའི་ཆོས་ཐོག་མའི་ཚོམ་བུ་ཚོགས་སྒྲུབ་ཀྱི་སྲོལ་བཟང་ཡང་ད་ལྟའི་བར་མ་ཉམས་པར་རྒྱུན་ཆགས་སུ་ལོ་རེར་ཟླ་དགུ་བའི་ནང་དུ་བསྒྲུབས་པ་དང་། ཆོས་རྒྱུད་ད་ལྟའི་སྲིད་འཛིན་ཁྱབ་ཁུངས་ཀྱི་དབང་དུ་བྱས་ན། ཐུན་རིན་རྫོང་། རྩེ་ཁོག་རྫོང་། རྨ་ལྷོ་སོག་རྫོང་། གཅན་ཚ་རྫོང་། ཁྲི་ཁ་རྫོང་།ཞུན་ཧྭ་རྫོང་། ཧྭ་ལུང་རྫོང་། གཙོད་སོགས་སུ་སྔ་འགྱུར་གསང་སྔགས་རྙིང་མ་སྨིན་གླིང་ཆོས་རྒྱུན་སྤེལ་བས་ད་ལྟའང་མ་ཉམས་པར་ཡོད་དོ།།དེ་ཕྱིར་ཁོང་གི་རང་རྣམ་དུ།ས་མདོ་སྨད་ཀྱི་རྨ་ཀླུང་གཡས་གཡོན་གྱི།། སྡེ་ཕལ་ཆེར་གྱི་སྔགས་པ་གཅོད་པ་རྣམས།། མི་བདག་གི་ཆོས་ཀྱི་སློབ་བུར་གྱུར།།ཅེས་གསུངས་པ་ལྟར་རོ།།
སྐུ་ཕྲེང་གཉིས་པ་བློ་བཟང་ཚུལ་ཁྲིམས་རྣམ་རྒྱལ་ནི། ཕྱི་ལོ(1743)ལོར་ཆུ་སྐྱེས་ཐང་དུ་སྐུ་འཁྲུངས། རོང་བོ་ཐོས་བསམ་གླིང་དུ་སློབ་གཉེར་མཛད། དུས་འཁོར་གྲྭ་ཚང་གི་ཁྲི་རབས་བཅོ་ལྔ་བར་བཞུགས། མཐར་བསྒྲུབས་པའི་རྒྱལ་མཚན་བཙུགས་སྟེ་ཚ་རྒྱལ་དང་དཀྱིལ་རི་དང་སྟག་ལུང་གྲུབ་གནས། རིག་འཛིན་རབ་འཕེལ་གླིང་སོགས་ནས་བཞུགས། ལྕང་ལུང་དཔལ་ཆེན་དཔལ་ཆེན་ནམ་མཁའ་འཇིག་མེད་དང་རེབ་གོང་སྔགས་མང་ཡོངས་ལ་དབང་ལུང་ཁྲིད་རྒྱུན་སྐུ་གོང་མ་ལྟར་གནང་བ་དང་། གདམས་པ་དང་བསླབ་བྱ་བཅའ་ཡིག་འདོན་ཆོས་སྤྱོད་སོགས་ད་ལྟའང་བཞུགས། མཐར་ཕྱི་ལོ(1784)ལོར་སྐུ་གཤེགས།
སྐུ་ཕྲེང་གསུམ་པ་ཀུན་མཁྱེན་བསྟན་འཛིན་དབང་བོ་ནི། ཆུ་སྐྱེས་དཔོན་ཚང་དུ་ཕྱི་ལོ(1785)ལ་སྐུ་འཁྲུངས་ཤིང་། ཡབ་མེས་ཀྱི་ཆོས་རྒྱུན་ལ་ཞུགས་པས་སྦས་པའི་རྣལ་འབྱོར་ཞེས་མཚན་སྙན་རྒྱས་ཏེ་གནས་ངེས་མེད་འགྲིམས་པ་དང་རིག་འཛིན་རབ་འཕེལ་གླིང་སོགས་ནས་སྒྲུབ་པའི་རྒྱལ་མཚན་བཙུགས་སྟེ་མཐར་ཕྱི་ལོ་(1845)ལོར་ཞིང་ཁམས་གཞན་ལ་གཤེགས་སོ།།
སྐུ་ཕྲེང་བཞི་བ་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཡབ་སྔགས་འཆང་རྡོ་རྗེ་རྣམ་རྒྱལ་ནི། ཞོ་འོང་ནས་ཕྱི་ལོ་(1846)ལོར་སྐུ་འཁྲུངས། རིག་འཛིན་རབ་འཕེལ་གླིང་དང་གཡའ་མ་བཀྲ་ཤིས་འཁྱིལ་སོགས་ནས་བཞུགས་སྟེ་ཐོས་བསམ་དང་བསྒྲུབས་པའི་རྒྱལ་མཚན་བཙུགས་ཤིང་།གདན་ས་གཉིས་ལ་བདག་གཉེར་མཛད་དེ་བཞུགས། མཐར་ཕྱི་ལོ་1908ལོར་སྐུ་གཤེགས།
སྐུ་ཕྲེང་ལྔ་བ་དྲི་མེད་བློ་གྲོས་ནི། དགུ་རོང་འཇིག་བྲལ་ཆོས་དབྱིངས་རྡོ་རྗེ་དང་ཡུམ་འཛོམས་སྐྱིད་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅོ་ལྔ་བའི་ས་བྱ་ཕྱི་ལོ1909ལོར་སྐུ་འཁྲུངས།སྐུ་ན་ཕྲ་བའི་དུས་སུ་རིག་འཛིན་རབ་འཕེལ་གླིང་དུ་ཁྲི་སྟོན་བྱས། རྐང་ཚ་ཉ་ནག་ཇོ་སྐོར་དགོན་དང་། ཐེམ་ཆེན་རྫོང་བཀྲ་ཤིས་འབྱུང་གནས་སོགས་སུ་ཕེབས་ནས་བསྟན་པ་སྤེལ་ཏེ་མཐར་ཕྱི་ལོ1933ལོར་སྐུ་གཤེགས་པ་ནས་སྤྲུལ་སྐུའི་བཀོད་པའང་མ་བྱོན་ནོ།།”
འདིར་བརྒྱལ་བུ་བླ་མ་རིག་འཛིན་དཔལ་ལྡན་བཀྲ་ཤིས་ཀྱི་སྐུའི་སྐྱེ་བ་རིམ་བྱོན་གྱི་འཁྲུངས་འདས་ལོ་ཚིགས་དང་སྒོས་སུ་སྐུ་ཕྲེང་གསུམ་པ་ཀུན་མཁྱེན་བསྟན་འཛིན་དབང་པོ་འདི་བ་སྐུ་ཕྲེང་གསུམ་པ་ཡིན་མིན་ཐད་རེབ་གོང་ཕྱོགས་སུ་སྟོང་འུར་རྒྱག་མཁན་རེ་འགའ་ཡོད་པར་སྣང་ཡང་། དོན་གྱིས་འཛིན་སའི་རྩ་བ་མེད་པར་འུར་གཏམ་ལ་དགའ་བ་ཙམ་མ་གཏོགས་ལོ་ངོ་བརྒྱ་ཕྲག་འགའ་ལ་བོད་ཀྱི་ཆབ་སྲིད་དང་། གྲུབ་མཐའི་འཐེན་འཁྱེར་ནག་པོའི་སྨག་རུམ་ན་ལུས་པའི་སྐུ་ཡོན་རྣམས་ད་ལྟའི་བར་སུ་དང་གང་གིས་ཟུར་ཙམ་ཡང་གླེང་མཁན་མ་བྱུང་བར་ལུང་བ་ཁ་བྱང་བལྟ་ཞིག་ཏུ་ལུས་པ་ལ།རྒྱལ་ཁབ་རིམ་པའི་ཚད་ལྡན་གྱི་དུས་དེབ་(ཀྲུང་གོ་བོད་ཀྱི་ཤེས་རིག)གཙོས(མཚོ་སྔོན་སྤྱི་ཚོགས་ཚན་རིག)(ནུབ་བྱང་མི་རིགས་སློབ་ཆེན་གྱི་རིག་གཞུང་དུས་དེབ)སོགས་སུ་འབུམ་རམས་པའི་སློབ་སྟོན་དགེ་རྒན་ཆེན་མོ་ཆུ་སྐྱེས་དགེ་འདུན་བསམ་གཏན་མཆོག་གིས་མོན་ཡུལ་རླངས་ཀྱི་གདུང་བརྒྱུད་ལས་འཕྲོས་ཏེ་རིག་འཛིན་རབ་འཕེལ་གླིང་དང་རིག་འཛིན་བླ་མ་དཔལ་ལྡན་བཀྲ་ཤིས་ཀྱི་ལོ་རྒྱུས་ལ་དཔྱད་པ་གནང་བའི་དཔྱད་རྩོམ་གང་མང་ཞིག་སྤེལ་བ་ནི་རྒྱ་བོད་རིག་གཞུང་གི་སྡེ་འདིར་སྐྱེས་བུ་དམ་པ་ཞིག་གི་རིགས་རུས་ཕྱག་རྗེས་སོགས་གསལ་བོར་མཚོན་པའི་ལམ་སྟོན་གྱི་ཐོག་མའི་ཉི་མ་ལྟ་བུ་ཡིན་པས།ཆོས་རྒྱུད་འདིར་དད་པའི་མི་བུ་ལྷག་བསམ་ལྡན་པ་ཞིག་ཡིན་ན་སྙིང་ནས་བཀའ་དྲིན་ཆེ་ཞུ་བའི་གནས་སུ་གྱུར་ཡོད་དོ།།
དོན་གྱིས་རིག་འཛིན་རབ་འཕེལ་གླིང་དང་རིག་འཛིན་བླ་མ་དཔལ་ལྡན་བཀྲ་ཤིས་ཀྱི་རྒྱུས་ལ་གསལ་ཁ་ཞིག་འདོན་རྒྱུའི་སྤོབས་པ་ཅན་ཞིག་ཡིན་ན་ནི་དྲ་འབུའི་སྐྱེ་བ་མི་ལེན་པར་ཚད་ལྡན་གྱི་གསུང་རྩོམ་ནས་མཇལ་ཐུབ་པའི་རེ་བ་སྙིང་ནས་ཞུའོ།།
རིག་འཛིན་རབ་འཕེལ་གླིང་གི་དགོན་ལྷག་ཁྱུང་དགོན་མི་འགྱུར་རྡོ་རྗེ་གླིང་གི་བྱུང་བ་མདོ་ཙམ་བརྗོད་ན།
རིག་འཛིན་དཔལ་ལྡན་བཀྲ་ཤིས་ཀྱི་ལུང་བསྟན་བརྡ་ཆོས་སྐོར་གསུམ་ལས་རབ་བྱུང་བཅུ་གཉིས་པའི་ལྕགས་བྱི(1720)འི་ཟླ་ཚེས་ལ་ཆོས་འཁོར་ལྷ་སར་སྤྲུལ་བའི་བུ་མོ་གཉིས་ཀྱི་གཞར་དུ།
[28]“ལྔ་བརྒྱ་དུས་ཀྱི་ཐ་མ་ན།།
མདོ་སྨད་ཁམས་ཞེས་བྱ་བ་རུ།།
པདྨ་དབང་གི་རྣལ་འབྱོར་པ།།
སྡང་མིག་ཙམ་གྱིས་ཕས་རྒོལ་འཇོམས།།
ཆོས་སྐྱོང་དམ་ཅན་དངོས་སུ་ཁུག།
གསང་རྟགས་ཡི་གེ་ཨེ་ཡིས་མཚན།།
པདྨའི་ཆོས་ལ་ལྷག་པར་གུས།།
མི་དེ་དབང་ཆེན་དངོས་ཡིན་ནོ།།ཞེས་ལུང་བསྟན་དང་མཐུན་པར་བྱོན་པ་ལ།
སྐུ་ཕྲེང་དང་པོ་དཔལ་ཆེན་ནམ་མཁའ་འཇིགས་མེད་ནི། (1757-1821)ཡབ་སྤྱང་ལུང་འབྲོ་ཚང་སྔགས་འཆང་བླ་མ་སྐྱབས་དང་ཡུམ་ཚེ་ཡག་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རིག་འཛིན་དཔལ་ལྡན་བཀྲ་ཤིས་ཀྱི་སྐུ་ཕྲེང་གཉིས་པ་བློ་བཟང་ཚུལ་ཁྲིམས་རྣམ་རྒྱལ་བླ་མར་བསྟན་ཏེ་རྒྱལ་བོའི་ཆོས་ཐོག་ལ་ཕེབས་དུས་ཁོང་གི་གཏོར་མ་བརྡབས་པས། དེ་ན་ཡོད་པའི་སྐུ་མདུན་པ་ཞིག་གིས། ད་རེས་ཀྱི་གཏོར་མ་ཀླུའི་ཕོ་བྲང་ཞིག་ལ་ཕོག་པས་ཀླུ་མང་པོ་ལ་གནོད་པ་བྱས་འདུག་པས་ཀླུ་སྨན་གྱིས་གསོ་དགོས་ཟེར་བ་ལྟ་བུ་བྱུང་བ་”སོགས་ཀྱི་ནུས་མཐུ་མངའ་ཞིང་རྟོག་ལྡན་གྲུབ་ཐོབ་ཆེན་པོ་ཞིག་ཡིན་པ་དང་།ཡང་བླ་མ་རིག་འཛིན་དཔལ་ལྡན་བཀྲ་ཤིས་ཀྱི་ལུང་བསྟན་ལས།
[29]“གནས་དེ་ཀའི་དབང་གི་ཕྱོགས་རོལ་ན།།
མཚོ་ཞེས་བྱའི་ཕྱོགས་དང་ཉེ་བའི་ཆར།།
ཀླུ་དམ་ལ་བཏགས་པའི་རི་གདོང་ཡོད།།
དེར་སྔགས་འཆང་ཚེ་དང་རྒྱལ་གྱི་མིང་།།
ཐབས་རྟེན་འབྲེལ་འགྲིག་ན་འགྲོ་དོན་རྒྱས།།
ཚེ་སྔ་མའི་ལས་འཕྲོ་ཞིག་ཡོད་ཡོད་པས།།
བྱང་བཙུན་པའི་དབེན་ལ་དོགས་ཟོན་གྱིས།།
སྔོན་སྔགས་པཎ་རྡོ་རྗེ་མིང་ཅན་གྱིས།།
རྒྱས་བཏབ་པའི་ཕ་ཆོས་དང་དུ་ལོངས།།
མ་འཁའ་འགྲོའི་ལུང་བསྟན་བྱུང་བའི་ཚེ།།
ཚེ་འདི་ཡི་མི་ཁ་རླུང་ལ་སྐུར།།
རིགས་པདྨའི་རྟགས་འཆང་ནི་གུ་ལ།།
ཐབས་བདེ་བའི་དངོས་པོ་དང་དུ་ལོངས།།
རྩ་གཉིས་བྲལ་ཛྙཱ་ནའི་རླུང་དང་བསྟུན།།
ལུང་མ་བྱུང་ཚེ་ན་སྔར་དུས་བཞིན།།
སྒོ་གསུམ་སྡོམ་བག་ཡོད་བྱི་ལའི་གཟུགས།།
ཚུལ་འཆོས་རུང་སྙིགས་དུས་སྐྱེ་བོ་འགར།།
ཐབས་རང་རང་གཟུགས་ཀྱིས་འདུལ་བ་ཡོང་།།
དེ་འོན་ཀྱང་ཡང་དག་ལྟ་བའི་རྫོངས།།
གཞི་རྨང་ནས་འཇོམས་པ་ག་ལ་སྲིད།།
ལས་ལེགས་ལམ་བདེ་བའི་དཔལ་ཡོན་ཆེ།།
ཚོད་རང་ཚོད་བཟུང་ན་ཕུགས་སུ་འཁྱོལ།།
དེ་མ་ཡིན་བབས་སུ་འཆོལ་བ་ན།།
ཕུགས་རང་སྲོག་དམ་སྲིས་སྡུད་ཉེན་ཡོད།།
དེ་བཟློག་བྱེད་བྱི་ལའི་སྤྱོད་པ་དགོས།།
ལུས་གཅིག་ཏུ་མ་ཟད་ངག་ཀྱང་ཞིམ།།
ཐབས་ཟས་ནད་དུས་ངན་འཚུབ་ལྷོངས་འཇོམས།།རྒྱ་རྒྱ་རྒྱ། གསུངས་པ་ལྟར་ཁྱུང་དགོན་གྱི་གནས་རི་འདིའི་དབྱིབས་བྱ་ཁྱུང་ལྟ་བུ་ཡིན་ཞིང་།ཞབས་འོག་གི་སྙན་དང་མིག་ལྟ་བུའི་ས་མིག་ན་ཆུ་མིག་སོགས་ཡོད་པ་དང་། ཁྱུང་གི་རྭ་བར་ལྟ་བུའི་རི་རྩེ་ན་རྡོ་རིང་ཆེན་པོ་ཞིག་ཡོད་པ་དམ་ཅན་གྱི་བླ་རི་ཡིན་པ་སོགས་ཀྱི་ལུང་བསྟན་དང་མཐུན་པར་ཁྱུང་དགོན་གྱི་སྒར་གཞི་འདེབས་པའི་དབུ་བཙུགས།”ཞེས་དང་།[30]“དེ་ནས་ལྕགས་རྟའི་(1810)ལོ་རིག་འཛིན་དཔལ་ལྡན་བཀྲ་ཤིས་རིན་པོ་ཆེའི་གདུང་བརྒྱུད་སྔགས་འཆང་བཀྲ་ཤིས་འབུམ་ནས་ལུང་བསྟན་ལྟར་གྱི་འདུ་ཁང་གི་བཀོད་པ་ཕུལ་བ་ནི་འདི་ལྟར།
རྡོ་རྗེའི་ཕོ་བྲང་དམ་ཅན་སྲུང་མའི་གནས།།
ཕྱི་ལྟར་རི་རབ་གླིང་ཕྲན་བཀོད་པས་བརྒྱན།།
ནང་ལྟར་གཙུག་ལག་ཁང་གི་རྣམ་པ་ཅན།།
གསང་བ་སྐུ་གསུམ་རྒྱལ་བའི་གཞལ་ཡས་ཁང་།།
འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་དང་།།
ནུབ་ཕྱོགས་ཕ་ཝང་ལོང་བུའི་སྐུ་མཁར་གསུམ།།
གཅིག་ཏུ་བསྡུས་ནས་ས་སྟེང་འདི་རུ་འཕོས།།
པདྨའི་ཚལ་ལ་བུང་བ་འདུ་བ་དང་།།
ཉལ་འགྲོའི་མཚོ་ལ་ངང་མོ་རྩེན་པ་བཞིན།།
གནས་འདིའི་དམ་ཅན་ཆོས་སྐྱོང་སྲུང་མའི་ཚོགས།།
རྟག་ཏུ་འདུ་ན་འཕྲིན་ལས་ཅིས་མི་མྱུར།།
དེ་ཕྱིར་སྙན་གྲགས་ནམ་མཁའི་འབྲུག་ལས་ཆེ།།
ལོངས་སྤྱོད་དབྱར་གྱི་ཆར་སྤྲིན་ལྟ་བུར་རྒྱས།།
མཐུ་སྟོབས་གནམ་ལྕགས་དྲག་པོའི་ཐོག་ལས་ཚ།།
འཕྲིན་ལས་རྣོ་ངར་བར་སྣང་གློག་ལྟར་མྱུར།།ཞེས་པ་ལྟར།གཙུག་ལག་ཁང་གྲུ་བཞི་བ།དབུས་ཀྱི་རྒྱ་མཐོང་ངམ་རྩེ་ཐོག་ཀ་བ་འདོམ་ཕྱེད་བཞིར་ཡོད་པ་བཞི་སྟེ།ཀ་བ་འདོམ་ཕྱེད་གསུམ་རེ་ཡོད་པ་བཅུ་གཉིས།དེ་མཐར་ཀ་བ་འདོམ་ཕྱེད་དོ་རེ་ཡོད་པ་ཉི་ཤུ།དེ་མཐར་གློ་འབུར་བཞི་ལ་ཀ་བ་བཅུ་དྲུག དེ་སྟེང་གློ་འབུར་བཞི་ལ་ཀ་བ་བརྒྱད།ཁྱོན་སྡོམ་ཀ་བ་དྲུག་ཅུ་ཐམ་པའོ།།བར་ཐོག་གི་གློ་འབུར་ཀ་རིང་འདོམ་ཕྱེད་གསུམ་རེ་ཡོད་པ་ཉི་ཤུ་བྱས་ཚེ་ཁྱོན་ཀ་བ་ང་གཉིས་འདུག ཤར་གྱི་སྤྱོད་ལམ་སྣ་ཚོགས། ལྷོའི་གློ་འབུར་ཐ་མ་སྒོ་ཁང་།ནུབ་ཀྱི་མེ་ཚང་།བྱང་གི་མགོན་ཁང་།ཤར་ལྷོའི་གྲྭ་མགོན་ཁང་།ལྷོ་ནུབ་གྲྭ་མེ་ཤིང་།ནུབ་བྱང་གྲྭ་མལ་ས།བྱང་ཤར་གྲྭ་གང་བདེ།བར་ཐོག་གི་གློ་འབུར་བཞི་ནི།ཤར་གྱི་གྲྭ་ཤག ལྷོའི་ཉི་འོད།ནུབ་ཀྱི་གཟིམ་ཁང་།བྱང་གི་མགྲོན་ཁང་།ཐོག་གི་རྒྱ་མཐོངས་ལྷོ་འགྱུ་དར་དཀར་གྱི་ཡོལ་བ་ཅན།དེ་སྟེང་རྔ་ཐུག་གི་རྒྱན་སོགས་ཕྱོགས་མཚམས་དར་ལྕོག་གིས་མཛེས་པའོ”ཞེས་དགོན་པའི་འདུ་ཁང་གི་ཕྱིའི་བཟོ་བཀོད་ཀྱི་རྣམ་པ་ལུང་དུ་བསྟན་པ་སོགས་ལ་དཔག་ན་བླ་མ་རིག་འཛིན་ལས་གཞན་མི་རྒྱུད་དག་ཀྱང་གྲུབ་པའི་ཚད་མ་མཐོ་པོ་བརྙེས་པ་དང་།སྔགས་འཆང་སྐྱེས་ཆེན་མང་པོོ་བྱོན་མྱོང་པ་དང་དེ་དག་གི་ཐུགས་བཀོད་དང་མཐུན་པར་བཞེངས་བ་སོགས་ཤེས་ནུས་སོ།།
བླ་མ་རིག་འཛིན་གྱི་ལུང་བསྟན་བརྡ་ཆོས་སྐོར་གསུམ་ལས།
[31]“མི་ཁྱོད་ཀྱི་འདུག་ས་རྡོ་རྗེའི་མིང་།།
ཕོ་བྲང་གྲུ་བཞི་ལོགས་བརྒྱད་པ།།
མི་འགྱུར་བདེ་བ་ཆེན་པོའི་གནས།།
གསང་སྔགས་བསྟན་པ་དར་ཞིང་རྒྱས།།
བཀྲ་ཤིས་ཕུན་སུམ་ཚོགས་པའི་གླིང་།།
ཞིང་མཆོག་དེ་ནི་ཁྱད་པར་འཕགས།།”
ཞེས་ལུང་པ་བསྟན་ལྟར་ཁྱུང་དགོན་མི་འགྱུར་རྡོ་རྗེ་གླིང་དུ་མཚན་གསོལ་བ་དང་། རྟེན་འབྲེལ་གྱི་ཐོག་མར་བཀའ་བརྒྱད་ཀྱི་དབང་བཀའ་གསུངས་པ་སོགས་ལས་ཤེས་ཐུབ་པ་ནི་རེབ་གོང་སྔགས་མང་ཅེས་པའི་མིང་དེ་བླ་མ་རིག་འཛིན་གྱི་སྐུ་རིང་ལ་བྱུང་ཡོད་པ་ལོ་རྒྱུས་ཁོང་བཙུན་རྣམས་ལས་གསལ་བོར་ཤེས་ནུས་ཀྱང་།ཞེན་ཕྱོགས་ཀྱིས་འགེབས་པ་ནི་ཤུན་ཏུ་དམན་པའི་ལས་སོ།།འདི་བས་ཀྱང་བླ་མ་རིག་འཛིན་པས་ཕྲིན་ལས་ཀྱི་རྒྱུན་བསྐྱངས་སྟེ་རེབ་གོང་སྔགས་མང་གཙོ་བོར་གྱུར་པའི་ས་ཕྱོགས་ཀུན་དུ་བྱང་གཏེར་འཁོར་བ་དབྱིངས་སྒྲོལ་གྱི་སྒྲུབ་ཆེན་བཙུགས་པ་སོགས་མཛད་རྗེས་མཐའ་ཡས་པ་དང་།མཐར་དགུང་ལོ་རེ་ལྔ་ལྕགས་མོ་སྦྲུལ་(1821)གྱི་ཧོར་ཟླ་དྲུག་པའི་ཚེས་གཉིས་ཀྱི་ཕྱི་དྲོའི་ཆ་ལ་ཕྱག་གཉིས་པད་སྐོར་གྱི་ཕྱག་རྒྱ་དང་མཉམ་བཞག་བྱས་ནས་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་སོ།།
སྐུ་ཕྲེང་གཉིས་པ་སྔགས་བཙུན་ཁྱབ་བརྡལ་ཀློང་ཡངས་ནི། རབ་བྱུང་བཅུ་བཞི་བའི་ཆུ་ཕོ་རྟ་ཕྱི་ལོ1822ལོར་ཁྱུང་དགོན་ནས་སྐུ་འཁྲུངས། ས་རྟ་ཕྱི་ལོ་1858ལོར་སྐུ་གཤེགས།
སྐུ་ཕྲེང་གསུམ་པ་ཀུན་བཟང་འཇིག་མེད་རྒྱ་མཚོ་མཆོག་ནི། རབ་བྱུང་བཅུ་བཞི་བའི་ས་ལུག་ཕྱི་ལོ་1859ལོར་རིག་འཛིན་རབ་འཕེལ་གླིང་དུ་སྐུ་འཁྲུངས།དགུང་ལོ་ང་གསུམ་པ་རབ་བྱུང་བཅོ་ལྔ་བའི་ལྕགས་ཕག་ཕྱི་ལོ་1911ལོར་སྐུགཤེགས།
སྐུ་ཕྲེང་བཞི་བ་བློ་བཟང་ལེགས་བཤད་ཉི་མ་མཆོག་ནི། དགུ་རོང་དུ་ཡབ་སྔགས་འཆང་གུ་རུ་ཐར་དང་། ཡུམ་གཡང་མོ་བྱམས་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཆུ་བྱི་ཕྱི་ལོ་1912ལོར་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ཆུ་ཡོས་ཕྱི་ལོ་1963ལོའི་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ལ་སྐུ་གཤེགས།
སྐུ་ཕྲེང་ལྔ་བ་ཨོ་རྒྱན་བདུད་འདུལ་ཁྲག་འཐུང་ཆེ་མཆོག་རྩལ་ནི། ལྡོང་ཤུལ་ཆེན་བཅོ་བརྒྱད་ཀྱི་ནང་ཚན་མགོན་ཤུལ་དཔོན་སྐོར་དུ། ཡབ་གྲུབ་པའི་དབང་ཕྱུག་ཆེན་པོ་སྨན་ཚོང་བདེ་ཆེན་མཆོག་དང་། ཡུམ་གཡང་འཁོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་མེ་སྟག་ཕྱི་ལོ་1986ལོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་བལྟམས། ད་ལྟའང་ཐུགས་རྗེ་དང་མཛད་པ་འཕྲིན་ལས་བསམ་གྱིས་མི་ཁྱབ་པས་བསྟན་འགྲོའི་དོན་མཛད་བཞིན་པར་བཞུགས་པ་འདུ་གའོ།།
དེ་ལྟར་ཆོས་མགོ་སངས་རྒྱས་དང་། ཆུ་མགོ་གངས་ཀྱི་དཔེ་ལྟར་བརྒྱུད་པའི་བླ་མ་རྣམས་ཀྱི་ལོ་རྒྱུས་རག་བསྡུས་སུ་བཤད་པ་སོང་ནས། ད་ནི་རང་ཅག་གི་དགོ་སྐལ་དུ་བབ་པ་བྱང་ཆུབ་སེམས་དཔའ་བརྒྱད་དང་སེམས་མ་བརྒྱད།རྒྱ་གར་རིག་འཛིན་བརྒྱད་དང་བོད་ཀྱི་གྲུབ་ཆེན་བརྒྱད། གུ་རུ་མཚན་བརྒྱད་ཀྱི་གྲངས་དང་མཉམ་པའི་སྒྲུབ་པ་བཀའ་བརྒྱད་ཀྱི་ཚོམ་བུ་དགུར་སྣང་བའི་ལྷ་གྲངས་ནི། དབུས་སུ་ཆེ་མཆོག་བདུད་རྩི་ཡོན་ཏན་གྱི་ལྷ་ཚོགས། ཤར་དུ་ཡང་དག་ཐུགས་ཀྱི་ལྷ་ཚོགས།ལྷོར་འཇམ་དཔལ་སྐུའི་ལྷ་ཚོགས། ནུབ་དུ་པདྨ་གསུང་གི་ལྷ་ཚོགས། བྱང་དུ་ཕུར་བ་འཕྲིན་ལས་ཀྱི་ལྷ་ཚོགས། ཤར་ལྷོར་མ་མོ་རྦོད་གཏོང་གི་ལྷ་ཚོགས། ལྷོ་ནུབ་དུ་བླ་མ་རིག་འཛིན་གྱི་ལྷ་ཚོགས། ནུབ་བྱང་དུ་དམོད་པ་དྲག་སྔགས་ཀྱི་ལྷ་ཚོགས། བྱང་ཤར་དུ་འཇིག་རྟེན་མཆོད་བསྟོད་ཀྱི་ལྷ་ཚོགས་ཞེས་དཀྱིལ་འཁོར་དགུར་ཕྱེ་བ་དང་། དེ་འཁོར་དང་ཡང་འཁོར། སྒོ་མ་བཀའ་སྲུང་དང་བཅས་པ་རག་རྩིས་བདུན་བརྒྱ་ཉེར་ལྔ་བཞུགས་སོ།
གསང་བའི་མན་ངག་ཏུ་གདམས་པ་བཀའ་བརྒྱད་ཀྱི་ཆོས་སྐོར་འདི་ལ། [32]“རྒྱུད་ལུང་མན་ངག་གི་ཆོས་སྡེ་ནི།དང་པོ་རྒྱུད་ཀྱི་སྐོར་ལ་བདེ་གཤེགས་འདུས་པ་རྩ་བའི་རྒྱུད། ཕྱི་མ་ངེས་པར་འབྱུང་བའི་རྒྱུད།ཕྱི་མའི་ཕྱི་མ་སྔགས་ཀྱི་རྒྱུད། མ་ཚངས་པ་ཁ་སྐོང་བའི་རྒྱུད། འབྱེད་པར་བྱེད་པ་ལྡེའུ་མིག་གི་རྒྱུད་ལྔ་ནི་སྤྱི་རྒྱུད་ལྔའོ།།
སྒོས་རྒྱུད་བཅུ་ནི། ཞི་བ་འདུས་པ་རྩ་བའི་རྒྱུད་དང་། ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ལ་སོགས་པ་བརྒྱད་དང་། རིག་འཛིན་འདུས་པ་རྩ་བའི་རྒྱུད་དང་བཅུ་སྟེ་རྒྱུད་བཅོ་ལྔ།བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་མཛད་པོའི་ལུང་ལྔ་སྟེ། ཐུགས་རྗེ་དཔྱང་ཐག་གནས་ཀྱི་ལུང་། མཛད་པ་ཆོ་འཕྲུལ་ལྷ་ཡི་ལུང་། ཕྲིན་ལས་མཐར་ཕྱིན་སྒྲུབ་པའི་ལུང་། གསང་སྔགས་ངེས་པ་དོན་གྱི་ལུང་། གསལ་བར་བྱེད་པ་སྒྲོན་མེའི་ལུང་སྟེ་ལུང་ལྔ་དང་བཅས་པའི་དེ་ལྟར་རྒྱུད་ལུང་ཉི་ཤུའོ།།
མན་ངག་གི་སྐོར་ལ། ཕྱི་བཤད་ཐབས་གསལ་བྱེད་ཀྱི་མན་ངག ནང་སྒྲུབ་ཐབས་གསལ་བྱེད་ཀྱི་མན་ངགགསང་བ་ཉམས་ལེན་གསལ་བྱེད་ཀྱི་མན་ངག་གསུམ་ལས།དང་པོ་ལ་བཞི་སྟེ། ཕྱིའི་སྡོམ་ལྔ། རྒྱུད་གྱི་ཆིངས་ལྔ། ལུང་གི་སྡེབས་ལྔ།སྒྲུབ་ཐབས་ཀྱི་སྦྱོར་སོ་ལྔ་སྟེ་ཆོས་སྡེ་ཉི་ཤུ་ཡོད་པ་ལས་ཕྱིའི་སྡོམ་ལྔ་ནི།གསང་སྔགས་ལུང་གི་བང་མཛོད། གསང་སྔགས་བཀའ་ཡི་ཐ་རམ། གསང་སྔགས་བཀའ་ཡི་ལྡེའུ་མིགགསང་སྔགས་ལུང་གི་བཀའ་མགོསྒྲུབ་པ་ལུང་གི་བཀའ་མགོ་དང་ལྔའོ།།
རྒྱུད་ཀྱི་ཆིངས་ལྔ་ནི།ཁོག་དབུབ་སྟོང་ཐུན་གྱི་ཆིངས།ས་གཅོད་ཚོམ་གྱི་ཆིངས། འགྲེལ་བ་འབྲུ་གནོན་གྱི་ཆིངས།ཊི་ཀ་བསྡུས་དོན་གྱི་ཆིངས།ལག་ལེན་མན་ངག་གི་ལྔའོ།།
ལུང་གི་སྡེབས་ལྔ་ནི།རྒྱུད་ལུང་དང་སྡེབས་པ།ལུང་སྒྲུབས་ཐབས་དང་སྡེབས་པ།སྒྲུབས་ཐབས་ཕྲིན་ལས་དང་སྡེབས་པ།ཕྲིན་ལས་ལག་ལེན་དང་སྡེབས་པ།ལག་ལེན་ཉམས་མྱོང་དང་སྡེབས་པ་ལྔའོ།།
སྒྲུབ་ཐབས་ཀྱི་སྦྱོར་ལུགས་ལྔ་ནི།རྩ་བ་སྒྲུབ་ཐབས་དང་སྦྱོར་བ།སྒྲུབ་ཐབས་ཕྲིན་ལས་དང་སྦྱོར་བ། ཕྲིན་ལས་སྒོམ་ཁོག་དང་སྦྱོར་བ།སྒོམ་ཁོག་ཏིང་ངེ་འཛིན་དང་སྦྱོར་བ།ཏིང་ངེ་འཛིན་གདམ་པ་དང་སྦྱོར་བ་ལྔའོ།།
ནང་སྒྲུབ་ཐབས་གསལ་བར་བྱེད་པའི་མན་ངག་ལ།ཞི་བ་དང་ཁྲོ་བོའི་སྒྲུབ་ཐབས་གཉིས་ལས།དང་པོ་ལ་སྒྲུབ་ལུགས་ལྔ་སྟེ།དམ་པ་རིགས་བརྒྱར་སྒྲུབ་པ། ཞི་བ་བཞི་བཅུ་རྩ་གཉིས་སུ་སྒྲུབ་པ།དེ་ཁོ་ན་ཉིད་རིགས་ལྔར་སྒྲུབ་པ།གསང་ཆེན་རིགས་གཅིག་ཏུ་སྒྲུབ་པ།ཞི་བ་ཕྱག་རྒྱ་རྐྱང་པའི་སྒྲུབ་པ་དང་ལྔའོ།།
དང་པོ་དམ་པ་རིགས་བརྒྱར་སྒྲུབ་པ་ལ་ལས་ཆེན་ལྔ། ལས་ཆུང་ལྔ་སྟེ་ཆོས་ཚན་བཅུར་ཡོད་པ་ལས།ལས་ཆེན་ལྔ་ནི།གཟུང་བ་དཀྱིལ་འཁོར་གྱི་ཆོ་གརིམ་པ་དབང་གི་ཆོ་ག བྱིན་རླབས་རབ་གནས་ཀྱི་ཆོ་གཚེ་འདས་རོ་སྲེག་གི་ཆོ་གལྷོ་སྒོ་མཚན་བྱང་གི་ཆོ་ག་ལྔའོ།།ལས་ཆུང་ལྔ་ནི།མཉེས་པ་མཆོད་པའི་ཆོ་ག མཆོད་མགྲོན་གཏོར་མའི་ཆོ་ག མཆོད་སྦྱིན་ཆུ་གཏོར་གྱི་ཆོ་གསྐུ་གདུང་སཱཙྪའི་ཆོ་ག ཞི་བ་རོ་སྲེག་གི་ཆོ་ག་དང་ལྔའོ།།
ཞི་བ་བཞི་བཅུ་རྩ་གཉིས་ཀྱི་སྒྲུབ་ཐབས་ལའང་སྒྲུབ་ལུགས་ལྔར་བཀོད་དེ། ཕྱི་བསྐྱེད་རིམ་དུ་སྒྲུབ་པ། ནང་རྫོགས་རིམ་དུ་སྒྲུབ་པ། གསང་བ་དེ་ཁོ་ན་ཉིད་ཡེ་ཤེས་ལྔར་སྒྲུབ་པ། ཕྲིན་ལས་དངོས་གྲུབ་དུ་སྒྲུབ་པ། ལས་ཕྲ་མོ་ཁ་ཚར་དུ་སྒྲུབ་པའོ།།
དེ་ཉིད་རིགས་ལྔར་སྒྲུབ་པ་ལའང་སྒྲུབ་ལུགས་ལྔར་བཀོད་དེ།ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སྒྲུབ་པ།ནང་ཕུང་པོའི་དཀྱིལ་འཁོར་དུ་སྒྲུབ་པ།གསང་བ་དུག་ལྔའི་དཀྱིལ་འཁོར་དུ་སྒྲུབ་པ།དེ་ཁོ་ན་ཉིད་ཡེ་ཤེས་ལྔར་སྒྲུབ་པ། ཡོངས་སུ་རྫོགས་པ་སྐུ་ལྔར་སྒྲུབ་པ་དང་ལྔའོ།།
ཞི་བ་ཕྱག་རྒྱ་རྐྱང་པ་དང་གསང་ཆེན་རིགས་གཅིག་ལའང་སྒྲུབ་ཐབས་ལྔ་སྟེ། གནད་ལྔ་བཅུ་རྩ་ལྔ་ལ་བརྟེན་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་གཏན་ལ་དབབ་སྟེ་སྒྲུབ་པ་དང་། ཆོས་ཐམས་ཅད་རྡོ་རྗེ་སེམས་དཔའི་རང་བཞིན་དུ་འདུས་པ་ལ་བརྟེན་ནས་ཡི་དམ་རྒྱུན་དུ་ནར་མར་སྒྲུབ་པ་དང་། ཕྲིན་ལས་ཁ་ཚར་ལ་བརྟེན་ནས་ཆོས་སྤྱོད་ལམ་རིམ་དུ་སྒྲུབ་པ་དང་། ཤེས་པ་དགུ་ལབརྟེན་ནས་གསང་སྔགས་གཞུང་ཚུལ་དུ་སྒྲུབ་པ་དང་། བསྐྱེད་རྫོགས་གཞུང་འབྲེལ་དུ་བརྟེན་ནས་རྒྱུན་གྱི་ཡི་དམ་ནར་མར་སྒྲུབ་པ་སྟེ། དེ་ལྟར་ཞི་བ་ལ་ཆོས་ཚན་སུམ་ཅུ་ཐམ་པའོ།།
ཁྲོ་བོ་ལའང་རྩ་བ་དང་ཡན་ལག་གི་སྒྲུབ་ཐབས་གཉིས་སུ་བཀོད་པ་ལས།
དང་པོ་ལ་ལྔ་སྟེ། གང་ཟག་སྤྲོས་པ་ལ་དགའ་བའི་དོན་དུ་བསྐྱེད་རྫོགས་ཆེན་མོ་རྣམ་པར་སྤྲོས་པ་དང་། བསྡུས་པ་ལ་དགའ་དགའ་བའི་དོན་དུ་བསྐྱེད་རྫོགས་འབྲིང་བོ་དང་།རབ་ཏུ་བསྡུས་པ་དང་ཤུན་ཏུ་བསྡུས་པ་ལ་དགའ་བའི་དོན་དུ་བསྐྱེད་རྫོགས་ཆུང་ངུ་ཤུན་ཏུ་བསྡུས་པ་དང་།རྒྱུན་ཏུ་སྒྲུབ་པར་མོས་པ་རྣམས་ལ་སྔགས་སྒྲུབ་ནར་མའི་སྒྲུབ་ཐབས་དང་། གང་ཟག་བློ་ཆུང་བ་རྣམས་ཀྱི་དོན་དུ་ཁྲོ་བོ་ཕྱག་རྒྱ་རྐྱང་པའི་སྒོས་སྒྲུབ་དང་ལྔའོ།།དེ་དག་ཀུན་ལའང་སྒྲུབ་ལུགས་ལྔ་ལྔར་བཀོད་དེ། ཕྱི་རྡུལ་ཚོན་གྱི་དལ་ལ་བརྟེན་ནས་བསྐྱེད་པ་མ་ཧཱ་ཡོ་ཀར་སྒྲུབ་པ་དང་།ནང་ཕུང་པོའི་དལ་ལ་བརྟེན་ནས་རྫོགས་པ་ཨ་ནུ་ཡོ་གར་སྒྲུབ་པ་དང་། གསང་བ་རིག་པ་སེམས་ལ་ཀྱི་དལ་ལ་བརྟེན་ནས་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གར་སྒྲུབ་པ་དང་། དེ་ཁོ་ན་ཉིད་ལམ་རིམ་ལ་བརྟེན་ནས་བསྐྱེད་རྫོགས་ཟུང་འབྲེལ་དུ་སྒྲུབ་པ་དང་།ཕྲིན་ལས་ཡོངས་སུ་རྫོགས་པ་ལ་བརྟེན་ནས་སྒྱུ་ལུས་ལྷ་སྐུར་ངོ་སྤྲད་པ་དང་ལྔའོ།།
ཡན་ལག་གི་སྒྲུབ་ཐབས་ལ་ལྔ་ལྔ་ཉེར་ལྔར་བཀོད་དེ།དེ་ཡང་བྱིན་རླབས་ཀྱི་སྒྲུབ་ཆེན་ལྔ།ཕན་གདགས་པའི་ལུས་ཆེན་ལྔ།ཕྲིན་ལས་ཀྱི་གཟེར་ལྔ།ཉམས་ཆགས་ཀྱི་སྐོང་ཆེན་ལྔ།བསྟོད་བསྐུལ་གྱི་བྱེ་བྲག་ལྔ་བཅས་སོ།།
དང་པོ་བྱིན་རླབས་སྒྲུབ་ཆེན་ལྔ་ནི།དུས་ཀྱི་བསྙེན་པའི་སྒྲུབ་པ།མཆོད་རྫས་བདུད་རྩིའི་སྒྲུབ་པ།རིམ་པ་དབང་གི་སྒྲུབ་པ།བཀྲ་ཤིས་ཚེའི་སྒྲུབ་པ།བྱིན་རླབས་ཕུར་པའི་སྒྲུབ་པ་དང་ལྔའོ།།
ཕན་གདགས་ལས་ཆེན་ལྔ་ནི། དམ་རྫས་བམ་གྱི་ལས། བསྲེགས་སྦྱོང་རོ་ཡི་ལས།ཚེ་འདས་གཤིན་གྱི་ལས། འདུལ་བ་གྲིའི་ལས།སྒྲོལ་བ་རྒྱུའི་ལས་དང་ལྔའོ།།
ཕྲིན་ལས་ཀྱི་གཟེར་ཆེན་ལྔ་ནི།འཁོར་ལོ་ལ་བརྟེན་ཏེ་སྲུང་བའི་གཟེར།གཏོར་མ་ལ་བརྟེན་ཏེ་བཟློག་པའི་གཟེར།ཐུན་ལ་བརྟེན་ཏེ་བསད་པའི་གཟེར། ཧོམ་ལ་བརྟེན་ཏེ་བསྲེགས་པའི་གཟེར།ཐོད་པ་ལ་བརྟེན་ཏེ་མནན་པའི་གཟེར་ལྔའོ།།
ཉམས་ཆགས་ཀྱི་སྐོང་ཆེན་ལྔ་ནི།མཆོད་པ་ཕུད་ཀྱི་སྐོང་།དམ་རྫས་མདངས་ཀྱི་སྐོང་། སྲོག་ཆགས་རྒྱུ་ཡི་སྐོང་།གླིང་བཞི་མདོས་ཀྱི་སྐོང་། འགྱོད་ཚང་བཤགས་པའི་སྐོང་དང་ལྔའོ།།
བསྟོད་བསྐུལ་གྱི་བྱེ་བྲག་ལྔ་ནི། གཞི་བསྟོད་ཆེན་པོ་ཆོས་ཉིད་དོན་རྟགས་ལ་བསྟོད་པ།གཞི་བསྟོད་བསྡུས་པ་ལྷའི་ཚོམ་བུ་ལ་བསྟོད་པ། སྤྱི་བསྐུལ་ཆེན་མོ་སྐུ་མདོག་ཕྱག་མཚན་ནས་བསྐུལ་བ། འབྲིང་པོ་ལྷའི་མཚན་གྲངས་རྐང་ཐོན་ནས་བསྐུལ་པ། ཆུང་ངུ་དལ་གྱི་ཕོ་བྲང་ནས་བསྐུལ་བ་དང་ལྔ་སྟེ། དེ་ལྟར་ཁྲོ་བོ་ལ་ཆོས་ཚན་སུམ་ཅུ་རྩ་ལྔའོ།།
གསང་བ་ཉམས་ལེན་གསལ་བར་བྱེད་པའི་མན་ངག་ལ།ཆོས་ཚན་ཉེར་ལྔ་སྟེ། བསྐྱེད་རྫོགས་གསུམ་གྱི་སྒྲུབ་ལུགས་ལྔ།སྔགས་ཀྱི་ཡན་ལག་ལྔ། ཐུན་མོང་གི་རྣལ་འབྱོར་ལྔ། ཁྱད་པར་གྱི་རྫོགས་རིམ་ལྔ།སྐུ་གསུམ་གྱི་གཟེར་ལྔའོ།།
དང་པོ་སྒྲུབ་ལུགས་ལྔ་ནི།བསྐྱེད་པ་མ་ཧཱ་ཡོ་གར་སྒྲུབ་པ།རྫོགས་པ་ཨ་ནུ་ཡོ་གར་སྒྲུབ་པ།རྫོགས་ཆེན་ཨ་ཏི་ཡོ་གར་སྒྲུབ་པ།འདོད་ཆགས་ཅན་ཞི་བ་ལ་བརྟེན་ཏེ་སྒྲུབ་པ། ཞེ་སྡང་ཅན་ཁྲོ་བོ་ལ་བརྟེན་ཏེ་སྒྲུབ་པ་ལྔའོ།།
སྔགས་ཀྱི་ཡན་ལག་ལྔ་ནི། སྔགས་ཀྱི་སྒྲུབ་ཐབས་རིན་པོ་ཆེའི་ཕྲེང་བ།སྔགས་ཀྱི་བྱེ་བྲག་བཟླ་ཐབས་དང་བཅས་པ།སྔགས་ཀྱི་སྒྲའི་སྐྱོན་ཡོན་བསྟན་པ།གསང་སྔགས་སྤྱིའི་སྔགས་དོན་བསྟན་པ།བསྐྱེད་རིམ་སྔགས་ཀྱི་གེགས་སེལ་བསྟེན་པ་དང་ལྔའོ།།
ཐུན་མོང་གི་རྣལ་འབྱོར་ལྔ་ནི། ནང་ནུབ་ཆོས་སྤྱོད་ཀྱི་རྣལ་འབྱོར།སྔོན་འགྲོ་གཏོར་མའི་རྣལ་འབྱོར། བཏུང་བ་སྐོམ་གྱི་རྣལ་འབྱོར།བཟའ་བ་ཟས་ཀྱི་རྣལ་འབྱོར། སྤྱོད་ལམ་རྒྱུན་གྱི་རྣལ་འབྱོར་དང་ལྔའོ།།
ཁྱད་པར་གྱི་རྫོགས་རིམ་ལྔ་ནི། བསྐྱེད་རིམ་ལ་བརྟེན་ཏེ་ལྷའི་རྫོགས་རིམ། སེམས་ཉིད་ལ་བརྟེན་པ་བྱང་ཆུབ་སེམས་ཀྱི་རྫོགས་རིམ།ལུས་ལ་བརྟེན་པ་རྩའི་རྫོགས་རིམ། དབུགས་ལ་བརྟེན་པ་རླུང་གི་རྫོགས་རིམ། བཅུད་ལ་བརྟེན་པ་ཐིག་ལེའི་རྫོགས་རིམ་དང་ལྔའོ།།
སྐུ་གསུམ་གྱི་གཟེར་ལྔ་ནི། ཡི་དམ་གྱི་སྐུ་ལ་སྐུ་གསུམ་གྱི་གཟེར་བཏབ་པ།བར་གཅོད་གྱི་བདུད་ལ་སྐུ་གསུམ་གྱི་གཟེར་བཏབ་པ། གསང་བའི་དགྲ་ལ་སྐུ་གསུམ་གྱི་གཟེར་བཏབ་པ།འགྲོ་དྲུག་གི་གཡངས་ས་ལ་སྐུ་གསུམ་གྱི་གཟེར་བཏབ་པ། འབྱུང་བའི་བདུད་ལ་སྐུ་གསུམ་གྱི་གཟེར་བཏབ་པ་དང་ལྔའོ།།”དེ་ལྟར་བདེ་གཤེགས་འདུས་པའི་ཆོས་སྡེ་ལ། རྒྱུད་ལུང་མན་ངག་གི་ཆོས་ཚན་བརྒྱ་དང་སུམ་ཅུར་བཀོད་པ་རྒྱ་ཆེ་ཞིང་གཏིང་ཟབ་པའི་གདམས་པ་འདི་ཉིད་རེབ་གོང་སྔགས་མང་གི་མེ་ཏོག་ཕོག་པའི་ལྷ་སྐལ་ཏུ་བབས་ནས་ཆོས་སྐལ་ལ་བཞག་པ་ནི་བླ་མ་རིག་འཛིན་གྱིས།“[33]
རེབ་གོང་གྲུབ་པའི་གནས་དགུ་ཡང་།།
སྒྲུབ་པ་སྡེ་དགུའི་ཕོ་བྲང་སྟེ།།
ནང་དུ་ལྷ་ཚོགས་དགུ་བོ་བཞུགས།།
དེ་བཞིན་ཆུ་བོ་དགུ་འདུས་ཀྱང་།།
ཡུམ་ཆེན་དགུ་ཡི་ཕོ་བྲང་ངོ་།།ཞེས་དང་།
གཞན་ཡང་།
དེ་ཡང་རེབ་གོང་ཡུལ་གྱི་ནི།།
ལྟེ་བའི་སྙིང་དང་འདྲ་བ་ཡི།།
མཁར་གོང་གདོང་གི་རི་བོ་ནི།།
འདི་ཉིད་དབུས་སུ་བྱས་པ་ཡི།།
ཤར་ཕྱོགས་སྟག་ལུང་རི་བོ་ལས།།
ཤེལ་གྱི་འོད་དེ་གུང་རྒྱལ་གྲུབ།།
ཤར་ལྷོ་སྤྱང་གི་རྭ་རྩེ་ནས།།
མ་གསོད་བཤུལ་ལུ་འུར་བ་གྲུབ།།
ལྷོ་ཕྱོགས་འདམ་བུའི་བྲག་དཀར་ནས།།
བློན་པོ་འཕགས་པ་ལི་ཁྲོད་གྲུབ།།
ལྷོ་ནུབ་མཐའ་སྨུག་རྫོང་དམར་ནས།།
ཨ་མཐུའི་སྔགས་པ་གཡུ་རྔོག་གྲུབ།།
ནུབ་ཕྱོགས་ཤེལ་རིའི་བྲག་ཕུག་ནས།།
ཤེལ་གྱི་ག་ཏེ་འོད་རྒྱལ་གྲུབ།།
ནུབ་བྱང་སྐྱ་རྒན་གནས་མོ་ནས།།
བསེ་ཡི་རྒྱལ་བ་བྱང་ཆུབ་གྲུབ།།
བྱང་ཕྱོགས་གུང་མོའི་གུར་ཁང་ནས།།
བོན་གྱི་སྟོན་པ་ནམ་མཁའ་གྲུབ།།
བྱང་ཤར་ཤེལ་གྱི་དགོན་པ་ནས།།
ཀ་ཐོག་རྡོ་རྗེ་དབང་བོ་གྲུབ།།
དབུས་ཕྱོགས་མཁར་གོང་ལ་ཁ་ནས།།
འབོལ་གྱི་བྱང་ཆུབ་སེམས་དཔའ་གྲུབ།།
གྲུབ་པ་ཐོབ་དང་གྲུབ་པའི་གནས།།
བརྒྱད་དམ་དགུ་ཡི་གནས་ཚུལ་ནི།།
སྙིགས་དུས་བྱང་གི་ཕྱོགས་སྐྱེས་པའི།།
རིག་འཛིན་དཔལ་ལྡན་བཀྲ་ཤིས་ཀྱིས།།
ཀུན་ཏུ་བཟང་པོའི་རོལ་བར་གསུངས།།”ཞེས་ཡུལ་གྱི་རི་ཆུའི་བཀོད་པ་སྒྲུབ་པ་བཀའ་བརྒྱད་ཡབ་ཡུམ་གྱི་ངོ་བོར་གནས་པའི་རྟེན་འབྲེལ་ཡོན་ཏན་སོགས་གསལ་བར་གཟིགས་ནས་ཡུལ་གཞན་མ་ཡིན་པར་ཡབ་སྨོས་གོང་མ་རྣམས་ཀྱིས་བྱིན་གྱིས་རླབས་ཤིང་ཞབས་ཀྱིས་བཅག་པའི་གནས་རིག་འཛིན་རབ་འཕེལ་གླིང་དུ་སྒྲུབ་པ་བཀའ་བརྒྱད་ཀྱི་དབང་ལུང་ཟབ་ཁྲིད་ཀྱི་གདམས་པ་གནང་བ་དང་ཆོས་ཐོག་གི་སྲོལ་ཐོག་མར་ཕྱེས་སྟེ་ཧོར་ཟླ་དགུ་བའི་ཚེས་བཅོ་བརྒྱད་ནས་ཉེར་ལྔའི་བར་ཉིན་བདུན་གྱི་རིང་ལ་སྒྲུབ་པ་ད་ལྟའི་བར་མ་ཉམས་པར་རྒྱུན་ཆགས་སུ་གནས་པ་དང་།དགོན་ལྷག་སོ་སོར་ཡང་ཆོས་རྒྱུན་བཙུགས་སྟེ།རང་རྣམ་ལས།[34]“མཐའ་དམག་འཁྲུག་རྩོད་བཟློག་པ་ལ།།བཀའ་བརྒྱད་ཁྲོ་རོལ་བསྔགས་པ་ཡིན།།དེ་ཕྱིར་བཀའ་བརྒྱད་ཨེ་ཚུགས་བསམ།།སྔགས་སྡེ་འགའ་ལ་བཙུགས་པ་ཡིན”ཞེས་གསུངས་པ་དང་།གཞན་ཡང་།མདོ་སྨད་ཡུལ་གྱི་གསང་སྔགས་རྙིང་མའི་གདན་ས་ཆེས་ཐོག་མ་རིག་འཛིན་རབ་འཕེལ་གླིང་གི་ཡིག་ཚང་འཚོལ་ཞིབ་ལས་“ཡུལ་རེབ་གོང་སྟོད་སྨད་བར་གསུམ་ཀུན་ཏུ་གསང་སྔགས་ཀྱི་བསྟན་པ་རིན་པོ་ཆེ་དང་།སྒོས་སུ་སྨིན་གླིང་གི་ཆོས་བརྒྱུད་དྲི་མ་མཉམ་པར་དར་རྒྱས་ཆེན་པོ་བྱུང་ངོ།།དེ་ཕྱིར་མདོ་དབུས་ཁམས་གསུམ་དུ་རེབ་གོང་སྔགས་མང་ཞེས་པའི་མཚན་གྱི་སྙན་པ་སྲིད་པའི་ཁྱོན་ལ་གྲགས”ཞེས་ཚད་མའི་དཔེ་དེབ་རྣམས་ལས་གསལ་བོར་གསུངས་པ་དེ་ལྟར་མཛད་རྗེས་ཀྱི་རི་མོ་སུབ་མེད་དུ་བཞག་ཡོད་དོ།།ཡིན་ཡང་ད་ལྟའི་བར་བླ་མ་ཁོང་གི་གདན་ས་རིག་འཛིན་རབ་འཕེལ་གླིང་ནི་“རེབ་གོང་ཡུལ་གྱི་ལོ་རྒྱུས་ཆེས་རིང་བའི་དགོན་པ་ཐོག་མ།ཀྲུང་གོ་ནུབ་བྱང་བོད་ཀྱི་སྲོལ་རྒྱུན་སྔགས་ཀྱི་འབྱུང་ཁུངས།རེབ་གོང་སྔགས་མང་ཕུར་ཐོག་སྟོང་དང་དགུ་བརྒྱ་ཞེས་བོད་ཁམས་ཀུན་ན་སྙན་གྲགས་རྒྱས་སའི་ཐོག་མའི་གདན་ས་འདི་ལ་ས་གནས་སྲིད་གཞུང་དང་ཆེད་མཁས་ཞིབ་འཇུག་པ་གང་གིས་ཀྱང་དོ་སྣང་མ་ཐོབ་པར་ལུང་བ་ཁ་བྱང་ལྟ་ཞིག་ཏུ་ལུས་ཡོད་པས་ཀུན་གྱིས་ས་གནས་རང་གི་ཁྱད་ནོར་འདི་ལ་བརྩིས་ཆེར་གནང་ན་ལེགས་པར་མཐོང་ངོ་”ཞེས་འབུམ་རམས་པའི་སློབ་དཔོན་ཆེན་མོ།གང་ལྗོངས་རིག་པའི་དཔའ་བོ་ཆུ་སྐྱེས་དགེ་འདུན་བསམ་གཏན་གྱིས་ཀྱང་རེ་བ་ཆེན་པོས་གསུངས་པ་ལྟར་གནས་པ་ལ་ལྷག་བསམ་ཅན་ནུས་པའི་སྤྱན་ལྡན་རྣམས་ཀྱིས་ཐུགས་འཁུར་དང་རྒྱབ་སྐྱོར་རེ་གནང་བར་ཞུ།།
འཇིག་རྟེན་བདེ་ཞིང་ལོ་ལེགས་ཤིང་།།
འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་།།
བདེ་ལེགས་ཐམས་ཅད་འབྱུང་བ་དང་།།
ཡིད་ལ་འདོད་པ་གང་འགྲུབ་ཤོག།ཅེས་རིག་འཛིན་རབ་འཕེལ་གླིང་གི་རིག་པ་འཛིན་པ་ཆུ་སྐྱེས་རིན་ཆེན་བཀྲ་ཤིས་སམ་ཆུ་སྐྱེས་སྔགས་སྨྱོན་དུ་འབོད་པས་ཕྱི་ལོ་༢༠༢༤ལོའི་བོད་ཟླ་༧པའི་ཚེས་༣ལ་རང་གི་བློ་རྟེན་ཙམ་དུ་རྫོགས་པར་བྲིས་པ་འདིས་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་།སྒོས་སུ་རེབ་གོང་སྔགས་མང་གི་བསྟན་པ་རིན་པོ་ཆེ་རྒྱས་པའི་རྒྱུ་གྱུར་ཅིག།
[①] རྩོམ་པ་པོ། ཆུ་སྐྱེས་རིན་ཆེན་བཀྲ་ཤིས། རེབ་གོང་བརྒྱལ་བུ་རླངས་ཚང་ཆུ་སྐྱེས་སྡེ་བའི་མི། རེབ་གོང་སྔགས་མང་རིག་འཛིན་རབ་འཛེལ་གླིང་གི་སྔགས་རྒྱུད་རིག་པ་འཛིན་པ། དགོན་པའི་འགན་འཛིན་པ། པུར་མིང་ལ། རླངས་སྔགས་སྨྱོན།
[②] ཆོས་འབྱུང་རིན་པོ་ཆེའི་གཏེར་མཛོད་བསྟན་པ་གསལ་བར་བྱེད་པའི་ཉི་འོད་ཅེས་བྱ་བ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་མཛད།
[③] བཀའ་བརྒྱད་རྣམ་བཤད་དངོས་གྲུབ་སྙིང་པོ་ཞེས་བྱ་བ་འཇམ་མགོན་མི་ཕམ་གྱིས་མཛད།
[④] བཀའ་བརྒྱད་རྣམ་བཤད་དངོས་གྲུབ་སྙིང་པོ་ཞེས་བྱ་བ་འཇམ་མགོན་མི་ཕམ་གྱིས་མཛད།
[⑤] བཀའ་བརྒྱད་རྣམ་བཤད་དངོས་གྲུབ་སྙིང་པོ་ཞེས་བྱ་བ་འཇམ་མགོན་མི་ཕམ་གྱིས་མཛད།
[⑥] བཀའ་བརྒྱད་རྣམ་བཤད་དངོས་གྲུབ་སྙིང་པོ་ཞེས་བྱ་བ་འཇམ་མགོན་མི་ཕམ་གྱིས་མཛད།
[⑦] སྒྲུབ་རྒྱུད་ཤིང་རྟ་བརྒྱད་ཀྱི་བྱུང་བ་བརྗོད་པའི་གཏམ་པདྨ་དཀར་པོའི་རྫིང་བུ་ཞེས་བྱ་བ། ཞེ་ཆེན་རྒྱལ་ཚབ་པདྨ་འགྱུར་མེད་བསྟན་འཛིན་མཁས་གྲུབ་རྒྱ་མཚོའི་དབང་བོས་མཛད།
[⑧] ཐང་ཡིག་ལས། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུཿ ཡར་ཀླུངས་མཐིལ་ནས་རྣམ་སྨིན་བསྐྱེད་རྒྱལ་འབྱུངཿ ཕག་གིས་ས་སློག་དབུས་ཁམས་ས་ཧོར་ཟཿ བཙན་རྫོང་བརྒྱ་དང་རྩ་བརྒྱད་ཕྱོགས་སུ་འབྱུང་ཿ ཤེལ་གྱི་བྲག་ཕུག་སྦས་པའི་གཏེར་ཁ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུངཿ གཏེར་སྟོན་ཨོ་རྒྱན་གླིང་པ་ཞེས་བྱ་འབྱུངཿ ཞེས་ལུང་བསྟན་པ་ནང་བཞིན་ཡར་རྗེ་ཨོ་རྒྱན་གླིང་པ་ཞེས་བ་ནི་རབ་བྱུང་ལྔ་བའི་ཆུ་ཕག་1323ལ་གཡོ་རུ་གྲྭ་ནང་གི་ཡར་རྗེ་ཞེས་པར་བོད་རྒྱལ་པོའི་གདུང་རྒྱུད་ནས་ཆད་པ་རྒྱལ་བ་ཡར་རྗེ་ཞེས་སུ་ངོ་མཚར་གྱི་མཚན་དཔེ་དང་བཅས་སྐུ་འཁྲུངས།མཁས་དང་གྲུབ་པའི་ཡོན་ཏན་ལ་མངའ་དབང་འབྱོར་ཞིང་དགུང་ལོ་ཉེར་གསུམ་པར་བསམ་ཡས་མཆོད་རྟེན་དམར་པོ་ནས་གཏེར་གྱི་ཁ་བྱང་བཞེས་ཏེ་ཟབ་གཏེར་མི་འདྲ་བ་ཉེར་ལྔ་བླངས་པར་མཛད་དོ།།
[⑨] བོད་བརྒྱུད་ནང་བསྟན་ཤེས་རིག་ཆེན་པོའི་གཞི་རྩའི་རྣམ་བཤད།ཆུ་སྐྱེས་དགེ་འདུན་བསམ་གཏན་གྱིས་མཛད།
[⑩] སློབ་དཔོན་པདྨ་འབྱུང་གནས་ཀྱི་རྣམ་ཐར་བཀའ་ཐང་ཟངས་གླིང་མ།ཉང་ཉི་མ་འོད་ཟེར་གྱིས་གཏེར་ནས་གཏོན།
[11] ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་ཅེས་བྱ་བ། ཉང་ཉི་མ་འོད་ཟེར་གྱིས་མཛད།
[12]གདམས་ངག་མཛོད་ཀྱི་དཀར་ཆག ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད།
[13]གདམས་ངག་མཛོད་ནི་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཕྱོགས་བསྒྲིགས་མཛད་པའི་མཛོད་ཆེན་སྡེ་ལྔའི་ནང་ཚན།
[14]པདྨ་བཀའ་ཐང་།གཏེར་ཆེན་ཨུ་རྒྱན་གླིང་པས་གཏེར་ནས་བཏོན།
[15]སྨིན་གླིང་གཏེར་ཆེན་གྱི་གཟིགས་སྣང་ཆུ་ཟླའི་རོལ་རྩེད། སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེས་མཛད།
[16]ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་ཟབ་གཏེར་ལུང་བྱང་། གཏེར་བདག་གླིང་པའི་གཏེར་མ།
[17] བྱང་གཏེར་ཐུབ་བསྟན་རྡོ་རྗེ་བྲག་གི་ཆོས་འབྱུང་། ཆོས་དབྱིངས་མཛད།
[18]བླ་མ་རིག་འཛིན་པའི་རང་རྣམ་གསུང་མགུར་ཇི་སྙེད་སེམས་ཀྱི་འཆར་སྒོ་མ་འགག་སྒྱུ་མའི་རོལ་རྩེད།རིག་འཛིན་དཔལ་ལྡན་བཀྲ་ཤིས་ཀྱིས་མཛད།
[19] རིག་འཛིན་རབ་འཕེལ་གླིང་དང་འབྲེལ་བའི་ཡིག་ཚང་གསེད་བཀྲོལ།ཆུ་སྐྱེས་དགེ་འདུན་བསམ་གཏན་སོགས་ཀྱིས་ནུབ་བྱང་མི་རིགས་སློབ་ཆེན་ནས་མཛད།
[20] རིག་འཛིན་རབ་འཕེལ་གླིང་དང་འབྲེལ་བའི་ཡིག་ཚང་གསེད་བཀྲོལ། ཆུ་སྐྱེས་དགེ་འདུན་བསམ་གཏན་སོགས་ཀྱིས་ནུབ་བྱང་མི་རིགས་སློབ་ཆེན་ནས་མཛད།
[21]དཔལ་ཆེན་ཁྲག་འཐུང་ཁྲོས་པོའི་རྡོ་རྗེའི་གད་རྒྱངས། གྲུབ་པའི་དབང་ཕྱུག་དཔལ་ཆེན་ནམ་མཁའ་འཇིགས་མེད་མཆོག་གི་རྣམ་པར་ཐར་པ་སྙིང་བོར་དྲིལ་བ་སྐལ་བཟང་ཐར་པར་འཁྲིད་པའི་དེད་དཔོན།ཞབས་དཀར་པ་ཚོགས་དྲུག་རང་གྲོལ་གྱིས་མཛད།
[22]དཔལ་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་སྤྱི་དོན་རྣམ་པར་བཤད་པ་དངོས་གྲུབ་སྙིང་པོ། མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེས་མཛད།
[23] གསུང་མགུར་ཇི་སྙེད་སེམས་ཀྱི་འཆར་སྒོ་མ་འགག་སྒྱུ་མའི་རོལ་རྩེད། རིག་འཛིན་དཔལ་ལྡན་བཀྲ་ཤིས་ཀྱིས་མཛད།
[24]བླ་མ་རིག་འཛིན་མིང་ཅན་གྱི་སྤྱོད་ཚུལ་བརྗོད་པའི་གཏམ་གྱི་རྒྱུན་ངོ་མཚར་དགྱེས་པའི་གླུ་དབྱངས།རིག་འཛིན་དཔལ་ལྡན་བཀྲ་ཤིས་ཀྱིས་མཛད།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།