སྔར་ཞིག་སྟོན་པའི་ཞབས་ཟུང་སེར་སྐྱར་བཀོད་དེ། །
བཅུ་གཉིས་མཛད་པའི་སྒྱུ་འཕྲུལ་ཁམས་འདིར་གཡོ་དུས། །
གསེར་ཞལ་མ་མཇལ་ད་དུང་སྲིད་པར་འཕྱན་པའི། །
དྲེད་པོ་རང་ལ་བསམ་ན་སྐྱོ་གདུང་ཆེ་ཡང་། །
དུས་གསུམ་རྒྱལ་བའི་ཞལ་སྐྱིན་མཚོ་འཁྲུངས་རྒྱལ་པོ། །
སྐུ་མདོག་ཅུང་ཙམ་བརྗེས་ནས་བོད་དུ་ཕེབས་པའི། །
མ་ལུས་སྐྱེ་རྒུའི་མངའ་བདག་རང་བྱུང་པདྨ། །
མཇལ་འདི་ཚོགས་བསགས་དག་པའི་ལག་རྗེས་ལོས་ཡིན། །
ལེགས་བཤད་གསུང་གི་བདུད་རྩི་ཡང་དུ་འཐུང་ཞིང་། །
གསེར་ཞལ་བཞིན་གྱི་དཀྱིལ་འཁོར་གམ་དུ་མཇལ་བ། །
བདེན་ནམ་མངོན་སུམ་ཐོབ་པའི་དགའ་སྟོན་འདིས་ཀྱང་། །
སུམ་རྩེན་ལྷ་ཡི་དགའ་བྲོད་ནང་ནས་འཕེལ་ཡོང་། །
གཡའ་དག་ནམ་མཁའི་སྤྲིན་རིམ་བང་དུ་མཚར་ཅིང་། །
རྡུལ་དག་ས་གཞིའི་ཁ་འབྲས་ལེགས་སུ་སྨིན་དུས། །
སྐྱབས་གཅིག་བླ་མ་དགྱེས་པའི་ཞལ་གྱི་དཀྱིལ་འཁོར། །
མངོན་སུམ་མིག་ཏུ་མཇལ་བའི་སྐལ་བཟང་ཆེ་སོང་། །
སེམས་ཉིད་རང་ནས་དག་ན་ཡུལ་སྣང་ཀུན་ཀྱང་། །
མ་ལུས་ལེགས་པར་འཆར་བའི་རྟེན་འབྲེལ་གནད་ཀྱིས། །
ཉིན་འདིའི་དགེ་བའི་གཡང་དང་ཕྱྭ་ཡི་རུ་མ། །
བདག་ཉིད་ཁོ་ནར་བསྩལ་ལམ་འཕྱང་མོ་ཉུག་འོང་། །
འཛམ་གླིང་རྒྱན་དྲུག་གྲགས་པའི་མཁས་པའི་རྔ་ཆེན། །
བོད་ཀྱི་འཇམ་དབྱངས་ཞུ་བའི་སྔ་རབས་རིག་འཛིན། །
ཁྱེད་ལས་ལྷག་ཏུ་མེད་པའི་ངེས་ཤེས་དེས་ཀྱང་། །
མཇལ་བའི་དགའ་བྲོད་དབྱིངས་ནས་ཡང་དུ་རྩེན་ཨང་། །
ཕ་རྒྱུད་གངས་ལ་གཏུགས་པའི་མཚོ་སྐྱེས་རྒྱལ་པོ། །
སྙིང་ཐིག་མ་བུའི་ཡང་ཞུན་ཀུན་མཁྱེན་ཡབ་སྲས། །
སྔ་འགྱུར་རིག་འཛིན་བརྒྱུད་པ་ཁྲོམ་ཚོགས་མཇལ་ཀྱང་། །
འདི་ལས་ལྷག་པའི་དད་དང་དགའ་བ་ཡོད་སྐན། །
ཚུལ་ཁྲིམས་པདྨའི་དྲི་བསུང་དལ་གྱིས་གཡོ་ཞིང་། །
ཉམས་རྟོགས་ལོ་མའི་འབྲས་བུ་ཁུར་དུ་དུད་པའི། །
དབེན་ཁྲོད་ཞི་བར་གནས་པའི་སངས་རྒྱས་དེ་ལ། །
ང་དང་ཁྱོད་ཅག་མི་དད་རང་དབང་འབྱིན་རུ། །
ཆོས་དྲེད་ལོག་པར་འཕྱན་པའི་དམིགས་ལོང་ང་ཡང་། །
བྱམས་བརྩེའི་ཐུགས་རྗེ་ཕྱག་གི་གཡང་ནས་བསྐྱབས་ཏེ། །
ཞི་བ་ཐར་བ་བགྲོད་པའི་ལམ་དཀྱིལ་བཞག་པའི། །
བཀའ་དྲིན་ཡང་དུ་བསམ་ན་ཡང་དུ་དད་འོང་། །
ཕ་རྒན་པདྨའི་རྟོགས་རྩལ་བྱ་རྒྱལ་ཁྱུང་ཆེན། །
དམིགས་བྲལ་ལྟ་བ་ཡངས་བའི་མཁའ་ལ་རྩེན་ན། །
འཕུར་འདོད་གཤོག་ཟུང་རྙིད་པའི་བུ་རྒྱུད་ང་ཡང་། །
ཐོས་བསམ་ཟུང་དུ་བསྐྱངས་ནས་ལྡིང་རྩལ་ཞུའོ། །
བྱས་ཉེས་ལོག་ལམ་འཕྱན་པའི་མགོ་འཁོར་ང་ཡང་། །
ཚེ་འདིར་དགེ་བའི་རྒྱགས་ཕྱེ་གཞན་ཞིག་མེད་ཀྱང་། །
ཁྱེད་ཞལ་མཇལ་ནས་གསུང་གི་བདུད་རྩི་འཐུང་བའི། །
སློབ་མའི་གྲལ་དུ་འཚང་བ་འདི་ཕྱིའི་བྲོ་ཁ། །
གཅིག་ན་བྱས་པའི་སྒྱུ་འཕྲུལ་ལོག་པར་ཞུགས་ལ། །
གཉིས་སུ་མི་ཁའི་འོབས་སུ་གཡང་དུ་ལྷུང་དུས། །
སྲིད་འདིར་རེ་བཞག་སྟོན་པའི་བཤེས་གཉེན་ཁྱེད་ཀྱིས། །
འདི་ཕྱིའི་སྦྲེལ་མཚམས་བར་ནས་ཐུགས་རྗེའི་འཛིན་རོགས། །
ས་གཞི་རིན་ཆེན་བཀང་ནས་ཡོན་དུ་བསྟབས་ཀྱང་། །
ཁྱེད་ཞལ་མཇལ་བའི་བསོད་ནམས་བསྒྲུན་ཏུ་ཅི་ཡོད། །
སྔར་གྱི་སྨོན་ལམ་དག་པས་ཁྱེད་ཞབས་གཏུགས་ལྟར། །
སྐྱེས་ཀུན་བདག་གི་བཤེས་སུ་བཞུགས་པར་གྱུར་ཅིག །
གང་ཁྱེད་གདུལ་བྱའི་དོན་དུ་གང་འདུལ་སྤྲུལ་དུས། །
བདག་ནི་ཁྱེད་ཀྱི་བྲན་དང་ཞབས་ཕྱིའི་གཡོག་པོ། །
ཐ་ན་ཆིབས་པའི་རྟ་དང་བཞུགས་སའི་གདན་སོགས། །
གང་དགོས་དེ་རུ་གྱུར་ནས་ཞབས་ཏོག་འགྲུབ་ཤོག །
ཅེས་པའང་པདྨའི་འབངས་སུ་མཆིས་པ་ལུ་ལམ་སྨན་ལྷ་འབོད་པས་སྦྱར།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།