༄༅། །བསྟོད་ཚིག་མུ་ཏིག་མགུལ་རྒྱན།
གྱེར་འདོན་པ། བཀྲ་ཤིས་དབང་ཕྱུག དབྱངས་ཅན།
ཡ་མཚན་ཆོས་ཀྱི་ཞིང་ས་རུ་དམ་ལུང་། །
ཕུལ་བྱུང་མཚན་དཔེ་གསལ་བའི་ཉི་ཟླའི་གར། །
འགྲོ་མང་ཡིད་ཀྱི་མུན་སེལ་འོད་དཀར་ཅན། །
ཁྱབ་བདག་པདྨའི་མཚན་ཅན་སྤྱི་བོར་ལེན། །
འཆད་རྩོད་དབྱར་རྔ་སྙན་པའི་ལྔ་རིག་ཚལ། །
སྙིང་བརྩེའི་གཟི་དཔལ་བཀྲ་བའི་ལང་ཚོ་ཡི། །
ལུང་རིགས་ཟུང་གིས་བཞད་པའི་མཛེས་སྡུག་བསྐྲུན། །
རྒྱལ་བསྟན་སྐྱེད་ཚལ་འཛིན་ལ་སྤྱན་རས་ཡངས། །
ཡང་དབེན་གྲུབ་བརྙེས་སྟོང་གི་དགའ་ཚལ་ཏེ། །
གནས་མཆོག་ངོ་མཚར་འབར་བའི་པདྨའི་ཕུག །
སྤྲོས་པའི་མཚན་མ་ཞི་བས་སྨྲ་བརྗོད་ཉུང་། །
མཚུངས་མེད་སེམས་དཔའ་མཆོག་དེ་གཙུག་ཏུ་བསྙེན། །
ཤིང་རྟ་བརྒྱད་སོགས་གངས་རིའི་གྲུབ་མཐའི་སྲོལ། །
རིས་སུ་མ་འཛིན་ཐུགས་བརྩེས་ལེགས་བསྐྱངས་པའི། །
བསྟན་པའི་འཁོར་ལོ་འཛིན་ལ་མཁྱེན་རབ་ཅན། །
ཁྱབ་བདག་པ༵དྨ༵འི་མཚན་འཆང་དད་བརྒྱས་རོལ། །
མདོ་སྔགས་ཆོས་ཚུལ་བཟང་པོའི་གསུང་སྙན་གྱིས། །
རྒྱལ་བསྟན་བཤད་སྒྲུབ་སྤེལ་ལ་མཚུངས་བྲལ་བ། །
རྨད་བྱུང་མཁས་པའི་ཡང་རྩེ་རྫོགས་ཆེན་གྱི། །
ངོ་མཚར་སྟོང་གིས་ལེགས་ཕྱུག་ཁྱབ་བདག་པ། །
ཤར་ནུབ་རབ་འབྱམས་དཀྱིལ་འཁོར་མཁའ་དབྱིངས་ལས། །
མཚན་ལྡན་སྙན་པའི་རྔ་གསང་གྲགས་པ་ཡིས། །
ཁམས་གསུམ་འགྲོ་བ་ཡོངས་ཀྱི་སྙིང་གི་དཔྱིད། །
མདོངས་མཐའ་ཟློས་གར་བྱེད་ལ་ཅིས་མི་བྲེལ། །
ཡེ་དག་པད་འབྱུང་ཆེན་པོའི་དགོངས་དོན་བཅུད། །
སྒྲིབ་མེད་ཐུགས་སུ་རོལ་བ་གུ་རུ་དངོས། །
ཕྱོགས་མེད་བསྟན་འགྲོའི་མགོན་དུ་སྐུ་བཞེངས་པ། །
འུ་ཅག་འགྲོ་བའི་ཚོགས་རྣམས་སྐལ་བ་བཟང་། །
མཚན་དཔེའི་ལང་ཚོ་གསལ་བ་བགྲེས་མེད་སྐུ། །
སྨྲ་དག་བརྗོད་སྒྲོས་གཙང་བ་ཆོས་ཀྱི་གསུང་། །
འབད་མེད་མཁྱེན་གཉིས་མངའ་བ་ཡེ་ཤེས་ཐུགས། །
ཟླ་བྲལ་སྨྲ་བའི་སྐྱེས་མཆོག་རྫོགས་ཆེན་པ། །
མ་བཅོས་འདུན་པས་རྩེན་པའི་ཡིད་ཀྱི་མཁར། །
མི་ཕྱེད་དད་པའི་མཆི་མས་ཡང་ཡང་བརླན། །
སྐྱབས་མེད་འགྲོ་བའི་གཙུག་རྒྱན་ཁྱབ་བདག་པ། །
འདི་ཕྱི་གཏན་གྱི་སྐྱབས་གནས་ཁྱེད་ལ་རེ། །
ཚེ་རབས་ལས་དང་སྡོང་བའི་ཡ་ཆུང་གི །
བདག་སེམས་རྨོངས་མུན་དྲ་བ་སྨག་གི་དཔུང་། །
ཆོས་ཀུན་མངོན་དུ་གསལ་བའི་རྗེ་བཙུན་གྱི། །
མཁྱེན་རབ་ཉི་ཟླའི་སྣང་བས་མ་ལུས་ཆོམས། །
ལྷ་ཚོགས་བཀའ་སྲུང་རྒྱ་མཚོའི་བདེན་པའི་མཐུས། །
འགྲོ་ཚོགས་བུ་ལྟར་བརྩེ་བའི་སྐལ་བཟང་གི །
དངོས་གྲུབ་རླབས་ཕྲེང་ཟེགས་མ་གང་དེ་ཡིས། །
མི་ཕྱེད་དད་པའི་འབངས་ལ་ཤིས་པར་སྒྲུབས། །
དེ་ལྟར་མ་བཅོས་དད་འདུན་ལས་སྐྱེས་པའི། །
གང་ཉིད་བསྔགས་བརྗོད་པད་དཀར་འཐོར་བ་ལས། །
བདག་ཡིད་འཛིན་པའི་སྤྲོས་པ་ཀུན་ཞི་སྟེ། །
གནས་ལུགས་རྟོགས་པའི་རྒྱུ་རུ་གྱུར་ཅིག་གུ །
ཞེས་པ་འདི་ནི་མ་འབད་ངང་གིས་དད་པའི་རུ་དམ་ལུང་མཐའ་རུ་འཁོད་པའི་སྨྱུག་མིང་ལ་རང་མདངས་དང་དངོས་མིང་ལ་བཀྲ་ཤིས་རབ་བརྟན་དུ་འབོད་པ་དེས་ས་ཟླའི་ཚེས་བཟང་པོའི་ཉིན་ ༧ ཁྱབ་བདག་རྫོགས་ཆེན་པ་ཆེན་པོ་སྐྱབས་རྗེ་བླ་མ་རིན་པོ་པདྨ་སྐལ་བཟང་ཞེས་མཚན་སྙན་དགུང་ན་མཐོ་བའི་མགོན་མེད་སྐྱབས་ཀྱི་དྭངས་མ་རུ་བཞུགས་པ་གོང་ཉིད་དགུང་གྲངས་གྱ་གཉིས་བཞེེས་པའི་འཁྲུངས་སྐར་ལ་ཤར་ཐོས་བསམ་ནོར་བུའི་གླིང་ནས་སྦྱར་བར་དགེ་ལེགས་འཕེལ།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།