རླངས་ཀྱི་རུས་རྒྱུད་བྱུང་རབས་དང་རླངས་ཨ་མྱི་བྱང་ཆུབ་འདྲེ་འཁོལ་གྱི་རུས་རྒྱུད་རྒྱུས་གསར་འཚོལ་བ།

 ༄༅།། རླངས་ཨ་ཉེ་བྱང་ཆུབ་འདྲེ་བཀོལ་གྱི་གདུང་རྒྱུད་ལ་རེབ་གོང་རླངས་བརྒྱལ་བུ་རིག་འཛིན་དཔལ་ལྡན་བཀྲ་ཤིས་བྱོན་པའི་ཡིག་ཚང་གི་རྒྱུས་གསར་དུ་འཚོལ་བ།

WechatIMG74.jpg

WechatIMG86.jpg

文献学视域下著名历史人物仁增华尔旦扎西祖源新探

ཆུ་སྐྱེས་དགེ་འདུན་བསམ་གཏན། ཚེ་རིང་འཚོ།

《中国藏学》2022年第2

【ནང་དོན་གནད་བསྡུས།】 

         དཔྱད་རྩོམ་འདིར་གཙོ་བོ་བོད་ཀྱི་རུས་མཛོད་ཆེས་སྔ་གྲསརླངས་ཀྱི་པོ་ཏི་བསེ་རུསོགས་རླངས་ཀྱི་གདུང་རྒྱུད་མཆེད་ཁུངས་འཁོད་ཡོད་པའི་ཡིག་ཚང་དང་།

རེབ་གོང་རུས་མཛོད་ལྟ་བ་མཁའ་ཁྱབ་ཕྱོགས་བྲལརྣམས་གུང་བསྒྲིགས་ནས་རླངས་ཨ་ཉེ་བྱང་ཆུབ་འདྲེ་བཀོལ་གྱི་གདུང་རྒྱུད་ལ་རེབ་གོང་རླངས་བརྒྱལ་བུ་བླ་མ་རིག་འཛིན་དཔལ་ལྡན་བཀྲ་ཤིས་བྱོན་པའི་ཡིག་ཚང་གི་རྒྱུས་བཙལ་ཡོད།

བརྡ་ཆད་གཙོ་བོ། རླངས་ཨ་ཉེ་བྱང་ཆུབ་འདྲེ་བཀོལ།[①] རེབ་གོང་། རིག་འཛིན་དཔལ་ལྡན་བཀྲ་ཤིས།

ཐོག་མའི་གླེང་གཞི།

དེ་ཡང་མདོ་སྨད་ལོ་རྒྱུས་ཆེན་མོལས། ང་ཚོ་དོགས་པ་མི་ཟ་རང་ཟ་ཡིན་པའི་དོན་གནད་ཅིག་ཡོད་པ་ནི། རེབ་གོང་གི་རྒྱལ་བོ་གླིང་ཚང་དང་། དབུས་གཙང་གི་ལྷ་གཟིགས་རླངས་ཀྱི་མིང་ཡིག་ལ་མི་འདྲ་བའི་ཁྱད་ཆེ་ཁར། ཕྱིས་བྱུང་རེབ་གོང་གི་ལོ་རྒྱུས་ཁག་ཅིག་ཏུ་རྒྱལ་བོ་འདི་ལྷ་གཟིགས་རླངས་ཀྱི་གདུང་རྒྱུད་ལ་གཏུགས་འདོད་ཡོད་པ་གསལ་ཡང་། དོན་གྱིས་རྒྱུད་པ་དེར་ཧྲིག་གེར་གཏུགས་ཐུབ་མེད་པར་སྣང་བས་དཔྱད་དགོས་ཤིང་། དེ་དག་རླངས་རྒྱུད་དང་གཏུགས་ཐུབ་ཚེ་མིའུ་གདུང་དྲུག་ལས་ཨ་ལྕགས་འབྲིའི་གདུང་རྒྱུད་ཡིན་དགོས། [②]ཞེས་ཁོང་གི་དགོངས་གཞི་དང་འབྲེལ་བའི་དོགས་འདྲི་དེ་དང་། ཡང་མདོ་སྨད་ལོ་རྒྱུས་ཆེན་མོདེར།དེང་སང་རེབ་གོང་རྒྱལ་བོའི་རུས་རྒྱུད་འདི་དབུས་ཀྱི་ལྷ་གཟིགས་རླངས་ཀྱི་གདུང་རྒྱུད་དང་གཏུགས་ནས་བཤད་མཁན་ཡོད་ཅིང་། སྔར་གྱི་གླིང་ཡིག་གི་ཚབ་ཏུ་རླངས་འདི་བྲིས་པའང་ཤིན་ཏུ་མང་མོད། ཨ་མདོའི་ཁ་སྐད་ལྟར་ན། གླིང་དང་རླངས་གཉིས་ཀློག་སྟངས་ལ་ཁྱད་མེད་མོད། དོན་གྱིས་དེ་གཉིས་ཀྱི་ཡིག་དོན་དང་། ཀློག་སྟངས་ཀྱི་བར་ཁྱད་ཆེན་པོ་ཡོད། རླངས་བཀུག་ནས་གླིང་ལ་བསྲེ་རྒྱུ་དེ་ཙམ་སྟབས་བདེ་མ་ཡིན་པར་སྣང་བས་དཔྱད་ལ།[③]ཞེས་རེབ་གོང་གི་མཁས་པ་སྤྱི་དང་སྒོས་སུ་རྒྱལ་བོ་ལྷ་གཟིགས་རླངས་ཀྱི་གདུང་རྒྱུད་པ་རྣམས་ལ་དྲི་བའི་ཁུར་ཆེན་པོ་ཞིག་གནང་ཡོད་པ་འདི་འཛམ་གླིང་གི་མཁས་མང་སྤྱན་གསལ་ཀུན་གྱིས་སྔ་ནས་མཇལ་ཡོད་ངེས་སོ།།

གནད་འགག་འདི་སྔར་མདོ་སྨད་ལོ་རྒྱུས་ཆེན་མོགླེགས་བུམ་གསེར་གྱི་རི་བོ་ལྟ་བུར་མཇལ་པ་ནས་རེབ་གོང་བརྒྱལ་བུ་ལྷ་གཟིགས་རླངས་ཀྱི་གདུང་རྒྱུད་ཐད་བགྲོ་གླེང་ཅུང་ཙམ་ཡོད་དོ་སྙམ་ཡང་ཞུ་རྒྱུའི་སྐལ་བ་མ་བྱུང་བར་ཡུན་རིང་ལུས། ཁོང་ལ་ཕྱི་ལོ་༢༠༠༦གི་ལོར་དབྱི་ཇིའི་ལུང་པ། Oxford university ཨོག་སེ་ཧྥོར་ཌི་སློབ་གྲྭ་ཆེན་མོ་ནས་རྒྱལ་སྤྱི་བོད་རིག་པའི་དཔྱད་གླེང་ཚོགས་འདུའི་སྟེང་ནག་མིག་གི་སྐྱ་བར་ནས་ལབ་གླེང་ལྷོད་ལྷོད་ཅིག་གནང་རྒྱུའི་སྐལ་བ་མ་བྱུང་། ཕྱིས་སུ་མདོ་སྨད་ལོ་རྒྱུས་ཆེན་མོ།དང་

འབྲེལ་བའི་གནད་འགག་འགའ་རེ་གླེང་རྒྱུ་ཨེ་བྱུང་ལ་རེ་བྱས། སྐབས་རྗེས་མའི་ཚོགས་འདུ་དང་འབྲེལ་ཡོད་ལས་ཀ་གང་ས་ནས་མཇལ་ཨེ་ཡོང་སྙམ་པ་ཤར་ཡང་། དེ་ལས་ལྡོག་ཏེ་སྐལ་བཟང་གི་ཉི་མ་དེའི་འཕྲོ་ཆད། ཡིན་ནའང་ད་ཐེངས་སློབ་ཁྲིད་ཀྱི་སྐབས་གང་ཡིན་དུ་ལྷ་གཟིགས་རླངས་ཀྱི་གདུང་རྒྱུད་ལ་བགྲོ་གླེང་དང་མཉམ་ཞིབ་ཀྱི་དུས་ཚོད་རྡོག་ཙམ་བྱུང་བས། མདོ་སྨད་ལོ་རྒྱུས་ཆེན་མོའི་རྩོམ་པ་བོ་ལགས་ལ་ལན་ཙམ་ཞུ་བའི་སྐལ་བཟང་ལ་དོ་སྣང་དང་ནན་ཏན་གྱིས་ཁུར་བླངས་ཏེ་དཔྱད་རྩོམ་འགའ་འབྲི་རྒྱུའི་ལས་སུ་ཞུགས་པ་ཡིན།

        སྔོན་གྱི་ཡིག་ཚང་རྣམས་སུ་མཁས་པ་གང་དང་གང་གིས་སྐབས་དེར་བཤད་པའི་ཞེ་ཚིག་ལ་ལུང་བསྟན་ཞེས་འབྲི་བའི་སྲོལ་ཞིག་ཆགས་ཡོད་ལ། ད་ལྟ་འུ་ཚོས་མཁས་པ་དེ་དང་དེས་བཤད་པ་ལ་གསུང་ཞེས་ཞེ་ཚིག་འབྲི་བ་དང་གཉིས་སུ་མེད་ཀྱང་། བར་བརྒལ་གྱི་དུས་རབས་དང་མི་རབས་མང་པོ་ཞིག་གི་རྗེས་ཀྱི་བྱ་བ་སྣ་ཚོགས་སྟོན་པའི་གསུང་ལ་ལུང་བསྟན་ཞེས་བྲིས་ཡོད་པ་ལ་རྒྱུ་མཚན་གཞན་ཞིག་གི་ངོས་ནས་གོ་བ་ལེན་སྲོལ་ཡང་ཡོད་ཆོག་པས། ཡིན་ཡང་གནས་སྐབས་ཙམ་གྱི་བྱ་བ་སྟོན་པ་ལ་ལུང་བསྟན་མི་ཟེར་བ་དེས་ཤེས་ངེས། ལ་ལས་ཆོས་ལུགས་ཀྱི་ཤན་ཤུགས་ཤིག་རེད་བསམ་ན་ནི་ཡིག་ཚང་གི་འབྲི་སྲོལ་དེ་ག་རང་ཡིན་པས་ཁུངས་མ་བཞིན་མ་སྣོག་པར་ཇི་བཞིན་འགོད་དགོས་པ་རྩ་བའི་འགྲོ་སྟངས་ཡིན་ནོ།།

ཞོལ་ནས་རེབ་གོང་རུས་མཛོད་ལྟ་བ་མཁའ་ཁྱབ་ཕྱོགས་བྲལ་གྱི་ལུང་འདྲེན་ཞུ་དུས་ཡིག་ཚོགས་སྐྱུང་ཕྱིར་རེབ་གོང་རུས་མཛོདཅེས་དང་། རླངས་ཨ་ཉེ་བྱང་ཆུབ་འདྲེ་བཀོལ་ལ་བྱང་ཆུབ་འདྲེ་བཀོལ། རྒྱ་བཟའི་དགེ་བཤེས་འཇམ་དབྱངས་བསོད་ནམས་གྲགས་པ་ལ་རྒྱ་བཟའི་དགེ་བཤེས་ཞེས་བསྡུས་ཡོད།

དང་པོ། བརྒྱལ་བུ་རླངས་ཚང་གི་ཐོག་མའི་གནས་གཞི་ཆུ་སྐྱེས་མཁའ་འགྲོ་ཚོགས་རའི་ཡིག་ཚང་གི་རྒྱུས་འཚོལ་བ།

དེ་ཡང་རླངས་ལྷ་གཟིགས་ཀྱི་ལུང་བསྟན་ལས། བདག་གི་མི་རབས་མང་པོ་སོང་བའི་དུས།།འཆི་མེད་བླ་མ་རྒྱལ་མཚན་མིང་ཅན་འབྱུང་།།ཞེས་པ་ནས།ཤར་ལྷོའི་རི་ན་མཁའ་འགྲོའི་ཚོགས་ར་ཡོད།།རབ་བྱུང་ཤར་ནས་དང་པོའི་ས་གླང་ལོར།།བརྒྱལ་བུ་རླངས་ཀྱི་གདུང་བརྒྱུད་དེ་རུ་གནས།།མི་བརྒྱུད་ཆུ་བོ་ལས་ཀྱང་རིང་བར་འོང་།།[④]ཞེས་ལུང་གིས་བསྔགས་པ་ལྟར་རླངས་ལྷ་གཟིགས་ཀྱི་གདུང་རྒྱུད་མ་ནོར་བ་འཆི་མེད་བླ་མ་རྒྱལ་མཚན་དང་། ཆུ་སྟོད་ཉི་མའི་འཁོར་ལོ། ཆུ་སྐྱེས་ཉི་མ་ཐག་རྟོད། ཆུ་སྐྱེས་ཉི་མ་དྲག་འཛིན་སོགས་བྱོན་པའི་གནས་ཕུན་སུམ་ཚོགས་པ་རེབ་གོང་ཤར་ལྷོའི་རིར་ཆགས་པའི་གནས་གཞི་མཁའ་འགྲོའི་ཚོགས་རའམ་མཁའ་འགྲོའི་འདུ་ར་ཞེས་ཡོངས་སུ་གྲགས་པ་དེར་རབ་བྱུང་ཤར་ནས་དང་པོའི་ས་གླང་ལོར༼ཕྱི་ལོ༡༠༤༩༽བརྒྱལ་བུ་རླངས་ཀྱི་གདུང་བརྒྱུད་ཀྱིས་དཔོན་ས་བཟུང་ནས་ད་ལྟའི་བར་མི་ལོ་༩༧༢སོང་བ་ཡིག་ཚང་དང་ཡང་མཐུན་ལ། ཆོས་ལུགས་པའི་ཞེན་ཁ་ཙམ་དུ་མ་སོང་བར་དངོས་པོའི་གནས་ཚོད་དང་མཐུན་པའི་བདེན་དོན་རང་དུ་སོང་འདུག རེབ་གོང་སྔགས་མང་གི་དགོན་པ་ཆེས་ཐོག་མའི་གདན་ས་རིག་འཛིན་རབ་འཕེལ་གླིང་ཡང་གནས་འདིར་བཏབས་ཡོད།

ཡང་བྱང་ཆུབ་འདྲེ་བཀོལ་གྱི་ལུང་བསྟན་ལས་ཀྱང་། ང་ཡི་མི་རབས་འགའ་ཡི་རྗེས་ཤིག་ལ།།རླངས་ཀྱི་གདུང་རྒྱུད་མདོ་ཁམས་སྨད་དུ་འགྲོ།།སྟག་ལུང་ལྕང་ལུང་ལྷ་ལུང་ཞེས་པའི་གནས།།ཞལ་དཀར་ཆུ་སྐྱེས་མཁའ་འགྲོའི་ཁྲོམ་ར་རུ།།[⑤]རབ་བྱུང་དང་པོའི་རྩིས་མགོའི་ས་གླང་ལོར།།གནས་གཞི་བཟུང་ནས་མི་བརྒྱུད་མང་པོ་འབྱུང་།།བརྒྱལ་བུ་རླངས་ཚང་ཞེས་པ་ཡོངས་སུ་གྲགས།།[⑥]ཞེས་ལུང་བསྟན་པ་བཞིན་༼ཕྱི་ལོ༡༠༤༩༽བརྟུལ་ཞུགས་སྨྱོན་པའི་ཚུལ་འཛིན་པའི་རྣལ་འབྱོར་བ་ཆེན་པོ་རྣམས་ཀྱི་མི་བརྒྱུད་མང་དུ་འཕེལ་བ་ལ་བརྒྱལ་བུ་རླངས་ཚང་ཞེས་ཡོངས་སུ་གྲགས་པ་དང་། མི་བརྒྱུད་འདིས་གནས་གཞི་འཛིན་སའི་ཐོག་མའི་མིང་ལ་ཆུ་སྐྱེས་མཁའ་འགྲོའི་ཁྲོམ་ར་ཞེས་སུ་གྲགས་སོ།།གནས་འདི་ལ་ད་ལྟའང་ཆུ་སྐྱེས་ཐང་ཟེར་ལ། རླངས་ལྷ་གཟིགས་ཀྱི་ལུང་བསྟན་དང་དགོངས་པ་གཅིག་ཏུ་འབབ།

གཞན་ཡང་། ཁ་ཅིག་ཆུ་བོ་བཅལ་དུ་བཀྲམས་ཡོད་ས་ཞིག་ཡིན་པས་ཆུ་བཅལ་དང་། བྲག་དགོན་པས་ཆུ་ཆའི་ཐང་།ཆུ་ཀྱྰའི་ཐང་།[⑦] བླ་མ་རིག་འཛིན་པས་ཆུ་ཅའི་ཐང་།ཁྲི་རྒན་འཇམས་དབྱངས་ཐུབ་བསྟན་རྒྱ་མཚོས་ཆུ་ཆྰའི་ཐང་།[⑧] གླིང་རྒྱ་བླ་མ་ཚེ་རིང་གིས་ཆུ་འཆོར་ཐང་།[⑨] ཨ་ཁུ་འཇིགས་མེད་ཐེག་མཆོག་གིས་ཆུ་ཆའི་ཐང་[⑩]སོགས་སྣ་ཚོགས་པ་ཞིག་བྲིས་འདུག་ཀྱང་སྔོན་རླངས་ཀྱི་གྲུབ་ཆེན་རྣམས་ཀྱིས་ལུང་བསྟན་པ་ལྟར་ཡིག་ཚང་ཁུངས་མ་དག་གཞིར་བྱས་ན་ཆུ་སྐྱེས་ཐང་ཞེས་བྲིས་ན་འགྲིག་པར་མཐོང་ལ།  རེབ་གོང་རུས་མཛོད་རྩོམ་པ་བོ་རྒྱ་བཟའི་དགེ་བཤེས་ཀྱི་དགོངས་པ་དང་ཡང་མཐུན་ནོ།།

གོང་གི་ལུང་བསྟན་ཡིག་ཚང་རྙིང་བ་དག་ལས་རྒྱལ་བོ་ཞེས་མ་བྲིས་པར་བརྒྱལ་བུ་ཞེས་བྱུང་ཡོད་ལ། རྒྱ་བཟའི་དགེ་བཤེས་ཀྱིས་རེབ་གོང་རུས་མཛོད་འབྲི་སྐབས་ཀྱང་བརྒྱལ་བུ་ཞེས་བྲིས་འདུག་པ་ལ་རྒྱུ་མཚན་ཡོད་དེ། མང་ལྡོམ་སྟག་བཙན་དང་སྨན་བཙན་མ་ལ་རླངས་ལྷ་གཟིགས་འཁྲུངས་ཤིང་། སྲས་བཙས་མ་ཐག་པ་ཡིན་པས་གཉིད་ལོག་ནས་བརྒྱལ་ཡོད་པ་ལྟ་བུའི་སྐབས་སུ་ལྷ་རིའི་རྩེར་ཁྱེར་ནས་གཡའ་སྒྲོམ་ཞིག་ཏུ་བཞག་པའི་རྒྱུས་ཡིག་ཚང་དུ་འབྱུང་བ་ལྟར་བརྒྱལ་བུ་ཞེས་སུ་འབོད་པ་ལས་བཏགས་མིང་ཙམ་མ་ཡིན་ནོ།། ཕྱིས་སུ་བརྒྱལ་བུ་ཞེས་རླངས་ལྷ་གཟིགས་ཀྱི་བརྒྱུད་ལ་ཐོག་སྟེ་བརྒྱལ་བུ་རླངས་ཚང་ཞེས་པ་ཟུར་ཆག་ནས་ད་ལྟ་རྒྱལ་བོ་རླངས་ཚང་ཞེས་སུ་འབྲི་སྲོལ་ཞིག་ཆགས་འདུག

གཞན་ཡང་རྒྱལ་བོ་ཞེས་པ་ཨ་ཡིག་རང་བྱོན་ཡོད་པའི་ས་ནས་སྐྱེས་པས་རྒྱལ་བོ་ཨ་སྐྱབས་བུ་བཞིར་གྲགས། རྒྱལ་བོས་གཞི་བཟུང་ཡུལ་ཡིན་པས་རྒྱལ་བོར་ཐོགས་པར་གྲགས།[11] ཞེས་མདོ་སྨད་ལོ་རྒྱུས་ཆེན་མོར་གསུངས་པ་ཁུངས་གང་ལ་བཅོལ་བའི་རྒྱུས་གསལ་བོ་མི་འདུག་མོད།  ཡིག་ཚང་རྣམས་དང་བསྡུར་ན་ཕྱིས་ཀྱི་ཟུར་ཆག་གི་མིང་གིས་ཤན་ཞུགས་པ་ཡིན་ལས་ཆེ་ཡང་།བླ་མ་རིག་འཛིན་པས་ཀྱང་འདི་དང་འདྲ་བ་ཞིག་གསུངས་འདུག

གོང་དུ་བརྟུལ་ཞུགས་སྨྱོན་པའི་ཚུལ་འཛིན་པའི་རྣལ་འབྱོར་བ་ཆེན་པོ་ཞེས་པ་ནི། རླངས་ཨ་ཉེ་བྱང་ཆུབ་འདྲེ་བཀོལ[12]་གཅིག་པུ་མ་ཡིན་པར་གནས་འདིར་བྱོན་མྱོང་བའི་རླངས་འཆི་མེད་བླ་མ་རྒྱལ་མཚན། ཆུ་སྟོད་ཉི་མའི་འཁོར་ལོ། རླངས་ཚང་ཆུ་སྐྱེས་པདྨ་རིག་འཛིན།༼ཆུ་སྐྱེས་ཉི་མ་ཐག་རྟོད༽ཆུ་སྐྱེས་དཔལ་ལྡན་ཉི་མ་རྒྱལ་མཚན།༼ཆུ་སྐྱེས་ཉི་མ་དྲག་འཛིན༽སོགས་ལུང་གིས་ཟིན་པའི་སྔགས་ཀྱི་རྣལ་འབྱོར་བ་གང་མང་ཞིག་བྱོན་མྱོང་བ་ཀུན་ལ་གོ་བར་བྱའོ།།

ཕྱི་ལོའི་དབང་དུ་བྱས་ན་༡༠༤༩ལོའི་རབ་བྱུང་དང་པོའི་བགྲང་བྱ་ཉེར་གསུམ་པ་ས་གླང་ལོར་རེབ་གོང་གསེར་མོ་ལྗོངས་ཀྱི་ཤར་ལྷོའི་ཕྱོགས་སུ་སྟག་སྐྱ་བོ་འདྲ་བའི་མདུན་ངོས། བཀྲ་ཤིས་ཞལ་དཀར་གྱི་གནས། ཆུ་སྐྱེས་མཁའ་འགྲོའི་ཁྲོམ་ར། ལྷ་དང་བླ་མས་ལུང་བསྟན་པའི་གནས་སུ། བརྒྱལ་བུ་སྤྱི་གཙུག་ན་རླངས་པ་དཀར་པོ་འཕྱུར་བའི་གདུང་བརྒྱུད་ལས་བྱུང་བའི་སྐྱེས་མཆོག་ཆེན་པོ་རླངས་ཉི་མ་དྲག་འཛིན་གྱི་སྲས་ཐུགས་རྗེ་སྐྱབས། གདུང་བླ་མ་བཀྲ་ཤིས། བསོད་ནམས་རྒྱ་མཚོ་གསུམ་གྱིས་དང་པོའི་གནས་གཞི་བཙུགས་སོ།།[13]ཞེས་རེབ་གོང་རུས་མཛོད་གསུངས། དེ་ཕྱིར་གནས་འདི་ལ་ཆུ་སྐྱེས་མཁའ་འགྲོའི་ཁྲོམ་ར་དང་། ད་ལྟ་ཆུ་སྐྱེས་ཐང་ཞེས་ཟེར་བའང་སྔོན་གྱི་རླངས་ཀྱི་གྲུབ་ཐོབ་རྣམས་ཀྱིས་ལུང་བསྟན་པ་ལྟར་མིང་དེ་ལྟར་ཐོགས་པ་ལས། ཆུ་སྐྱེས་པདྨའི་མིང་གི་མངོན་བརྗོད་ཡིན་ལ།གནས་དེར་རྩ་པདྨ་མང་པོ་སྐྱེ་ས་ཡིན་པས་ཆུ་སྐྱེས་ཐང་ཞེས་ཟེར་བ་དང་། ས་དབྱིབས་པདྨ་འདྲ་བས་དེ་ལྟར་ཐོགས་ཟེར་པ་སོགས་ནི་ས་འཛིན་གྱི་གཞི་མ་དང་རུས་བརྒྱུད་ཀྱི་ཁུངས་ལ་རྒྱུས་མེད་པའི་བབ་ཅོལ་གྱི་གཏམ་འབའ་ཞིག་གོ།

གཉིས་པ། ལྷ་གཟིགས་རླངས་ཀྱི་གདུང་རྒྱུད་མདོ་སྨད་རེབ་གོང་དུ་ཇི་ལྟར་བྱོན་བའི་ཡིག་ཚང་གི་རྒྱུས་འཚོལ་བ།

དེ་ཡང་རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པལས།ལར་སྐྱེས་པའི་མིས་རང་གི་སྐྱེ་རྒྱུད་མ་ཤེས་ན་ནགས་ཁུང་གི་སྤྲེའུ་འདྲ།

མི་རང་གི་ཆོ་འབྲང་མ་ཤེས་ན་གཡུ་འབྲུག་ཟོལ་མ་འདྲ།ཡབ་མེས་ཀྱི་ཆེ་དགེ་ཡིག་ཚང་མ་ཤེས་ན་མོན་ཕྲུག་ཡལ་བོར་འདྲ།[14]ཞེས་རླངས་དཔལ་གྱི་སེངྒེས་གསུངས་པ་ལྟར་མི་ལུས་ཤིག་བླངས་ཡོད་ཕྱིར་རང་གི་སྐྱེ་རྒྱུད་ཆོ་འབྲང་ཡིག་ཚང་དང་། གདུང་རྒྱུད་དང་རུས་རྒྱུད་ལ་དོ་སྣང་བྱེད་དགོས་པར་གདམས་པ་དེ་ལྟར་འུ་ཅག་འགྲོ་བ་མིའི་རིགས་སུ་སྐྱེས་པ་ཞིག་ཡིན་ན་ནི་རྒྱུ་མཚན་མང་པོ་ཞུ་མ་དགོས་པའི་དོན་དག་ཅིག་ཏུ་མཐོང་།

ཁ་ཅིག སྟོན་པ་བཅོམ་ལྡན་འདས་ཀྱིས། ཁོའི་བསྟན་པ་འདི་ལ་རིགས་མི་གཙོ། རུས་མི་གཙོ། བསླབ་པ་གཙོ་གསུངས་ཡོད་ཕྱིར་རིགས་རུས་ལ་དོ་སྣང་བྱེད་དགོས་ས་མ་རེད་འདོད་པ་ནི་ནོར་བ་ཉིད་དེ། སངས་རྒྱས་ཀྱི་བསྟན་པའི་དབང་དུ་བྱས་ན་རིགས་རུས་ལ་མཐོ་དམན་མེད་པར་བསྟན་པའི་སྒོར་ཞུགས་པ་ལ་རང་དབང་དང་འདྲ་མཉམ་དུ་བཀས་བསྐུལ་ཞིང་། དཔེར་ན། རྒྱ་གར་བས་རིགས་རུས་ཐམས་ཅད་ལས་ཆེས་ཐ་ཤལ་བར་བརྩི་བ་གདོལ་བའི་རིགས་སུ་གཏོགས་པའི་ཁྱེའུ་བཀྲ་ཤིས་ལྟ་བུ་སྟེ། ཁོང་ཡང་བསྟན་པའི་སྒོར་ཞུགས་ནས་བསླབ་པའི་གཞི་མ་འདུལ་བ་ནས་དབུ་ཚུགས་ཏེ་སྟོན་པའི་རྗེས་འཇུག་པ་འཁྲུལ་མེད་ཅིག་ཏུ་གྱུར་པ་དང་། ཕོ་མོ་ལ་ཁྱད་མེད་ཅིང་བསླབ་པ་ཚུལ་བཞིན་སྐྱོང་བའི་དགེ་སློང་མ་ཥྐེ་མ་མཁན་མོར་བཞུགས་པ་ལྟ་བུའོ།།དེ་ཕྱིར་ལར་སྐྱེས་པའི་མི་ལ་གདུང་རྒྱུད་དང་རུས་རྒྱུད་གལ་ཆེ་ཞིང་དོན་ཆེ་ནའང་བསྟན་པའི་སྒོར་ཞུགས་པ་ལ་ནི་རིགས་རུས་ཆོ་འབྲང་མི་གཙོ་བ་གཉིས་གོ་བ་ལོག་པར་མི་བྱའོ།།

ད་ནི་དོན་གྱི་གནད་འཚོལ་བའི་དཀྱུས་ལ་ཞུགས་ན། རྒྱལ་བོ་ལྷ་གཟིགས་རླངས་ཀྱི་གདུང་རྒྱུད་འཚོལ་བ་ལ་ཤིན་ཏུ་གལ་ཆེ་བ་ནི། ཆུ་འགོ་གངས་དང་། ཆོས་འགོ་རྒྱ་གར་ཟེར་བ་ནང་བཞིན་ལྷ་གཟིགས་རླངས་ཀྱི་གདུང་རྒྱུད་ཐོག་མ་གང་ལས་བྱུང་བའི་རྒྱུས་དཔྱད་རྩོམ་སྔ་མམིའུ་གདུང་དྲུག་ཅེས་པ་སེ་ཁྱུང་དབྲ་ལས་མཆེད་པའི་རླངས་ཀྱི་རུས་རྒྱུད་བྱུང་རབས་དང་། རླངས་ཨ་ཉེ་བྱང་ཆུབ་འདྲེ་བཀོལ་གྱི་རུས་རྒྱུད་མདོ་སྨད་རེབ་གོང་དུ་བྱོན་པའི་རྒྱུས་གསར་དུ་འཚོལ་བ།ཞེས་པ་མཚོ་སྔོན་སྤྱི་ཚོགས་ཚན་རིགགི་དེབ་ཏུ་བཀོད་པ་དེར་གསལ་ལ། དེར་འཕྲོས་རླངས་ཨ་ཉེ་བྱང་ཆུབ་འདྲེ་བཀོལ་གྱི་གདུང་རྒྱུད་ལ་རེབ་གོང་རླངས་བརྒྱལ་བུ་བླ་མ་རིག་འཛིན་དཔལ་ལྡན་བཀྲ་ཤིས་བྱོན་པའི་ཡིག་ཚང་གི་རྒྱུས་བཙལ་ན།

སྟོང་དགེའི་རྒྱུད་མདོ་ཁམས་ཀྱི་རླངས་སུ་འཕེལ་བའི་ཁུངས་ནི། ས་གསུམ་ན་བཙལ་དཀའ་བའི་བོད་ཀྱི་ལོ་རྒྱུས་ཡིག་ཚང་སྟེ། རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པཞེས་པ་བོད་ལྗོངས་ཡིག་ཚགས་བདག་གཉེར་ལས་ཁུངས་སུ་དཔེ་རྙིང་བྲིས་མ་བསྐུལ་ཟད་དུ་གྱུར་པ་ཞིག་བཞུགས་ཟེར་པ་ཕྱིས་སུ་རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པཞེས་པའི་དེབ་ཏུ་བསྡུས་པའི་བོད་ཀྱི་མིའུ་གདུང་དྲུག་ཅེས་པ་སེ་ཁྱུང་དབྲ་ལས་མཆེད་པའི་རླངས་ཀྱི་རུས་རྒྱུད་བྱུང་རབས་དང་། རླངས་བྱང་ཆུབ་འདྲེ་བཀོལ་གྱི་མཛད་པ་དང་ཞལ་གདམས། སྣེ་གདོང་གྲགས་པ་རྒྱལ་མཚན་གྱིས་བསྒྲིགས་པའི་རླངས་ཀྱི་གདུང་རབས་ཆིག་རྒྱུད། ཕག་གྲུབ་བྱང་ཆུབ་རྒྱལ་མཚན་གྱིས་མཛད་པའི་ཏྰ་སི་ཏུའི་ཞལ་གདམས་བཅས་ཀྱི་གསུང་རྩོམ་ཁག་ལས་རྙེད་ན་ནི་ས་སྟེང་གི་གནས་ལུགས་གཞན་གང་གིས་ཀྱང་བསྒྱུར་མི་ཐུབ་པའི་གཏན་ཚིགས་ཚད་མ་ཉིད་དུ་མཐོང་ངོ།། ད་ལྟའི་རེབ་གོང་རྒྱལ་བོ་འདི་བརྒྱལ་བུ་ལྷ་གཟིགས་རླངས་ཀྱི་བརྒྱུད་དུ་གསར་དུ་སྒྲུབ་འདོད་པ་མིན་ཡང་ཡིག་ཚང་ལས་བཤད་པ་སོར་བཞག་ན་འདི་འདྲ་རེད་ཅེས་ངོ་སྤྲོད་ཀྱི་ཚུལ་དུ་སྔོན་གྱི་བརྒྱལ་བུ་རླངས་ཀྱི་རུས་རྒྱུད་ཡིག་ཚང་ལ་ཡོངས་སུ་གྲགས་པ་དང་། བརྩིས་སུ་འཛིན་ས་ཉག་གཅིགརླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ་འདི་ཉིད་དཔང་དུ་བཞག་ནས་རིག་འཛིན་དཔལ་ལྡན་བཀྲ་ཤིས་ལ་ཐུག་གི་བར་རླངས་ཀྱི་གདུང་རྒྱུད་ལ་དཔྱད་པ་ཙམ་མོ།།

མིའུ་གདུང་དྲུག་གི་ནང་ཚན་ཨ་ལྕགས་འབྲིའི་གདུང་རྒྱུད་ལ་ཨ་ཉེ་བྱང་ཆུབ་འདྲེ་བཀོལ་བྱོན་པ་སྟེ། རླངས་ལྷ་གཟིགས་ཀྱི་ལུང་བསྟན་ལས།[15]བདག་གི་མི་རབས་མང་པོ་སོང་བའི་དུས།།ཞེས་པ་ནས། བརྒྱལ་བུ་རླངས་ཀྱི་གདུང་བརྒྱུད་དེ་རུ་གནས།།མི་བརྒྱུད་ཆུ་བོ་ལས་ཀྱང་རིང་བར་འོང་།།[16]ཞེས་གོང་དུ་དྲངས་པ་ལྟར་ལྷ་གཟིགས་རླངས་ཀྱི་གདུང་བརྒྱུད་རེབ་གོང་རོང་བོ་དང་། སྒོས་སུ་དེའི་ཤར་ལྷོའི་རི་ན་མཁའ་མགྲོའི་ཚོགས་ར་ཡོད་སར་རབ་བྱུང་ཤར་ནས་དང་པོའི་ས་གླང་ལོར༼ཕྱི་ལོ༡༠༤༩༽གནས་དེར་འཕེལ་བའི་ལུང་བསྟན་ཉི་མ་བཞིན་གསལ་ཞིང་། ད་ལྟའི་བར་མི་ལོ༩༧༢སོང་བ་ཡང་ཤེས་ཐུབ་ཅིང་། རེབ་གོང་ཕྱོགས་འདིའི་གྲུབ་མཐའ་རིས་མེད་ཀྱི་གྰངྒའི་ཆུ་རྒྱུན་གཙང་མའི་དབུ་ཁུངས་ཡང་འདི་ཡིན་ནོ།།

ཡང་རླངས་ལྷ་གཟིགས་དཔལ་གྱི་སེངྒེའི་ལུང་བསྟན་ལས།ང་ཡི་མི་རབས་མང་པོ་སོང་བའི་རྗེས།།བྱང་ཕྱོགས་རྨ་ལུང་ཆུ་བོའི་ནང་ལུང་དུ།།ཞེས་པ་ནས། གླང་གི་ལོ་ལ་གཞི་བཟུང་མི་རྒྱུད་འབྱུང་།།ཆུ་སྐྱེས་ཐང་དུ་མཁའ་འགྲོའི་ངོས་གྲུབ་འབྱུང་།།རྒྱལ་མཚན་དང་ནི་བརྩོན་འགྲུས་བླ་མ་གསུམ།།དེ་གསུམ་དུས་ནས་བླ་དཔོན་རྒྱུན་མི་ཆད།།[17]ཅེས་རླངས་ཀྱི་གདུང་རྒྱུད་ཀྱིས་བྱང་ཕྱོགས་རྨ་ལུང་ཆུ་བོའི་ནང་ལུང་འདི་ནས་གཞི་འཛིན་པར་ལུང་དུ་བསྟན་པ་མ་ཟད། ཡོངས་སུ་གྲགས་པ་གྲུབ་པའི་གནས་ཆེན་བརྒྱད་དང་། སྒོས་སུ་ཆུ་སྐྱེས་ཐང་མཁའ་འགྲོའི་ངོས་གྲུབ་འབྱུང་བའི་ཁྲོམ་ར་རུ་དུས་ཀྱི་འཁོར་ལོའི་རབ་བྱུང་ཚུགས་པའི་འགོ་གླང་གི་ལོ་༼ཕྱི་ལོ༡༠༤༩༽ལ་གཞི་བཟུང་། བརྒྱལ་བུ་རླངས་ཚང་ཉི་མ་དྲག་འཛིན་གྱི་སྲས་རླངས་འཆི་མེད་བླ་མ་རྒྱལ་མཚན་དང་། གདུང་བླ་མ་བཀྲ་ཤིས་སོགས་བྱོན་པར་གསལ་ལོ།།

ཡང་བླ་མ་རིག་འཛིན་བཀྲ་ཤིས་འདི་བ་བརྒྱལ་བུ་རླངས་ཀྱི་རྒྱུད་ལ་འཁྲུངས་པའི་ཁུངས་ནི།བླ་མ་རིག་འཛིན་པའི་རང་རྣམ་སྐལ་ལྡན་མགུལ་རྒྱནལས་གསུངས་པ་གཞིར་བྱས། ཡིག་ཚང་གཞན་ལས་ཇི་ལྟར་བྱུང་བ་རྣམས་འོག་ཏུ་དཔྱད་པར་བྱའོ།།

རླངས་ཚང་ཉི་མ་དྲག་འཛིན་གྱི་ཚ་བོ་རླངས་སྐྱིང་ཐོ་དང་འབོ་ར་བཟའ་བདེ་སྐྱིད་མཚོ་ལ་སྲས་གཅིག་བྱོན་པའི་མཚན་ལ་ཡབ་ཡུམ་གཉིས་ཀྱི་མིང་ཟུར་བསྡུས་ནས་སྐྱིང་འཕྲུག་རུ་དར་རྒྱལ་མཚན་དུ་བཏགས། ཕྱིས་སྡེ་མིང་ལ་ཡང་སྐྱིང་རུ་ཞེས་སུ་ཐོགས་སྐད། ད་ལྟའང་སྐྱིང་རུ་ཞེས་སུ་འབོད་པའི་བོན་སྡེ་ཞིག་ཆགས་ཡོད་པ་དེ་ཡིན་ལ།ཕྲན་གྱི་མ་དྲིན་མོ་ཆེའི་ཕ་གཞིས་ཡིན་ནོ།།

ཁྱད་པར་དུ་རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པལས།“གུང་ལོ་བརྒྱད་དུ་བཞེས་པའི་ཚེ།།སློབ་དཔོན་པདྨར་དངོས་སུ་སྤྲུལ།།ནུབ་ཕྱོགས་ཨོ་རྒྱན་ཡུལ་དུ་བྱོན།།དམ་ཅན་ཆོས་སྐྱོང་སྲུང་མ་བསྐོས།།”[18]ཞེས་ཨ་ཉེ་བྱང་ཆུབ་འདྲེ་བཀོལ་ལོ་ངོ་བརྒྱད་ནས་ཨོ་རྒྱན་ཡུལ་དུ་བྱོན་པར་བཤད་པ་དང་།ཡང་རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པལས། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དངོས་སུ་གྱུར་པའི་རླངས་ཀྱི་གྲུབ་ཐོབ་ཆེན་པོ་བྱང་ཆུབ་འདྲེ་འཁོལ་དེས། བཙུན་མོ་དཀར་ལྡན་མ་ཁབ་ཏུ་བཞེས་པའི་སྲས། གཉན་ཐོག་ཨ་ཀྲོང་། དེའི་སྲས་ཉ་མགོ་ཁྲི། དེའི་སྲས་རླངས་སྟོན་བྱ་ཞུ་ནག་པོ། དེའི་སྲས་ཨ་སང་། དེའི་སྲས་ཨ་གསེར། དེའི་སྲས་ཡོན་ཆེན་རྒྱལ་བ་སྐྱབས།[19]ཞེས་པའི་ལུང་འདི་དག་བལྟ་རྒྱ་དང་ཐོས་རྒྱ་མཁའ་ལྟར་ཡངས་པ་མདོ་སྨད་ལོ་རྒྱུས་ཆེན་མོ་རྩོམ་པ་བོས་མ་མཐོང་བ་ག་ལ་ཡིན་ཡང་། རེབ་གོང་རྒྱལ་བོ་རླངས་ཀྱི་གདུང་རྒྱུད་ཡིན་མིན་ལ་དོགས་གཞི་བཀོད་འདུག་པ་ནི་ཅུང་ཡིད་མི་ཆེས་པ་ཞིག་རེད་ཨང་།

དེས་ན་ཁོང་གི་གསུང་རྩོམ་མདོ་སྨད་ལོ་རྒྱུས་ཆེན་མོལས།གླིང་གེ་སར་གྱིས་ཨ་མྱེས་བྱང་ཆུབ་འདྲེ་བཀོལ་ཐེངས་གཉིས་ལ་མདོ་ཁམས་སུ་གདན་དྲངས་ནས། ཇོ་མོ་སྐལ་ལྡན་མ་བྱ་བ་ཞིག་བཞེས་ཤིང་། དེ་ལ་སྲས་དཔལ་གྱི་སེངྒེ་དང་། གཉན་ཐོག་ཨ་ཁྲོམ། སྟག་ཚབ་གསུམ་བྱུང་། འབྲིང་བོ་གཉན་ཐོག་ཨ་ཁྲོམ་ལ་སྲས་གཉན་པོ་ཉ་མགོ་ཁྲི། དེའི་སྲས་རླངས་སྟོན་བྱ་ཞུ་ནག་པོ། དེའི་སྲས་ཨ་སེང་། དེའི་སྲས་ཨ་སེར། དེའི་སྲས་སྐྱབས་བདུན་དཔལ་དང་། ཡོན་ཆེན་རྒྱལ་བ་སྐྱབས་གཉིས། སྐྱབས་བདུན་གྱི་བུ་ཆུང་བས་གཞིས་བཟུང་བ་ལ་བུ་བཞི་བྱུང་། ཨ་ཡིག་རང་བྱོན་ཡོད་པའི་ས་ནས་སྐྱེས་པས་རྒྱལ་བོ་ཨ་སྐྱབས་བུ་བཞིར་གྲགས། དེས་ན་རྒྱལ་བོས་གཞི་བཟུང་ཡུལ་ཡིན་པས་རྒྱལ་བོར་ཐོགས་པར་གྲགས། ཞེས་སྐྱབས་བདུན་གྱི་བུ་ཆུང་བ་ཨ་སྐྱབས་རྡོ་རྗེ་ཡིན་པ་འདྲ་བ་ཞིག་བྲིས་འདུག་པ་ལ། དེ་ནི་ཚེས་གཅིག་ནས་འཆུགས་ན་གནམ་གང་གི་བར་ཟེར་བ་ནང་བཞིན་མཁས་པ་ཁྱེད་ཀྱིས་ཀྱང་བར་བརྒལ་གྱི་མི་རབས་མང་པོ་ཞིག་བསྐྱུར་ནས་ཐད་ཀར་རྒྱལ་བོ་ཨ་སྐྱབས་བུ་བཞིར་ཐོད་གཏུགས་པ་ནི་ཡ་ཆ། དེ་གཞིར་བཞག་ན། ཁོང་དོགས་པ་ཟ་བཞིན་དུ་ཡོན་ཆེན་རྒྱལ་བ་སྐྱབས་ཀྱི་བར་ལྷ་རིགས་རླངས་ཀྱི་རྣམ་ཐར་ཆིག་རྒྱུད།ཇི་བཞིན་བྲིས་པ་དེ་ཡང་དོན་འགྱུར་གྱི་ཐེ་ཚོམ་ཞིག་མ་ཡིན་ནམ་ཞེས་མ་མཐའ་ཡང་ཆུ་གཉིས་ཉེར་སྤྱོད་ཀྱི་དྲི་བའི་མཆོད་པ་ཞིག་ངང་ངམ་ཤུགས་ཀྱིས་འབུལ་རྒྱུ་བྱུང་ངོ་།།

གཞན་ཡང་ཁུངས་དེ་དང་མཐུན་པར་རེབ་གོང་རུས་མཛོདདུ། ང་ཡི་མི་རབས་འགའ་ཡི་རྗེས་ཤིག་ལ།།རླངས་ཀྱི་གདུང་རྒྱུད་མདོ་ཁམས་སྨད་དུ་འགྲོ།།སྟག་ལུང་ལྕང་ལུང་ལྷ་ལུང་ཞེས་པའི་གནས།།ཞལ་དཀར་[20]ཆུ་སྐྱེས་མཁའ་འགྲོའི་ཁྲོམ་ར་རུ།།རབ་བྱུང་དང་པོའི་རྩིས་མགོའི་ས་གླང་ལོར།།གནས་གཞི་བཟུང་ནས་མི་བརྒྱུད་མང་པོ་འབྱུང་།།བརྒྱལ་བུ་རླངས་ཚང་ཞེས་པ་ཡོངས་སུ་གྲགས།།[21]ཞེས་བྱང་ཆུབ་འདྲེ་བཀོལ་གྱི་ལུང་བསྟན་དངོས་ལས་གསུངས་པ་དེ་བཞིན་དུ་བས། ལྷ་གཟིགས་རླངས་ཀྱི་གདུང་རྒྱུད་ཀྱིས་མདོ་ཁམས་སུ་རབ་བྱུང་དང་པོའི་རྩིས་མགོའི་ས་གླང་ལོར་༼ཕྱི་ལོ༡༠༤༩༽བྱོན་ནས་གཞི་བཟུང་བའི་རྒྱུས་ཉི་མ་བཞིན་གསལ་ལ། ཁྱད་པར་དུ་རྒྱ་བཟའི་དགེ་བཤེས་ཚང་གིས། རྒྱལ་བུ་རླངས་ཚང་གི་རུས་མཛོད་འབྲི་སྐབས་བརྒྱལ་བུ་རླངས་ཚང་ཆུ་སྐྱེས་དཔོན་པོའི་ཡིག་ཚང་དང་། སྔོན་སློབ་དཔོན་གྲུབ་ཐོབ་གསུམ་གྱིས་ལུང་བསྟན་པ་བཞིན་བྲིས་པའི་གནས་ཚུལ་ཡང་གསུངས་ཡོད།སྐབས་དེ་དུས་ཙ་ན་ཆུ་སྐྱེས་དཔོན་པོའི་ཡིག་ཚང་ཡང་བཞུགས་ཡོད་པས་ཡིད་ཆེས་དང་དགའ་སྤྲོའི་གནས་སུ་ཆེ་ཡང་། ཕྱིས་སུ་རྡོ་རྗེ་གོལ་ཁར་ལྷུང་ན་བུ་ཆུང་གི་རྩེད་ཆས། ཟེར་བ་ནང་བཞིན་བདག་གཉེར་དོ་དམ་གྱིས་མ་འཇོན་པའམ་རིག་གསར་གྱི་མུན་ཁུང་དུ་སོང་པ་གང་ཡིན་ཆ་མི་འཚལ་བས་ད་ལྟ་མཇལ་བའི་སྐལ་བ་ག་ལ་ཡོད་ཨང་།

སྐབས་འདིར་ཡང་ནན་གྱིས་གསལ་ཁ་འདོན་རྒྱུ་ཞིག་ནི། རོང་བོའི་བློན་ཆོས་བལ་བཟའི་རྒན་པོ་ཚེ་ལོའམ་ཚེ་རིང་རྒྱལ་ཞེས་པ་རང་གི་མི་རིགས་དང་རིག་གནས་ལོ་རྒྱུས་ཡིག་ཚང་གི་ཆེད་དུ་རང་སྲོག་འབེན་འཇོག་གི་སྙིང་སྟོབས་ཁུར་དུ་ཁྱེར་བའི་མི་བུ་སེམས་དཔའ་ཞིག་ཡིན་པར་ཁོང་ལ་གསལ་རྒྱུས་ཡོད་པའི་མི་སྡེ་དང་འདྲིས་ཡོད་གང་མང་ཞིག་གི་ངག་ནས་དངོས་སུ་ཐོས་མྱོང་ལ། རྒན་པོ་མི་བུ་སྙིང་སྟོབས་ཅན་ཁོང་གཤེགས་ཁར་ཡང་རུས་མཛོད་འདི་ལ་བླ་མའི་བཀའ་དང་རང་གི་དམ་བཅའ་མ་བཏང་བར་སྲུང་སྐྱོབ་དང་དར་སྤེལ་དུ་གཏོང་བར་ནུས་པ་གང་ཡོད་བཏོན་ཡོད་པའི་ལྷག་བསམ་གྱི་རང་སྣང་ངོམ་བཞིན་འཇིག་རྟེན་འདི་ནས་ཁ་བྲལ་བར་བཤད། གཤེགས་ཤུལ་དུ་མགོ་མི་ཚུད་སར་ལུས་ཀྱི་བགྱི་བ་བཏང་དུ་ལེན་མཁན་མང་བོས་རུས་མཛོད་ལ་རྫུན་བཟོ་དང་། ངོ་བཤུས་ཇི་བཞིན་མ་བརྒྱབ་པའི་ཉོག་གཏམ་ལུང་བ་གང་གི་ལས་ལ་སྤྲོ་བ་ནི། ས་པཎ་ཊི་ཏས། སྤྲུལ་རྒན་རྣམས་ཀྱིས་མི་བཟུང་ནས།།མཇུག་མ་མེད་ཅེས་བཞད་གད་བྱེད།།ཅེས་གསུངས་པ་དང་གཉིས་སུ་མེད་དོ། དེ་ནི་བོད་པ་སྤྱི་དང་། སྒོས་སུ་བོད་མི་ས་ཡ་མང་བོར་འགོས་པའི་ནད་ཡམས་ཤིག་ཏུ་མཐོང་། དོན་གྱིས་བཤད་ན་སྤྱི་དོན་སྒེར་དོན་གང་ཡིན་ཡང་དོན་དུ་མི་འཁྱོལ་བའི་གནད་ཀྱང་ཁྲག་དོག་དང་འགྲན་སེམས་ཀྱི་འགོང་བོ་ལག་དགུ་གང་སར་བསྐྱངས་ཏེ་གནས་གསུམ་མི་ཁོམ་པའི་གནས་སུ་འཚོ་བའི་གཤིས་ཀ་དེས་བརླགས་ཚར་འདུག་པ་ཉིད་དུ་མཐོང་།

རེབ་གོང་གི་སྣོད་ཐམས་ཅད་གསེར་གྱིས་གང་སྟེ་བྱིན་ནའང་བླུ་དཀའ་བའི་རེབ་གོང་རུས་མཛོདའདི་ལ་དུས་དང་སྐལ་བ་ངན་པའི་དབང་གིས་ཐོག་མའི་རུས་མཛོད་ཀྱི་གླེགས་བུམ་གང་དུ་ཐིམ་པའི་གནས་ཚུལ་སྐབས་དེའི་མི་བུ་ཀུན་གྱི་མགོ་ལ་ཉི་མ་དམར་རོ་ཤར་མྱོང་བ་དེས་ཤེས་མོད། རྒན་པོ་ཁོང་གིས་རུས་མཛོད་འདིའི་རིན་ཐང་ཤེས་པའི་ཆ་ནས་ཡས་དང་ཐབས་ཀྱིས་ངོ་བཤུས་གནང་ཞིང་། སྐབས་དེར་ཇི་བཞིན་ངོ་བཤུས་བརྒྱབ་ཡོད་མེད་ལ་ཡིད་ཆེས་རིགས་མི་རིགས་ཀྱི་རྒྱུ་མཚན་མང་པོ་མདོ་སྨད་ལོ་རྒྱུས་ཆེན་མོདང་། རེབ་གོང་རུས་མཛོད ཀྱི་པར་སྐྲུན་གསལ་བཤད་གཉིས་སུ་བྲིས་པ་དེ་འདྲའི་གནས་ཚུལ་ཚབས་ཆེན་ཞིག་ཡིན་མིན་གསལ་བོ་མི་ཤེས་ཀྱང་། རུས་མཛོད་སྤྱིའི་ཆ་ནས་ཡིག་ཚང་རྙིང་བ་རྣམས་དང་ཆུ་ལ་ཆུ་བཞག་ཏུ་ཡོད་པས་དོགས་པ་ཟ་དགོས་དོན་མེད་ལ། རེབ་གོང་གི་མིག་ཐོག་ཀུན་གྱིས་ཀྱང་མཇལ་ཡོད་ཕྱིར། གལ་ཏེ་རྫུན་བཟོ་བྱས་ཡོད་ན་ནི་རེབ་གོང་གི་ལོ་རྒྱུས་ལ་གདེང་འཇོག་གནང་མཁན་རྣམ་པས་རྩོད་པའི་འཁོར་ལོ་སྐོར་མ་མྱོང་ཞིང་། རེབ་གོང་འདི་བོད་ཀྱི་རིག་གནས་དང་ལོ་རྒྱུས་ལ་ཤིན་ཏུ་དོ་སྣང་བྱེད་པར་མོས་པའི་བོད་ཀྱི་ཡུལ་ལུང་ཞིག་ཡིན་ཕྱིར་རྒན་པོ་ཁོང་གིས་རྫུན་བཟོའི་གཡུལ་དར་ཇི་ལྟར་བཤམས་ནའང་མ་རིག་མ་གོ་བའི་བརྟུལ་ཞུགས་བཏང་དུ་བླངས་ནས་འདུག་པའི་ལུང་པ་མུན་ནག་ཅིག་ཡེ་ནས་མ་ཡིན་ནོ།།

རིག་གསར་དང་རིག་གསར་རྗེས་ཀྱི་གནས་ཚུལ་འགའ་རེ་ཁ་བསྣོན་བྱས་ཡོད་ནའང་དོན་གཏམ་ཡིན་པས་བྲིར་མི་ཆོག་པ་ག་ལ་ཡོད། སྔོན་གྱི་ལོ་རྒྱུས་ཡིག་ཚང་རྣམས་ཀྱང་མཁས་པ་ཕྱི་མ་ཕྱི་མས་ཁ་སྐོང་དང་ཇེ་རྒྱས་ཇེ་གསལ་དུ་བཏང་སྟེ་ཉར་ཚགས་བྱས་པ་མ་ཡིན་ནམ། དཔེར་ན་ཡིག་ཚང་འདི་ཡང་རྒྱ་བཟའ་དགེ་བཤེས་ཀྱིས་ལོ་ངོ་ཕྱེད་དང་བཅོ་བརྒྱད་རིང་བྲིས་ཚར་རྗེས། དེའི་ཁ་སྐོང་བློན་ཆོས་གྲུབ་ཆེན་པ་རྫི་དཀར་དགེ་འདུན་བློ་བཟང་གིས་མཛད་པ་དང་། ཡང་དེའི་ཕྱིས་སུ་གཡེར་གཤོང་སྐུ་ཕྲེང་དྲུག་པའི་བཀའ་ལྟར་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་དཀོན་མཆོག་གིས་ཁ་སྐོང་མཛད་པ་ལ་དགེ་བཤེས་ཆེན་པོ་ཀླུ་ཕྱུག་ཚང་གིས་ཞུ་དག་མཛད་ཟེར་བ་སོགས་མཁས་པའི་ངག་རྒྱུན་དང་རུས་མཛོད་གཉིས་ཀར་འབྱུང་བས། མཁས་པ་ཕྱི་མ་ཕྱི་མས་ཁ་གསབ་དང་ཇེ་གསལ་དུ་གཏོང་སྲོལ་ཡོད་པ་འདི་རྒྱུན་ལྡན་གྱི་འགྲོ་ལུགས་ཤིག་མ་ཡིན་ནམ།

ཁྱད་པར་དུ་སྐུ་གསུང་ཐུགས་རྟེན་ཡོངས་རྫོགས་རླུང་ནང་གི་མར་མེ་བཞིན་སྲོག་ཐག་ཆད་ལ་ཉེ་བའི་དུས་སུ་འདི་འདྲའི་ལོ་རྒྱུས་ཡིག་ཚང་གི་ས་བོན་ཙམ་སྐྱོབ་ཐུབ་བྱུང་ན་ལྟ་ཅི། ཤོག་གྱར་གཅིག་སྐྱོབ་ཐུབ་པ་བྱུང་ནའང་རྒན་པོ་ཁོང་གི་མི་ཚེའི་བྱས་རྗེས་དང་། ཚོགས་བསགས་བླ་ན་མེད་པ་ཞིག་ཡིན་པར་མ་ཟད། རེབ་གོང་བ་རྣམས་ཀྱིས་ཁོང་ལ་བཀའ་དྲིན་དང་ཡི་རངས་ཞུ་འོས་པ་ཞིག་ཏུ་མཐོང་ལ། རུས་མཛོད་དངོས་ལ་ཡང་དང་སྐྱར་དུ་དཔྱད་ནའང་འདི་འདྲའི་ཡིག་ཚང་གསལ་བོ་ཞིག་བོད་མདོ་དབུས་ཁམས་གསུམ་ཀུན་ན་མཇལ་རྒྱུ་ཕར་ཞོག་དྲི་ཙམ་ཡང་སྣོམ་རྒྱུ་བསྐལ་བར་གྱུར་ཡོད་པ་རྣམ་དཔྱོད་ཡངས་པ་རྣམ་པས་དཔྱད་ན་ཤེས་པས། རྫུན་བཟོ་བྱས་ཡོད་ས་དེར་ཆེད་དམིགས་ཀྱིས་ཡིག་ཚང་གི་ལུང་དང་རྣམ་དཔྱོད་ཀྱི་རིགས་པས་བླང་དོར་ལ་གསལ་ཁ་གནད་འགྲོ་ཞིག་འོང་རྒྱུ་གལ་ཆེ། དེ་མིན་ལྕེ་སྣ་ཚོགས་སུ་བསྒྱུར་ནས་དྲི་མ་ཅན་དུ་མི་གཏོང་གལ།

དེ་བཞིན་ཟབ་མོའི་གཏེར་སྟོན་གྲུབ་ཐོབ་ལོ་རྒྱུསལས།རླངས་དཔལ་གྱི་སེང་གེ་ཕྱི་མ་ནི།[22] ལྷ་གཟིགས་རླངས་ཀྱི་གདུང་ལས། ཡབ་ཨ་མྱེས་བྱང་ཆུབ་འདྲེ་ཁོལ་ཞེས་ལོ་བརྒྱད་ནས་ཨོ་རྒྱན་གྱི་ཡུལ་དུ་བྱོན་པ་དང་། སྲིན་པོ་བཏུལ་བ་དང་། གླིང་རྗེ་གེ་སེར་གྱི་གླིང་ཡུལ་དུ་གདན་ལན་གཉིས་དྲངས་ནས་ཕྱོགས་བཞིའི་འདྲེ་ཆེན་པོ་བཞི་བཏུལ་ཅིང་། ལྷ་སྲིན་བྲན་ཁོལ་བ་དེ་དང་། ཡུམ་ཇོ་མི་སྐལ་ལྡན་གཉིས་ལ་སྲས་གསུམ་བྱུང་བ་ལས་ཆེ་བར་འཁྲུངས།[23]ཞེས་གསུངས་པ་ལྟར་ལྷ་གཟིགས་རླངས་ཀྱི་གདུང་རྒྱུད་ཨ་ཉེ་བྱང་ཆུབ་འདྲེ་ཁོལ་འདི་བ་ལོ་བརྒྱད་ནས་ཨོ་རྒྱན་གྱི་ཡུལ་དུ་བྱོན་དེ་ སྲིན་པོ་བཏུལ་བ་དང་། གླིང་རྗེ་གེ་སེར་གྱིས་གླིང་ཡུལ་དུ་གདན་ལན་གཉིས་དྲངས་ནས་མཆོད་གནས་སུ་བསྟེན། སྲས་ཆེ་བ་དཔལ་གྱི་སེངྒེ་དང་། འབྲིང་གཉན་ཐོག་ཨ་ཁྲོམ། མཐའ་ཆུང་སྟག་ཚབ་གསུམ་ལས་འབྲིང་གཉན་ཐོག་ཨ་ཁྲོམ་གྱི་རྒྱུད་ལ་རླངས་བརྒྱལ་བུ་ཨ་སྐྱབས་བུ་བཞི་བྱོན་པ་རྩོམ་པ་བོ་ཁོང་གིས་ཀྱང་གཏེར་སྟོན་བརྒྱ་རྩའི་རྣམ་ཐར་ཇི་བཞིན་བྲིས་ཡོད་པས་ཁས་ལེན་གྱི་ཡོད་ལ། ཡིག་ཚང་རྙིང་བ་ཀུན་ཞལ་མཐུན་དུ་སྨྲ་བ་དེ་ག་རང་ཡིན། རླངས་དཔལ་གྱི་སེང་གེ་སྔ་མ་ནི། [24]རླངས་ཀྱི་གྲུབ་ཐོབ་ཐོག་མའི་གཉིས་པ་རླངས་ཀྱི་གྲུབ་ཐོབ་ཆེན་པོ་དཔལ་གྱི་སེང་གེ་ཞུ་བ་དེ་ཡིན་དགོས་འདུག

དེ་ཕྱིར་མདོ་སྨད་ལོ་རྒྱུས་ཆེན་མོར་རྒྱལ་བོ་རླངས་ཚང་གི་མི་རྒྱུད་འདི་བརྒྱལ་བུ་སྤྱི་གཙུག་ན་རླངས་པ་དཀར་པོ་བྱུང་བའི་རླངས་ལྷ་གཟིགས་ཀྱི་གདུང་རྒྱུད་ཡིན་མིན་ལ་དོགས་པ་ཟ་བ་ནི་ཡིག་ཚང་ལ་མ་དཔྱད་པའི་ཧོལ་རྒྱུག་ཡིན་ལ། འབྲི་གུང་འཇིག་རྟེན་མགོན་པོས་དཔལ་རླངས་པ་དཀར་པོའི་གདུང་རྒྱུད་འཁྲུལ་མེད་དུ་ཞལ་གྱིས་བཞེས་པའི་ལོ་རྒྱུས་ཁུངས་བཙུན་པ་དག་ལའང་མ་མཇལ་བའི་རང་སྐྱོན་ཞར་ལ་ཐོན་འདུག [25]མདོ་སྨད་ཆོས་འབྱུངདུ། འབྲི་གུང་འཇིག་རྟེན་མགོན་པོའི་དངོས་སློབ་འབྲི་གུང་བླ་མ་རིན་ཆེན་བཟང་བོ་དཔོན་གཡོག་ས་བྱི༼ཕྱི་ལོ༡༡༨༨༽ལོར་འདི་ཕྱོགས་སུ་ཕེབས་པའི་ལོ་རྒྱུས་ལའང་དཔྱད་དུ་ཡོད་པས་རྗེས་སུ་ཞུ།

 དེ་ཕྱིར་རེབ་གོང་དུ་བརྒྱལ་བུ་རླངས་ཀྱི་གདུང་རྒྱུད་བྱོན་མྱོང་བ་མ་ཟད། འབྲི་གུང་རླངས་ཀྱི་གདུང་རྒྱུད་ཀྱང་བྱོན་མྱོང་བའི་ཡིག་ཚང་ཁུངས་བཙུན་པ་རྣམས་དྲངས་ན་མདོ་སྨད་ལོ་རྒྱུས་ཆེན་མོ་རྩོམ་པ་བོས་མ་རིག་མ་གོ་བའི་བརྟུལ་ཞུགས་མི་འཛིན་པར་ཞུ།

རླངས་ཨ་ཉེ་བྱང་ཆུབ་འདྲེ་བཀོལ་ཁོང་(༩༦༨-༡༠༧༦)དགུང་ལོ་༡༠༨བར་བཞུགས་པར་འདོད་པའི་དཔྱད་བབ་རང་ཆེ་དགེ་ཡིག་ཚང་ལ་ཁུངས་བཅོལ་ཡོད་ལས་ཆེའོ།།

ཆེ་དགེ་ཡིག་ཚང་དུ་བཀོད་པའི་རླངས་ལྷ་གཟིགས་བྱང་ཆུབ་རྡོ་རྗེས་ལུང་དུ་བསྟན་པ་ལ། གུང་ལོ་བརྒྱད་དུ་བཞེས་པའི་ཚེ།།སློབ་དཔོན་པདྨར་དངོས་སུ་སྤྲུལ།།ནུབ་ཕྱོགས་ཨོ་རྒྱན་ཡུལ་དུ་བྱོན།།དམ་ཅན་ཆོས་སྐྱོང་སྲུང་མ་བསྐོས།།སྲིན་པོ་རྣམས་ཀྱི་འདུལ་དཔོན་མཛད།།[26]ཅེས་ཆེ་དགེ་ཡིག་ཚང་གསུངས། མཁའ་འགྲོ་མའི་ལུང་བསྟན་ཞིག་ཏུའང་། རྣལ་འབྱོར་བྱང་ཆུབ་འདྲེ་བཀོལ་ཁྱེད། སློབ་དཔོན་པདྨའི་སྤྲུལ་བ་ལགས།ལྷ་སྲིན་དམ་ལ་འདོགས་པའི་ཚེ། མི་རུ་སྤྲུལ་ནས་བསྟན་པ་བསྲུང་། ཁྱེད་ཀྱི་རྒྱུད་པ་གསུམ་དུ་ཡོང་། ཞེས་ཆེ་དགེ་ཡིག་ཚང་དུ་བཀོད་པའི་ལུང་བསྟན་འདི་གཉིས་བྱང་ཆུབ་འདྲེ་བཀོལ་སློབ་དཔོན་པདྨའི་སྤྲུལ་བ་ཡིན་པར་སྟོན་པའི་ལུང་ཚིག་ཐོག་མ་ཡིན་དགོས་ལ། ཁོང་གི་མི་རྒྱུད་ལ་བུ་གསུམ་འབྱུང་བར་ལུང་བསྟན་གྱི་ཐོག་མའང་འདི་ཡིན་པར་སེམས།

རླངས་ཀྱི་རྣལ་འབྱོར་བ་འབྲུ་སྟོན་དར་མ་སིངྔྷིས། “ཁྱེད་བཀའ་གསར་རྙིང་ཆོས་ལ་གྲུབ་པ་ཐོབ། སངས་རྒྱས་རྣམས་དང་དངོས་སུ་མཇལ། དཀོན་མཆོག་གསུམ་ལ་མཆོད་པ་ཕུལ། ལྷ་འདྲེ་ཐམས་ཅད་བྲན་དུ་བཀོལ། མཚན་ཡང་བྱང་ཆུབ་འདྲེ་བཀོལ་གྱིས། ” [27]ཞེས་གསུངས་ཏེ་ལྷ་འདྲེ་ཐམས་ཅད་བྲན་དུ་བཀོལ་བའི་རྗེར་བཀོད་པས་བྱང་ཆུབ་འདྲེ་བཀོལ་དུ་མཚན་ཆགས་འདུག [28]མཚན་ལ་བརྟག་ན་ཨ་མི་དང་ཨ་མྱི་ཨ་མྱེས་ཨ་ཉེ་ཞེས་མང་དུ་བྲིས་འདུག་པ་མགོ་མི་དང་མེས་པོའི་དོན་ཡིན་ལ། གཞན་དོན་ལ་གཞོལ་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞིག་ཡིན་པས་བྱང་ཆུབ་དང་། ལྷ་འདྲེ་རྣམས་བྲན་དུ་འཁོལ་བས་འདྲེ་བཀོལ་ཞེས་པའོ།།

ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུ༼༡༦༩༨—༡༧༥༥༽ས་ཕྱི་ལོ༡༧༤༥ལོར་མཛད་པའིབོད་རྗེ་ལྷ་བཙན་པོའི་གདུང་རབས་ཚིག་ཉུང་དོན་གསལཞེས་བྱ་བར། གླིང་རྗེ་གེ་སར་དུ་གྲགས་པ་ཡང་གནམ་ལྡེ་འོད་སྲུང་ནས་འདི་ཡབ་སྲས་ཀྱི་རིང་ལ་བྱུང་བར་མངོན་ལ། བྱང་ཆུབ་འདྲེ་འཁོལ་གྱི་སྦྱིན་བདག་གེ་སར་གྱིས་བྱས་ཤིང་། བྱང་ཆུབ་འདྲེ་བཀོལ་རང་ཉིད་གུ་རུ་པདྨའི་སྤྲུལ་བ་དང་གེ་སར་ཁྲི་སྲོང་ལྡེའུ་བཙན་གྱི་སྤྲུལ་བར་ཁས་བླངས་ཤིང་།[29] གེ་སར་ལོ་གྱ་བརྒྱད་ཐུབ་པའི་ལུང་བསྟན་མཛད་ཚུལརླང་གི་པོ་ཏི་བསེ་རུན་ཡོད་པས་གེ་སར་ནམ་བྱུང་གི་དུས་དེས་ཤེས་པས་དེ་ལས་སྔ་བ་དང་ཕྱི་བར་མ་སེམས་ཤིག ཅེས་དང་། དེང་བོད་ཀྱི་རིག་གནས་པ་ཕལ་མོ་ཆེས་འཛིན་པའི་ལྟ་བའང་འདིའོ།།[30]ཞེས་སྡོམ་ཚིག་བཀོད་འདུག་པ་འདིས་བྱང་ཆུབ་འདྲེ་བཀོལ་དང་གླིང་རྗེ་གེ་སར་གཉིས་མི་ཐོག་གཅིག་གི་མི་སྣ་གལ་ཆེན་གཉིས་ཡིན་པའང་ར་སྤྲོད་བྱེད་ཐུབ་ལ། གཞན་ཡང་། རྙིང་མ་ཁ་ཅིག་གིས། མངའ་བདག་སྤྲུལ་བར་འདོད་པ་རླངས་ཀྱི་ཚིག་རིས་དང་མཐུན་རུང་བདག་གི་རྩ་བའི་བླ་མས་[31]གེ་སར་སྐྱེས་བུ་རྡོ་རྗེ་ལེགས་པའི་རྣམ་འཕྲུལ་དུ་གསུང་བ་དོན་ལ་གནས་པར་ངེས་ཤིང་། དེ་བོད་ཁམས་བདེ་བའི་ཕྱིར་མངའ་བདག་ཁྲི་སྲོང་གི་བཀའ་ལུང་ངམ་སྨོན་ལམ་གྱི་མཐུས་རྡོར་ལེགས་ཀྱིས་མི་ཡི་སྲིད་པ་བཟུང་བར་བྱས་ན་འགལ་བ་ཅན་ཡང་མ་ཡིན་ནོ།།[32]ཞེས་ཞིབ་ཆ་བཞག་འདུག  བྱང་ཆུབ་འདྲེ་བཀོལ་གྱི་རྒྱུས་ཤིག་བཀོད་པ་ནི། ཕྱིས་བྱུང་ལོ་རྒྱུས་འཆད་པ་བོ་མང་པོ་ཞིག་གིས་ཨ་མེས་བྱང་ཆུབ་འདྲེ་བཀོལ་འདི། གུ་རུ་པདྨ་བོད་དུ་བཞུགས་དུས་ཀྱི་དངོས་སློབ་ཡིན་ཞེས་གསུངས་ཀྱང་། གུ་རུ་པདྨས་རླངས་དཔལ་གྱི་སེངྒེར་ལུང་བསྟན་པ། ཁྱོད་རླངས་ཀྱི་མི་རྒྱུད་སྐལ་ལྡན་ལ།།ང་ཡི་ཐུགས་རྗེས་ཁྱབ་པར་མཛད།།ཁྱོད་ནི་སྐྱེས་བུ་སྐལ་ལྡན་ཡིན།།ཁྱོད་ལྷ་རིགས་རླངས་ཀྱི་མི་རྒྱུད་ལ།།བྱང་དང་ཆུབ་ཅེས་བྱ་བ་ཡི།།མིའུ་ཁྱད་པར་འཕགས་པ་འོང་།།དེ་ནི་ང་ཡི་ཐུགས་ཀྱི་སྲས།།ཞེས་ལུང་བསྟན་ཅིང་། བྱང་ཆུབ་འདྲེ་བཀོལ་གྱིས་གུ་རུ་པདྨས་སྦས་པའི་ཆོས་རྙེད་པར་ཡང་བཤད་པས་གདུལ་བྱ་སྤྱིར་བཏང་བའི་ངོར་བོད་དུ་བཞུགས་དུས་ཀྱི་དངོས་སློབ་ནི་མ་ཡིན་པར་གོ་ལ། བྱང་ཆུབ་འདྲེ་བཀོལ་ལོ་བརྒྱ་དང་བརྒྱད་མེ་འབྲུག་ཟླ་བ་བཅུ་གཅིག་པའི་ཚེས་བཅུར་གཤེགས་ཟེར།[33]ཞེས་བྲིས་འདུག ༼༩༦༨—༡༠༧༦༽ ལོ་བརྒྱ་དང་བརྒྱད་བཞུགས་པའི་ཁུངས་བཅོལ་ས་ནི། བྱང་ཆུབ་འདྲེ་བཀོལ་གྱི་བུ་དང་ཚ་བོ་སློབ་མ་རྣམས་ཀྱིས་སེམས་ཅན་གྱི་དོན་དུ་འཇིག་རྟེན་འདིར་ཡུན་རིང་བོར་བཞུགས་པར་གསོལ་བ་ལ། ལན་དུ་ཁོང་གིས།ང་རྣལ་འབྱོར་བའི་ལུས་འདི་དག་ལ། བོད་དུ་འདུག་པ་དེ་ཙམ་ཡིན། མི་ལོ་བརྒྱ་དང་བརྒྱད་བར་བསྡད། དེ་ལ་ལྷ་འདྲེ་མ་ཐུལ་ན། རྒས་ནས་ལྷ་འདྲེ་ངས་མི་ཐུལ།[34]ཞེས་ཁོང་ལོ་བརྒྱ་དང་བརྒྱད་བཞུགས་པར་གསུངས་པའི་ཆེ་དགེ་ཡིག་ཚང་གི་ལུང་ནི་འདི་ཡིན་ལ། ཕྱིས་ཀྱི་ཞིབ་འཇུག་པ་རྣམས་ཀྱིས་བྱང་ཆུབ་འདྲེ་བཀོལ་བཞུགས་ལོའི་ལོ་ཚད་ཀྱི་ཡིག་ཚང་གི་ཁུངས་ཀྱང་འདི་ཡིན་དགོས།

གཞན་ཡང་དེར། དེ་ལ་སྲས་བཞི་ཡི་གཉིས་པ་གཉན་ཐོག་ཨ་ཁྲོམ་སྟེ། དེ་ནས་མི་རབས་དྲུག་པ་ཡོན་ཆེན་རྒྱལ་བ་སྐྱབས། དེ་ཡི་སྲས་རླངས་ལྷ་གཟིགས་ཀྱིས་ཕག་གྲུ་བཟུང་བའི་ཐོག་མར་རྗེ་སྤྱན་སྔ་ནི་ཕག་གྲུ་གཤེགས་ནས་དྲུག་པ་ཤིང་ལུག་ལོར་འཁྲུངས་ནས་དགུང་ལོ་སོ་བཞི་བ་ས་འབྲུག་ལོ་ཕག་གྲུ་གདན་ས་མཐིལ་གྱི་ཁྲི་ཕེབས་ལོ་ཉེར་བདུན་བཞུགས། དེ་རྗེས་ཤིང་ལུག་ལོར་སྤྱན་སྔའི་གདུང་རྒྱལ་བ་ཐོག་རྡུགས་ཁྲིར་ཕེབས།[35] དེ་ནས་རིམ་བཞིན་སྣེའུ་གདུང་བར་གྲགས་པའི་ཞབས་དྲུང་ནོར་བུ་ཞེས་པའི་བར་རིམ་གྱིས་བྱུང་ནས་དེང་དུས་གདུང་རྫོགས་ཏེ་རབ་བྱུང་བཅུ་གཉིས་པའི་ནང་དུའོ།།[36]ཞེས་རླངས་ཨ་མྱེས་བྱང་ཆུབ་འདྲེ་བཀོལ་ལ་སྲས་བཞི་ཡོད་པར་བྲིས་འདུག་ཀྱང་། ཆེ་དགེ་ཡིག་ཚང་དང་། གཏེར་སྟོན་བརྒྱ་རྩའི་རྣམ་ཐར་ལས་སྲས་གསུམ་ལས་མ་བྱུང་ངོ།།

གླིང་རྗེ་གེ་སར་གྱིས་རླངས་ཨ་ཉེ་བྱང་ཆུབ་འདྲེ་བཀོལ་གླིང་ཡུལ་དུ་ལན་གཉིས་ལ་གདན་དྲངས་ན་ནི་གླིང་རྗེ་གེ་སར་སྒྲུང་གི་མགོ་མཇུག་བར་གསུམ་དུ་རླངས་ཨ་མྱེས་བྱང་ཆུབ་འདྲེ་བཀོལ་ཞེས་པའི་མཚན་ཙམ་ཡང་མཐོང་རྒྱུ་མེད་པ་འདིར་དཔྱད་དགོས་པ་ཡོད་དོ།།

ལྷ་གཟིགས་རླངས་ཀྱི་རྣལ་འབྱོར་བ་འབྲུ་སྟོན་དར་མ་སིངྔྷིས། ཁྱེད་བཀའ་གསར་རྙིང་ཆོས་ལ་གྲུབ་པ་ཐོབ།ཞེས་པ་ནས།མཚན་ཡང་བྱང་ཆུབ་འདྲེ་བཀོལ་གྱིས། [37]ཞེས་པའི་བཀའ་ལུང་འདི་ཕྱིས་སུ་ཀུན་གྱིས་ཁོང་ལ་བྱང་ཆུབ་འདྲེ་བཀོལ་དུ་མཚན་གྱིས་བཀུར་བའི་ཡིག་ཚང་གི་ཁུངས་བཅོལ་ས་རང་ཡིན་ནོ།།

བདུད་འཇོམས་ཆོས་འབྱུངདུ་ཁྲི་སྲོང་དགུང་ལོ་ཉེར་གཅིག་པ་ལ་གུ་རུ་བོད་དུ་ཕེབས། [38]ཞེས་འབྱུང་བ་དང་། ཏུན་ཧོང་ཡིག་རྙིང་བཙན་པོའི་ལོ་ཚིགས་སུ། ཕྱི་ལོ་༧༤༢ལོར་ཁྲི་སྲོང་ལྡེ་བཙན་འཁྲུངས་པས། དེ་གཉིས་བསྡུར་ན་ཕྱི་ལོ་༧༦༣ལོར་གུ་རུ་བོད་དུ་ཕེབས་པའི་ལོ་ཡིན་དགོས། བདུད་འཇོམས་རིན་པོ་ཆེའི་དགོངས་པ་ལྟར་གཞིར་བྱས་ཏེ་ལོ་ལྔ་བཅུ་ང་ལྔ་དང་ཟླ་དྲུག་[39]བཞུགས་པའི་དབང་དུ་བཏང་ན་ཕྱི་ལོ༨༡༩ལ་འཁེལ་ཕྱིར་བྱང་ཆུབ་འདྲེ་བཀོལ་ཕྱི་ལོ༩༦༨ལོར་འཁྲུངས་ནས་ཕྱི་ལོ༡༠༧༦ལོར་སྐུ་གཤེགས་པར་ཆེ་དགེ་ཡིག་ཚང་དུ་བཀོད་པ་དེ་བཞིན་དུ་ན་ཨ་ཉེ་བྱང་ཆུབ་འདྲེ་བཀོལ་ཁོང་སློབ་དཔོན་པདྨའི་དངོས་སློབ་ཡིན་མི་སྲིད་ལ། སློབ་དཔོན་པདྨའི་ཞབས་ཟིན་མེད་པ་ཡང་ཞར་ལ་ཤེས་ཐུབ། གུ་རུ་པདྨས་རང་གི་དངོས་སློབ་རླངས་དཔལ་གྱི་སེངྒེར་ལུང་བསྟན་པ་དང་། འབྲུ་སྟོན་དར་མ་སིངྔྷིས་ལུང་བསྟན་པ་རྣམས་ཀྱི་རྗེས་ནས་ཨ་ཉེ་བྱང་ཆུབ་འདྲེ་བཀོལ་གྱི་འཕྲིན་ལས་གང་བྱོན་བྲིས་ཡོད་པས་ཀྱང་ཤེས་སོ།།

ལྷ་རིགས་རླངས་ཀྱི་རྣམ་ཐར་ཆིག་རྒྱུད་ལས། མཚོ་བཟང་ལྷ་གཟིགས་ཀྱི་སྲས། འཇིག་རྟེན་གྱི་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས་པ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དངོས་སུ་གྱུར་པའི་རླངས་ཀྱི་གྲུབ་ཐོབ་ཆེན་པོ་བྱང་ཆུབ་འདྲེ་འཁོལ་དེས། བཙུན་མོ་དཀར་ལྡན་མ་ཁབ་ཏུ་བཞེས་པའི་སྲས་གཉན་ཐོན་ཨ་ཀྲོང་། དེའི་སྲས་ཉ་མགོ་ཁྲི། དེའི་སྲས་རླངས་སྟོན་བྱ་ཞུ་ནག་པོ། དེའི་སྲས་ཨ་སང་། དེའི་སྲས་ཨ་གསེར། དེའི་སྲས་ཡོན་ཆེན་རྒྱལ་བ་སྐྱབས།[40]ཞེས་མི་དབང་གྲགས་པ་རྒྱལ་མཚན་ལྟར་ནའང་ཕྱིས་སུ་གྲུབ་ཐོབ་ཆེན་པོ་བྱང་ཆུབ་འདྲེ་བཀོལ་སློབ་དཔོན་པདྨ་འབྱུང་གནས་ཀྱི་རྣམ་སྤྲུལ་དུ་གསུངས་པ་དང་། རེབ་གོང་སྟོད་སྨད་བར་གསུམ་ཀུན་ན་སློབ་དཔོན་པདྨ་འབྱུང་གནས་ཕེབས་མྱོང་བའི་གཏམ་རྒྱུད་མང་པོ་བཤད་རྒྱུ་ཡོད་པའང་རྒྱུ་མཚན་དེ་ག་རང་ཡིན་ནོ་སྙམ།

གཞན་ཡང་། རླངས་ཨ་ཉེ་བྱང་ཆུབ་འདྲེ་བཀོལ་ཁོང་། ཕྱི་ལོ༩༦༨ལོར་འཁྲུངས། དགུང་ལོ༡༠༨བཞུགས་ནས་ཕྱི་ལོ་༡༠༧༦བོད་

རབ་བྱུང་དང་པོའི་མེ་འབྲུག་ལོར་གཤེགས་པར་འདོད་པའི་དབང་དུ་བཏང་ན།[41]ཞེས་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ནོར་བྲང་ཨོ་རྒྱན་གཉིས་ཀྱིས་བསྟན་རྩིས་ཀུན་བཏུས་ལ་ཞལ་འཕངས་མཛད་འདུག འདི་ལྟར་ན་རླངས་ཨ་ཉེ་བྱང་ཆུབ་འདྲེ་བཀོལ་འཁྲུངས་ནས་ད་ལྟའི་བར་མི་ལོ༡༠༥༣སོང་ཡོད་པའང་དཔོག་ཐུབ།

མཁས་པ་ཕལ་ཆེར་གྱིས་གླིང་རྗེ་གེ་སར་ཕྱི་ལོ(༡༠༣༨)ལོར་སྐུ་འཁྲུངས་པ་དང་། རབ་བྱུང་གཉིས་པའི་ཤིང་སྦྲུལ་ཕྱི་ལོ(༡༡༢༦)ལ་སྐུ་གཤེགས་པར་ཞལ་མཐུན་དུ་འདོད་ཀྱི་ཡོད་ལ། མི་ལོ༨༨སྟེ། ཨ་ཉེ་བྱང་ཆུབ་འདྲེ་བཀོལ་གྱི་ལུང་བསྟན་དང་ཡང་ཐོད་ཐུག་པ་ཉིད་དོ།། དེ་ལྟར་ན་གླིང་རྗེ་གེ་སར་དགུང་གྲངས༣༨སྟེང་རླངས་ཨ་ཉེ་བྱང་ཆུབ་འདྲེ་བཀོལ་སྐུ་གཤེགས་པའང་ར་འཕྲོད་ངེས།

རླངས་ལྷ་གཟིགས་དཔལ་གྱི་སེངྒེའི་ལུང་བསྟན་ལས།དུས་ཀྱི་འཁོར་ལོའི་རབ་བྱུང་ཚུགས་པའི་མགོར།།གླང་གི་ལོ་ལ་གཞི་བཟུང་མི་རྒྱུད་འབྱུང་།།ཆུ་སྐྱེས་ཐང་དུ་མཁའ་འགྲོའི་ངོས་གྲུབ་འབྱུང་།།རྒྱལ་མཚན་དང་ནི་བརྩོན་འགྲུས་བླ་མ་གསུམ།།དེ་གསུམ་དུས་ནས་བླ་དཔོན་རྒྱུན་མི་ཆད།།[42]ཅེས་རླངས་ཀྱི་གདུང་རྒྱུད་ཀྱིས་བྱང་ཕྱོགས་རྨ་ལུང་ཆུ་བོའི་ནང་ལུང་འདི་ནས་གཞི་འཛིན་པར་ལུང་དུ་བསྟན་པ་མ་ཟད། ཡུལ་མདོ་སྨད་དུ་ཡོངས་སུ་གྲགས་པ་གྲུབ་པའི་གནས་ཆེན་བརྒྱད་དང་། སྒོས་སུ་ཆུ་སྐྱེས་ཐང་མཁའ་འགྲོའི་ངོས་གྲུབ་འབྱུང་བའི་ཁྲོམ་ར་རུ་བརྒྱལ་བུ་རླངས་ཚང་ཉི་མ་དྲག་འཛིན་ལ་སྲས་རླངས་འཆི་མེད་བླ་མ་རྒྱལ་མཚན་དང་། གདུང་བླ་མ་བཀྲ་ཤིས་སོགས་བྱོན་པ་ཡང་གསལ་ལོ།།

ཡང ང་ཡི་མི་རབས་འགའ་ཡི་རྗེས་ཤིག་ལ།།ཞེས་པ་ནས།བརྒྱལ་བུ་རླངས་ཚང་ཞེས་པ་ཡོངས་སུ་གྲགས།།[43]ཞེས་རླངས་ཨ་ཉེ་བྱང་ཆུབ་འདྲེ་བཀོལ་གྱིས་ལུང་བསྟན་པ་བཞིན་ཁོང་གི་གདུང་རྒྱུད་མདོ་ཁམས་སྨད་སྟག་ལུང་ལྕང་ལུང་ལྷ་ལུང་ཞེས་པའི་གནས་དང་། སྒོས་སུ་ཆུ་སྐྱེས་ཞལ་དཀར་མཁའ་འགྲོའི་ཁྲོམ་ར་རུ༼ཕྱི་ལོ༡༠༤༩༽གནས་གཞི་བཟུང་བའི་རྒྱུད་ལ་བརྒྱལ་བུ་རླངས་ཚང་ཞེས་ཡོངས་སུ་གྲགས་པའི་རྒྱུས་ཉི་མ་བཞིན་གསལ་བ་དེ་ལྟར་ཡིན་ནོ།།

གོང་གི་ལུང་བསྟན་ལྟར་བརྩིས་ན་ཁོང་གི་གདུང་རྒྱུད་ཀྱིས་རེབ་གོང་ཆུ་སྐྱེས་ཐང་ནས་ཕྱི་ལོ༡༠༤༩ལོར་གཞི་བཟུང་དེ་ད་ལྟའི་བར་མི་ལོ༩༧༢སོང་བ་གསལ།

     དེ་ཡང་རླངས་ལྷ་གཟིགས་ཀྱི་རྒྱུད་ལ་བརྟུལ་ཞུགས་སྨྱོན་པའི་ཚུལ་འཛིན་པ་གྲུབ་ཐོབ་དགུ་བྱོན་པའི་ནང་ནས་དཔལ་གྱི་འབྱུང་གནས་ཀྱི་རྒྱུད་ལ་རླངས་པ་རྡོ་རྗེ་མགོན་བྱོན་ཅིང་། འདི་བའི་རྒྱུད་ལ་བརྒྱལ་བུ་རླངས་ཚང་ཉི་མ་དྲག་འཛིན་བྱོན་པ་ནས་མི་རབས་

བདུན་པ་ཆུ་སྐྱེས་འཆི་མེད་རྡོ་རྗེ་ལ་སྲས་མིང་སྲིང་ལྔ་བྱུང་བའི་གཉིས་པ་འཇམ་དབྱངས་སྐྱབས། བཞི་བ་འཕགས་པ་རྒྱལ། ལྔ་བ་གསང་བདག་རྡོ་རྗེ་གསུམ་ལ་བརྒྱལ་བུ་རླངས་ཚང་གི་མཁས་ཆེན་སྤུན་གསུམ་དུ་གྲགས། འདི་གསུམ་གྱི་སྐུ་རིང་ལ་བརྒྱལ་བུ་རླངས་ཚང་གི་སྡེ་ཆེ་ཆུང་ཀུན་ནས་དངོས་པོ་གྱ་ནོམ་པ་རེ་བབ་བསྟུན་གྱིས་བསྡུས་ཏེ་རང་གི་ཕ་མེས་ཡང་མེས་ཀྱི་འཁྲུངས་ཡུལ་དྭགས་པོ་ལྷ་རྗེའི་སློབ་མ་ཕག་གྲུ་རླངས་ཀྱི་གདུང་རྒྱུད་[44]རྡོ་རྗེ་རྒྱལ་པོ་དགུང་ལོ་ཞེ་དགུ་བ་རབ་བྱུང་གསུམ་པའི་ས་སྟག༼ཕྱི་ལོ༡༡༥༨༽ལོར་ཕག་གྲུའི་གདན་ས་གསར་འདེབ་ཀྱི་སྐབས་དང་མཁེལ་པས། ངེད་རྣམས་ཀྱིས་ཀྱང་ཞལ་འདེབས་འབུལ་དགོས་པར་བསྐུལ་ཏེ། རྟ་དྲེལ་མཛོ་གཡག་གསེར་དངུལ་སོགས་དངོས་པོ་བབ་བསྟུན་རེ་བསྡུས་ནས་འཇིག་རྟེན་རྒན་པོ་འགའ་དང་། གཞོན་ནུ་སྟག་ཤར་བཅུ་ཕྲག་འགའ་ཁྲིད་ནས་བོད་རབ་བྱུང་གསུམ་པའི་ས་སྟག༼ཕྱི་ལོ༡༡༥༨༽ལོར་དབུས་སུ་སོང་། ཕག་གྲུ་རྡོ་རྗེ་རྒྱལ་བོར་མཇལ།[45] དེ་ནས་འབྲི་གུང་རྡོ་རྗེ་ཚུལ་ཁྲིམས་དང་དྭགས་པོ་སྒོམ་ཚུལ་རྣམ་གཉིས་དང་མཇལ།[46]ཞེས་རེབ་གོང་རུས་མཛོད་གསུངས།  ཡང་དེར་དེ་ནས་འབྲི་གུང་འཇིག་རྟེན་མགོན་པོར་མཇལ་བས་ཁོང་གིས་དཔལ་རླངས་པ་དཀར་པོའི་གདུང་རྒྱུད་འཁྲུལ་མེད་དུ་ཞལ་གྱིས་བཞེས་ཏེ་རིགས་རུས་འབྱུང་ཁུངས་རྣམས་ཕྱག་བྲིས་སུ་མཛད་དེ་གནང་། ཕྱིར་རང་ཡུལ་དུ་འབྱོར་ནས་བརྒྱལ་བུ་རླངས་ཚང་གི་ཕོ་མོ་རྒན་གཞོན་ཀུན་ལ་ང་ཚོའི་རུས་ནི་མེས་པོ་ལྷ་སྲས་མང་ལྡོམ་སྟག་བཙན་དང་། རིགས་ནི་མེས་པོ་ཚངས་སྲས་ལྷ་མོ་གཉིས་ཀྱི་སྲས་བརྒྱལ་བུ་སྤྱི་གཙུག་ན་རླངས་པ་དཀར་པོ་བྱུང་བའི་གདུང་རྒྱུད་འཁྲུལ་མེད་ཡིན་པའི་ལོ་རྒྱུས་གསུངས་པར་མ་ཟད། ཕྱག་བྲིས་དེ་བརྒྱལ་བུ་རླངས་ཚང་གི་ཡིག་ཚང་དུ་ཡོད།ཅེས་རྒྱ་བཟའི་དགེ་བཤེས་གསུངས་ལ།[47]ཁོང་གིས་ཀྱང་ཡིག་ཚང་དེར་བརྟེན་ནས་བརྒྱལ་བུ་རླངས་ཚང་གི་བླ་དཔོན་གྱི་ཡིག་ཚང་བྲིས་པའི་གནས་ཚུལ་གསལ། ཕག་གྲུ་རླངས་ཀྱི་གདུང་རྒྱུད་རྡོ་རྗེ་རྒྱལ་པོ་དགུང་ལོ་ཞེ་དགུ་བ་རབ་བྱུང་གསུམ་པའི་ས་སྟག༼ཕྱི་ལོ༡༡༥༨༽ལོར་ཕག་གྲུའི་གདན་ས་གསར་འདེབ་མཛད་པ་ཡིག་ཚང་ཀུན་དགོངས་པ་གཅིག་ཏུ་འབབ། གཞན་ཡང་།འབྲི་གུང་འཇིག་རྟེན་མགོན་གྱི་ཕྱག་བྲིས་དེ་བརྒྱལ་བུ་རླངས་ཚང་གི་བླ་དཔོན་གྱི་ཡིག་ཚང་དུ་དུས་འདི་ལ་རིག་རྒྱུ་ཡོད་པ་དེ་ནི། སྐྱེས་བུ་ཆེན་པོ་འཇམ་དབྱངས་སྐྱབས་དང་། འཕགས་པ་རྒྱལ། གསང་བདག་རྡོ་རྗེ་གསུམ་གྱི་སྐུ་དྲིན་ལས་བྱུང་བ་ཡིན་ནོ།།” [48]ཞེས་ཀྱང་རེབ་གོང་རུས་མཛོད་དུ་གསུངས་པར་གཞིགས་ན། བརྒྱལ་བུ་རླངས་ཚང་གི་བླ་དཔོན་ཡིག་ཚང་དེ་ཁོང་རྣམ་པ་གསུམ་དང་གང་རུང་གིས་བྲིས་པ་ཞིག་ཡིན་སྐད་དོ།[49]དེ་ཕྱིར་རླངས་ཨ་ཉེ་བྱང་ཆུབ་འདྲེ་བཀོལ་གྱི་རུས་རྒྱུད་མདོ་སྨད་རེབ་གོང་དུ་བྱོན་པའི་རྒྱུས་ལ་མཁས་པ་ཁྱེད་དང་ཁྱེད་རྣམ་པས་དོགས་པའི་སེམས་བྱུང་རྣམས་ཀྱང་རང་སོར་ཞུ་བ་ལེགས་ན། དེའི་བྱེད་པ་རྒྱུ་མཐུན་གྱི་གཙོ་བོ་སེམས་དེ་ཡང་ངང་ངམ་ཤུགས་ཀྱིས་འགག་པར་འགྱུར་ངེས་སོ།།

གསུམ་པ། རླངས་ཨ་ཉེ་བྱང་ཆུབ་འདྲེ་བཀོལ་གྱི་གདུང་རྒྱུད་ལ་བླ་མ་རིག་འཛིན་དཔལ་ལྡན་བཀྲ་ཤིས་བྱོན་པའི་ཡིག་ཚང་གི་རྒྱུས་འཚོལ་བ།

རླངས་རྒྱལ་བོ་བླ་མ་རིག་འཛིན་དཔལ་ལྡན་བཀྲ་ཤིས་འདི་བ་༼ཕྱི་ལོ༡༦༨༨-༡༧༤༢༽བརྒྱལ་བུ་རླངས་ཚང་གི་ཆོས་སྲིད་གཉིས་ཀྱི་བདག་པོ་རྡོ་རྗེ་བསམ་འགྲུབ༼ཕྱི་ལོ༡༦༧༧-༡༧༣༡༽ཀྱི་སྐུ་དུས་སུ་ཆུ་སྐྱེས་ཐང་དུ་འཁྲུངས་ནས་དཔོན་པོ་པདྨ་དར་རྒྱས༼ཕྱི་ལོ༡༧༠༡-༡༧༦༡༽ཀྱི་སྐུ་དུས་སུ་ཆུ་སྐྱེས་ཞལ་དཀར་མཁའ་འགྲོའི་ཁྲོམ་ར་རུ་སྐུ་འདས་པའི་སྐྱེས་བུ་དམ་པ་ཞིག་ཡིན་ལ།  ཁོང་ཐོག་མར་རོང་བོར་ཚོགས་ཞུགས་མཛད། ཕྱིས་དབུས་སུ་ཕེབས། དང་པོ་འབྲས་སྤུངས་དགེ་བཤེས། སྨིན་གྲོལ་གླིང་དུ་ཕྱིན། རྙིང་ཆོས་ཀྱི་ཁུང་ཕྱུང་སྟེ་མཉན་པས་འབྲས་སྤུངས་འགྲིག་ལ་གཅུར་ཏེ་སྤྱོད་ལམ་ཁང་བ་བརྒྱུད་འགྲོས་དགོས་བྱུང་། མདོ་སྨད་དུ་གཏེར་ཆོས་ཀྱི་སྒྲུབ་འཕྲིན་སྤེལ་དྲག བན་མིན་མོན་མིན་གྱི་གཏེར་བརྡོལ་བས་མཁན་ཆེན་དང་མཐུན་འགྲས་ཤོར། [50]ཞེས་མདོ་སྨད་ཆོས་འབྱུང་གསུངས་པ་བཞིན་ཕྱིས་ཁོང་མདོ་སྨད་རེབ་གོང་དུ་ཕེབས་༼སྤྱི་ལོ༡༧༢༦༽ཏེ་༼སྤྱི་ལོ༡༧༤༢༽བར་མི་ལོ་༡༦གི་རིང་སྨིན་གྲོལ་གླིང་གི་བསྟན་པ་སྤེལ་ཞིང་ཤིན་ཏུ་དར་རྒྱས་ཆེན་པོ་བྱུང་བས་ཁོང་གི་སྙན་པ་འཕེལ། ཞབས་དཀར་བས། རེབ་གོང་བླ་མ་ཐམས་ཅད་ཀྱི།།ནང་ནས་ཤིན་ཏུ་དྲིན་ཆེ་བ།།རྗེ་བཙུན་སྐལ་ལྡན་རྒྱ་མཚོ་དང་།།རིག་འཛིན་དཔལ་ལྡན་བཀྲ་ཤིས་ཡིན།།ཞེས་ཆེན་པོ་རྣམས་ཀྱིས་ཀྱང་བཀུར་བཟོའི་ཚད་དུ་སླེབས་པས། གཞན་རྣམས་ལྟ་ཅི། དེ་ཕྱིར་རེབ་གོང་གི་མི་སྣ་གྲགས་ཆེན་སྔོན་མ་རྣམས་གླེང་དུས་ཁོང་གི་ལོ་རྒྱུས་ཀྱང་བཤད་དགོས་པ་ཉི་མ་རྒྱབ་ཤར་ལག་པས་མི་ཁེབ་པའི་གནས་བབ་ཅིག་རེད་ལ། སྒོས་སུ་སྨིན་གླིང་སྔགས་རྙིང་མའི་བསྟན་པ་རེབ་གོང་དུ་དར་བའི་རྒྱུས་ལ་ཁོང་ནི་ཁང་བའི་ཀ་བ་ལྟ་བུ་ཡིན་ནོ།།

ཁོང་གི་རང་རྣམ་སྐལ་ལྡན་མགུལ་བའི་རྒྱན་ཕྲེངལས།མདའ་ན་ཆུ་བཟང་རོང་བོའི་ཚོགས་ཆུ་ཡོད།།ཆུ་སྣ་དགུ་འདུས་ཡར་ཆབ་གཙང་བོ་འདྲ།།ཕུ་ན་རི་བཟང་ཡལ་བོ་སྐྱེས་ལྷ་ཡིན།།སྟག་ལུང་ལྷ་རྒོད་ཡར་ལྷ་ཤམ་པོ་འདྲ།།བར་ན་སྡེ་བཟང་རླངས་ཚང་རྒྱལ་བོ་ཡིན།།ཕུ་རྒྱལ་མདོ་རྒྱུད་རྒྱལ་སྲིད་རྒྱས་པ་འདྲ།། [51] ཞེས་བརྒྱལ་བུ་རླངས་ཚང་གཞིས་ཆགས་སའི་ཡུལ་དང་ཁོང་གི་འཁྲུངས་ཡུལ་ལ་བསྔགས་བརྗོད་མཛད་ཡོད་ཅིང་། ཁོང་གིས་ཀྱང་བརྒྱལ་བུ་ཟེར་རྒྱུ་ལ་ཡིག་ཚང་རྙིང་བ་ལ་མ་བཅོལ་བར་ཕྱིས་སུ་ཟུར་ཆག་པའི་རྒྱལ་བོ་ཞེས་པའི་རུས་འདི་བྲིས་འདུག སྐྱེས་ལྷ་ཨ་མྱེས་སྟག་ལུང་ལྷ་རྒོད་རི་ཡི་ཞོལ་དུ་གཞིས་ཆགས་པའི་རྒྱལ་བོ་རླངས་ཚང་གི་བཀོད་པ་བསམ་གྱིས་མི་ཁྱབ་པ་ཞིག་བཞེངས་ཡོད། འདི་དང་ཅུང་ཟུར་མཐུན་པ་ཞིག་བྱང་ཆུབ་འདྲེ་བཀོལ་གྱི་ལུང་བསྟན་དུའང་། ང་ཡི་མི་རབས་འགའ་ཡི་རྗེས་ཤིག་ལ།།ཞེས་པ་ནས།བརྒྱལ་བུ་རླངས་ཚང་ཞེས་པ་ཡོངས་སུ་གྲགས།།[52]ཞེས་སྟག་ལུང་ལྕང་ལུང་ལྷ་ལུང་ཞེས་པའི་གནས། སྒོས་སུ་ཆུ་སྐྱེས་མཁའ་འགྲོའི་ཁྲོམ་ར་རུ་མི་བརྒྱུད་མང་དུ་འཕེལ་བ་ལ་བརྒྱལ་བུ་རླངས་ཚང་ཞེས་ཡོངས་སུ་གྲགས་པ་དང་མཐུན་པའི་གསུངས་ཤིག་སྣང་།

ཡང་ཁོང་གིས། རེབ་གོང་དུ་ཡོན་ཏན་ཅན་མང་པོ་ཡོད་པ་ས་དབྱིབས་རུས་སྦལ་ལྟ་བུའི་རྟེན་འབྲེལ་ཡིན། ཚོ་བ་བརྒྱད་ནང་བ་སངས་རྒྱས་པའི་ལུགས་འཛིན་པ་དགུ་ཆུའི་ཆུ་སྣ་བརྒྱད་ཡན་ལག་བརྒྱད་ལྡན་ལྟ་བུའི་རྟེན་འབྲེལ། ཕྱི་རོལ་བའི་ལུགས་ཅུང་ཟད་ཡོད་པ་བ་ཚ་ཅན་དང་འདྲེས་པའི་རྟེན་འབྲེལ། ཆུ་བོ་ཐམས་ཅད་ཕྱོགས་གཅིག་ཏུ་འདུས་པ་དེ་རྒྱ་བོད་གཉིས་ལུང་བ་གཅིག་ཏུ་འཚོགས་པའི་རྟེན་འབྲེལ།[53]ཞེས་རྟགས་དང་རྟེན་འབྲེལ་ཚོགས་པའི་ཡུལ་རེབ་གོང་གི་ཡུལ་ལུང་སྤྱིའི་ཆེ་བ་མང་པོ་ཞིག་བརྗོད་ནས་རང་ཡུལ་ལ་བསྟོད་པ་དགའ་ཞེན་འདྲེས་མའི་སྣང་ཚུལ་གསར་བ་ཞིག་བྲིས་འདུག ཁྱད་པར་ཆུ་སྐྱེས་ཐང་གི་ཆེ་བ་བརྗོད་པ་ལ།ཆུ་སྐྱེས་ཐང་འདི་པདྨ་ཁ་ཕྱེས་འདྲ།། དཔོན་སྐོར་རི་འདི་པདྨའི་ཟེའུ་འབྲུ་འདྲ།།  ཟེའུ་འབྲུའི་སྟེང་ནས་གཙུག་ལག་ཁང་ཆེན་བཞེངས།།  གསང་སྔགས་བསྟན་པ་རྒྱས་པའི་རྟེན་འབྲེལ་ཡིན།།[54]ཞེས་བསྔགས་ཤིང་། ས་མི་ཆེ་མི་ཆུང་བའི་གནས་ཕུན་སུམ་ཚོགས་པ་ཆུ་སྐྱེས་ཐང་འདིར་བླ་མ་རིག་འཛིན་བླ་མ་དཔལ་ལྡན་བཀྲ་ཤིས་ཁོང་ཡང་༼ཕྱི་ལོ༡༦༨༨ལོར༽འཁྲུངས་ཤིང་། ཁོང་གི་གདན་ས་རིག་འཛིན་རབ་འཕེལ་གླིང་ཡང་གནས་འདིར་བཏབས་ཏེ་ད་ལྟའི་བར་མ་འཇིག་པར་ཡོད།

ཡང་ཁོང་གི་རང་རྣམ་ལས།བོད་ཀྱི་མིའུ་གདུང་དྲུག་ཏུ་གྲགས་པ།ཞེས་པ་ནས། དེ་དག་སོ་སོའི་རྒྱུད་པ་རིམ་གྱིས་འཕེལ་བར། དེང་ཡང་ཆོས་སྲིད་གཉིས་ཀ་ནས་མངོན་པར་མཐོ་བ། ས་སྐྱ་འཁོན་གྱི་བརྒྱུད་པ། འབྲི་གུང་སྐྱུ་རུའི་བརྒྱུད་པ། རླངས་ལྷ་གཟིགས་ཀྱི་བརྒྱུད་པ་སོགས་མང་དུ་བྱུང་བ་ཡིན་ནོ།།དེ་ཡང་འབྲུའི་རྒྱལ་ཕྲན་བཅུ་གཉིས་བྱུང་སྟེ།  མིའུ་གདུང་དྲུག་གི་ཡིག་ཚང་ལས། འབྲུའི་རྒྱལ་ཕྲན་བཅུ་གཉིས་ཏེ།།འབྲུ་རྒྱལ་རུས་ལྷ་དཀར་པོ་དེས།།ཞེས་པ་ནས། དེས་ཀྱང་འབྲུའི་རྒྱལ་བོ་ང་ཡིན་ཟེར། [55]ཞེས་པ་སོགས་ཀྱིས་ཁོང་གི་རུས་རྒྱུད་སྔོན་མ་བོད་ཀྱི་ཡིག་ཚང་རྙིང་བ་རྣམས་དང་མཐུན་པར་གསུངས་པ་ལ། དོན་ཐུབ་ཏུ་ཁོང་རླངས་ལྷ་གཟིགས་ཀྱི་བརྒྱུད་པ་ཡིན་པར་ངེས་ལེན་གྱི་གཞི་བཏང་འདུག ཡང་དེར། སྔོན་དུས་གནམ་ལྷ་གཡུ་རིང་གིས་ཅོ་བཟའ་ལྷ་བུ་སྨན་ཁབ་ཏུ་བསུས་པར། སྲས་བཞི་བྱུང་བའི་ལུགས་དང་རྒྱལ་བོ་རླངས་ཚང་ཞེས་པར་བརྟགས་ན། རྒྱལ་བོ་ནི་རྒྱལ་ཕྲན་བཅུ་གཉིས་ཀྱི་ནང་ཚན་དང་། རླངས་ཚང་ནི་རུས་མིང་སྟེ། རླངས་ཨ་སེང་གི་སྲས་ཨ་སིན་དེ་ལ་སྲས་སྐྱབས་བདུན་བྱུང་། [56]ཞེས་པ་ཡང་གནམ་ལྷ་གཡུ་རིང་ནས་ཨ་སིན་དེ་ལ་སྲས་སྐྱབས་བདུན་བྱུང་པའི་རྒྱུད་ལ་རྒྱལ་བོ་དང་རླངས་ཚང་ཞེས་པའི་མིང་འདི་ཇི་ལྟར་ཐོགས་པའི་ཐོག་མའི་རུས་རྒྱུད་ཀྱི་བྱུང་བ་ཞིག་གླེང་འདུག བརྒྱལ་བུ་ལ་རྒྱལ་བོ་ཞེས་ཟུར་ཆག་པ་ལྟར་བྲིས་ཡོད་པ་མ་ཟད། རྒྱལ་ཕྲན་བཅུ་གཉིས་ཀྱི་ནང་ཚན་ལས་གྱེས་པས་རྒྱལ་བོ་ཞེས་རྗེས་གྲུབ་ལྟ་བུ་ཞིག་བྲིས་འདུག་ཀྱང་ཁོ་བོས་བརྒྱལ་བུ་ཞེས་སུ་བྲིས་ན་འགྲིག་པའི་འདོད་ཚུལ་རླངས་ཀྱི་པོ་ཏི་བསེ་རུ་ལ་ཁུངས་བཅོལ་ནས་སྔོན་མར་གླེང་ཟིན། ཆུང་བ་ཞིག་གཞིས་སུ་བཞུགས་པར་སྲས་བཞི་བྱུང་བ་ད་ལྟ་རྒྱལ་བོ་ཨ་སྐྱབས་བུ་བཞིར་གྲགས་པ་འདི་ཡིན་ཞིང་། རྒྱལ་བོ་ཨ་སྐྱབས་བུ་བཞིའི་བརྒྱུད་པ་སོ་སོར་གྱེས་པ་ལས། བུ་གཅིག་གི་བརྒྱུད་པ་རྒྱལ་བོ་ཁྲོ་བོ་དབང་ཕྱུག་གི་འོག་ཁང་༼རྣམ་ཐར་བསྡུས་པར་མངའ་འོག་ཅེས་བྲིས་འདུག༽ལུང་བ་གསུམ་ན་འབུམ་པ་གསུམ་བྱུང་བ་ལས་བདག་གི་རིགས་བརྒྱུད་ནི་ལྷ་ལུང་འབུམ་པའི་བརྒྱུད་པ་སྟེ། ད་ལྟ་སྟིས་ཚང་དང་ནང་ཚོ་གཅིག  དེ་ནས་མི་སྐྱ་རྣམས་ལྷ་ལུང་འབའ་ལང་། ས་གོར་སོགས་སུ་གཞིས་བཟུང་། སེར་མོ་རྣམས་ཆུ་ཅའི་ཐང་ལ་སོགས་པར་དགོན་པ་བཟུང་བ་ཡིན། དེ་ལ་ཐོག་མར་བླ་མ་ནམ་མཁའ་རྒྱལ་མཚན། དེའི་དཔོན་པོ་དང་། དེ་ནས་བླ་མ་ནམ་མཁའ་རྒྱལ་མཚན། བར་སྐབས་དཔོན་པོ་ཐེའུ་ཚང་སྒང་དུ་སོང་བ་ད་ལྟ་རྒྱལ་བོ་བླ་མ་ཚང་ཟེར་བ་འདི་ཡིན།[57]ཞེས་དང་། བདག་གི་ཕ་རྒན་ཚེ་བརྟན་མགོན་པོས་མཚོ་བཞི་བཟའ་དེས་ཆོག་སྐྱིད་བླངས་པར་བུ་གཉིས་ཏེ་ཀླུ་འབུམ་རྒྱལ་དང་བླ་རྒན་དར་རྒྱས། བྲོས་མོ་ཞིག་བླངས་པར་རུ་རྩའི་བླ་གོ ཁྱིམ་བཞུགས་བདག་གི་ཨ་མ་རྒྱ་བཟའ་ཕག་མོ་ཐར་ལ་བུ་ཚ་མིང་སྲིང་དྲུག་བྱུང་བར་ལྷ་འབུམ་དང་། ཚེ་དབང་གཉིས་སྐྱ་བོ་བྱས་ཏེ་ཁྱིམ་སོ་སོར་བཟུང་། ངེད་རབ་ཏུ་བྱུང་ནས་དབུས་གཙང་ལ་སོགས་པར་སློབ་སྦྱོང་བྱས།[58]ཞེས་པ་སོགས་ཀྱིས་ཁོང་གི་རིགས་དང་རུས་གསལ་བཤད་གནང་བའི་ཁར་གནས་གང་དུ་གཞིས་བཟུང་བའི་ས་དང་དཔོན་རིགས་ལ་དོ་སྣང་བྱས་འདུག་ལ། མི་རྒྱུད་དེས་དཔོན་ས་བཟུང་བའི་གནས་དང་། དཔོན་མིང་སོགས་གསལ་བོར་བྲིས་འདུག སྒོས་སུ་ཁོང་གནས་འདིར་རྒྱལ་བོ་ཨ་སྐྱབས་བུ་བཞིའི་རྒྱུད་པ་མེས་པོ་མ་ཅིག་སྐྱབས་ཀྱི་རྒྱུད་ལ་འཁྲུངས་པ་དང་མ་ཡུམ་རྒྱ་བཟའ་ཡིན་པར་ཡང་བཤད་འདུག་པ་སོགས་ཁོང་བརྒྱལ་བུ་ལྷ་གཟིགས་རླངས་ཀྱི་གདུང་རྒྱུད་འཁྲུལ་མེད་ཡིན་པའི་སྒྲུབ་བྱེད་ཀྱི་ལུང་རིགས་མང་པོ་མ་བཀོད་ཀྱང་ཡིག་ཚང་འདི་ག་རང་གིས་ངེས་པར་འགྱུར་རོ།།

ཁོང་གིས་མདོ་སྨད་ཡུལ་གྲུ་ཀུན་ཏུ་སྔ་འགྱུར་རྙིང་མའི་ཆོས་རྒྱུན་སྤྱི་དང་། སྒོས་སུ་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་སྲོལ་དྲི་མ་ཉམས་པའི་སྟེང་ནས་དབང་ལུང་རྗེས་གནང་ཁྲིད་བཤད་མན་ངག་སོགས་རྒྱ་ཆེར་གནང་སྟེ། བཀའ་བརྒྱད་བདེ་གཤེགས་འདུས་པའི་ཆོས་ཐོག་དང་། རིག་འཛིན་གདུང་སྒྲུབ་ཀྱི་སྒོ་ནས་ཚེས་བཅུའི་ཚོགས་མཆོད་སོགས་གསར་འཛུགས་མཛད་པའི་འཕྲིན་ལས་རྒྱ་ཆེར་འཕེལ་བས་རེབ་གོང་གི་བླ་སྤྲུལ་དང་དབང་ཆེན་རེ་གཉིས་ཀྱིས་རང་གི་དམིགས་ཡུལ་འགྲུབ་ཆེད་ཕན་ཚུན་ངན་འབྲེལ་གྱིས་ཁོང་གི་ཆེ་དགེ་ཐམས་ཅད་རྨེག་མེད་དུ་བཏང་བ་སོགས་ནི། བླ་མ་རིག་འཛིན་པའི་གསུང་མགུར་དུ། ང་དྲང་སྲོང་མི་ཁས་ཁྲམ་ལ་བཏབ།།ལས་རྒྱུ་འབྲས་གཅིག་གིས་གསལ་བར་བྱེད།།ང་ཉི་ཟླ་གློ་བུར་སྤྲིན་གྱིས་བསྒྲིབས།།དུས་ཉིན་མཚན་གཅིག་གིས་གསལ་བར་བྱེད།།ཅེས་པ་སོགས་ཐུགས་སྐྱོ་བའི་བདེན་ཚིག་མང་པོ་བྱོན་འདུག་ལ། རང་མཐོང་ཅན་ལ་རང་ཉིད་མགུ།།ཕྱོགས་རིས་ཅན་ལ་ཕྱོགས་གཏོགས་མགུ།།ན་ཆུང་མཛེས་ལ་ན་ཆུང་མགུ།།མཁས་པའི་གསུང་ལ་མཁས་པ་མགུ།།[59]ཞེས་ཀྱང་ཁོང་གིས་མ་བཅོས་དྲང་བོའི་གཏམ་མང་དུ་བྱོན་འདུག ཁོང་ནས་སྐུ་སྐྱེ་ལྔ་བ་ལྕང་ལུང་དཔལ་ཆེན་ནམ་མཁའ་འཇིགས་མེད་ཀྱི་སྐུ་ཕྲེང་གསུམ་པ་དགུ་རོང་འཇིགས་བྲལ་ཆོས་དབྱངས་རྡོ་རྗེའི་སྲས་དྲི་མེད་བློ་གྲོས་སྤྱི་ལོ1933ལོར་སྐུ་གཤེགས་རྗེས་སྤྲུལ་སྐུའི་བཀོད་པའང་མཇུག་རྫོགས་པའི་རྒྱུས་དཔྱད་རྩོམ་གཞན་ནས་ཞུ་བར་འདོད་དོ།།

མཇུག་བསྡུའི་གཏམ།

མདོ་སྨད་ལོ་རྒྱུས་ཆེན་མོགླེགས་བུམ་གསེར་གྱི་རི་བོ་ལྟ་བུར་མཇལ་པའི་སྐལ་བཟང་གི་ཉི་མ་དགུང་ནས་ཤར་བའི་དུས་བཟང་དང་འགྲོགས་ནས་སྐབས་དོན་རེབ་གོང་ཡུལ་དུ་ལྷ་གཟིགས་རླངས་ཀྱི་གདུང་རྒྱུད་བྱུང་ཡོད་མེད་དང་། སྒོས་སུ་རླངས་ཨ་ཉེ་བྱང་ཆུབ་འདྲེ་བཀོལ་གྱི་གདུང་རྒྱུད་ལ་རེབ་གོང་རླངས་བརྒྱལ་བུ་རིག་འཛིན་དཔལ་ལྡན་བཀྲ་ཤིས་བྱོན་པའི་ཡིག་ཚང་གི་རྒྱུས་ལོ་ངོ་བརྒྱ་ཕྲག་དུ་མའི་ཡར་སྔོན་གྱི་གྲུབ་པའི་ལུང་བསྟན་དང་། ཕྱིས་བྱུང་བོད་ཀྱི་མཁས་པའི་ལོ་རྒྱུས་ཆོས་འབྱུང་རུས་མཛོད་དག་དཔང་དུ་བཞག་ནས་ལུང་རིགས་ཟུང་འབྲེལ་གྱིས་དཔྱད་འཇོག་བྱས་པར་མི་བདེན་མི་འགྲིག་པའི་སྐྱོན་གང་ཡོད་ལ་དམིགས་བཙུགས་ཏེ་དགག་བཞག་སྐྱོན་སེལ་གྱི་བསིལ་ཆར་ལ་རེ་བ་སྙིང་ནས་ཞུའོ།།


[]  མཆན། རླངས་ཨ་ཉེ་བྱང་ཆུབ་འདྲེ་བཀོལ་གྱི་མཚན་ལ། ཨ་མི་བྱང་ཆུབ་འདྲེ་འཁོལ། ཨ་ཉེ་བྱང་ཆུབ་འདྲེ་བཀོལ། ཨ་ཉེ་བྱང་ཆུབ་འདྲེ་ཁོལ། ཨ་མྱེས་བྱང་ཆུབ་འདྲེ་འཁོལ་སོགས་སྣ་ཚོགས་པ་ཞིག་བྲིས་ཡོད་པས། དཔྱད་རྩོམ་འདིར་རླངས་ཀྱི་པོ་ཏི་བསེ་རུ་གཞིར་བྱས་ནས་གཅིག་གྱུར་དུ་ཨ་ཉེ་བྱང་ཆུབ་འདྲེ་བཀོལ་ཞེས་བྲིས་ཡོད། ཡིན་ཡང་ལུང་དྲངས་པ་རྣམས་ཁུངས་མར་གང་བྱོན་གཞིར་བཞག་ཡོད།

[] ཧོར་གཙང་འཇིགས་མེད།།མདོ་སྨད་ལོ་རྒྱུས་ཆེན་མོ།ལས་སྡེ་ཚོའི་སྐོར་གྱི་གླེགས་བུམ་གསུམ་པ། ༢༠༠༨ལོ།  [M] དྷ་རམས་ས་ལ། དྷ་ས་བོད་ཀྱི་དཔེ་མཛོད་ཁང་།ཤོག་ངོས་༦༦

[]  ཧོར་གཙང་འཇིགས་མེད།མདོ་སྨད་ལོ་རྒྱུས་ཆེན་མོ།ལས་སྡེ་ཚོའི་སྐོར་གྱི་གླེགས་བུམ་གསུམ་པ། ༢༠༠༨ལོ། [M] དྷ་རམས་ས་ལ། དྷ་ས་བོད་ཀྱི་དཔེ་མཛོད་ཁང་།ཤོག་ངོས་༦༥

[]  རྒྱ་བཟའི་དགེ་བཤེས། རེབ་གོང་རུས་མཛོད ༢༠༡༠ལོ། [M]པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་༤༤༡

[] མཆན། ཆུ་སྐྱེས་མཁའ་འགྲོའི་ཁྲོམ་ར་ཞེས་པ་ནི། བརྟུལ་ཞུགས་སྨྱོན་པའི་ཚུལ་འཛིན་པའི་རྣལ་འབྱོར་བ་ཆེན་པོས་སྲིན་པོ་སྦྱིན་སྲེག་བྱས་ནས་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་རྣམས་ནས་ལྷ་ཀླུ་གཉན་གསུམ་དམ་འོག་ཏུ་བཅུག་པའི་དགའ་སྟོན་ལ་སྟེང་འོག་ཕྱོགས་བཅུ་ན་གནས་པའི་མཁའ་འགྲོའི་ཁྲོམ་ཚོགས་འདུས་ནས་བྲོ་རྡུང་བའི་གནས་ཡིན་པས། དེ་ལྟར་ཆུ་སྐྱེས་ཐང་མཁའ་འགྲོ་འདུས་སའི་ཁྲོམ་ར་ཞེས་གྲགས་པའི་གནས་མཆོག་ཁྱད་པར་ཅན་གྱི་ས་དེ་ནས་གཞི་ཆགས་སོ།། རེབ་གོང་རུས་མཛོད། [M]པེ་ཅིན། མི་རིགས་དཔེ་སྐྲུན་ཁང་།ཤོག་ངོས༤༤༣

[] རྒྱ་བཟའི་དགེ་བཤེས། རེབ་གོང་རུས་མཛོད། ༢༠༡༠ལོ། [M]པེ་ཅིན། མི་རིགས་དཔེ་སྐྲུན་ཁང་།ཤོག་ངོས་༤༤༢

[] མཆན། བྲག་དགོན་པ་བསྟན་པ་རབ་རྒྱས། མདོ་སྨད་ཆོས་འབྱུང།ཤོག་ངོས་༣༤༢ན། སྟག་ལུང་དཔལ་གྱི་རི་བོ་ན།།ཤེལ་གྱི་འོ་དེ་གུང་རྒྱལ་གྲོལ།།ཅེས་གྲུབ་གནས་ཀྱི་བྲག་ལ་འཚལ་རིས་དང་འབྲུ་གསུམ་རང་བྱོན་ཡོད། དེའི་བྱང་འདབས་ཆུ་ཆའི་ཐང་དུ་ཆུ་སྟོད་ཉི་མའི་འཁོར་ལོ་གྲུབ་པ་ཐོབ།ཞེས་དང། ཤོག་ངོས་༣༢༦ན། ཆུ་ཀྱྰ་སྐུ་སྐྱེས་བློ་བཟང་ཐོགས་མེད་རྒྱ་མཚོ།འདི་བའི་སྐུ་གོང་མ་རིག་འཛིན་བླ་མ་དཔལ་ལྡན་བཀྲ་ཤིས་དང་པོ་འབྲས་སྤུངས་དགེ་བཤེས། སྨིན་གྲོལ་གླིང་དུ་བྱིན།ཞེས་མིང་མི་འདྲ་བ་གཉིས་བྲིས་འདུག་ལ། ཆུ་ཀྱྰ་སྐུ་སྐྱེས་བློ་བཟང་ཐོགས་མེད་རྒྱ་མཚོ་རིག་འཛིན་པའི་སྤྲུལ་སྐུ་ཡིན་པར་བཤད་པ་ཡོངས་སུ་མ་གྲགས་པའི་གཏམ་གསར་བ་ཞིག་རེད། [M]ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོགངོས་༣༤༢

[] མཆན། ཆུ་སྐྱེས་དགེ་སློང་འདི་བའི་མཚན་དངོས་ལ་དགེ་འདུན་བསྟན་འཛིན་ཟེར། ཁོང་རོང་བོ་གྲྭ་ཚང་དུ་ཚོགས་ཞུགས་མཛད། རབ་འབྱམས་དགེ་ལེགས་དོན་ཡོད་དགེ་རྒན་དུ་བསྟེན་ནས་དབུཀློག་སྦྱོར་ནས་ཆོས་སྤྱོད་ཀྱི་རིམ་པ་དང་། རིམ་གྱིས་མདོ་སྔགས་ཀྱི་གཞུང་ཀུན་ལ་སློབ་གཉེར་རང་རྒྱུད་ཟིན་པ་གནང་བའི་རྒྱུས་ཁོང་གི་སློབ་འབངས་༼༡༨༦༦-༡༩༢༨༽ཁྲི་རྒན་འཇམས་དབྱངས་ཐུབ་བསྟན་རྒྱ་མཚོ། བྱ་བྲལ་རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་དགེ་འདུན་བསྟན་འཛིན་དཔལ་བཟང་བོའི་རྟོགས་བརྗོད་མདོར་བསྡུས་དད་པའི་གུར་གུམ་བཞད་པའི་མེ་ཏོགསྣ་རིང་བྲིས་མ་ཤོག་སྡེབ༢༩ཅན། ཆུ་སྐྱེས་མཁའ་འགྲོ་འདུ་རའི་རྣལ་འབྱོར་བ་སྔགས་འཆང་པདྨ་དབང་ཆེན་གྱིས་བྲི་ཞུས་གནང་བ་ཞིག་བཞུགས། ཤོག་ངོས༣

[] མཆན། གླིང་རྒྱ་བླ་མ་ཚེ་རིང་། རེབ་གོང་གསེར་མོ་ལྗོངས་ཀྱི་ཆོས་སྲིད་ཀྱི་བྱུང་བ་བརྗོད་པ་དོད་འབྱུང་གཏེར་གྱི་བུམ་བཟང་།ལས། སྔོན་ཨོ་རྒྱན་ཆེན་པོས་སྲིན་མོ་ཞིག་བཏུལ་བའི་ཚེ་དྲི་ཆུ་འཆོར་བའི་ཤུལ་ཡིན་པས་ན་ཆུ་འཆོར་ཞེས་བཤད། ཅེས་བྲིས་འདུག ཕྱིལོ༢༠༠༢ལོ། [M]ཞང་ཀྰང་། གྱི་ལིང་དཔེ་སྐྲུན་ཁང་། ཤོག་ངོས༨༤

[] མཆན། འཇིགས་མེད་ཐེག་མཆོག རོང་བོ་དགོན་ཆེན་གྱི་གདན་རབས་རྫོགས་ལྡན་གཏམ་གྱི་རང་སྒྲལས།སྟག་ལུང་སྒྲུབ་གནས་ཀྱི་བྱང་འདབས་ཆུ་ཆའི་ཐང་དུ་ཆུ་སྟོན་ཉི་མའི་འཁོར་ལོ་ཟེར་བ་ཞིག་གིས་ཀྱང་ཆོས་གོས་ཉི་ཟེར་ལ་འགེལ་བ་སོགས་ཀྱི་གྲུབ་རྟགས་སྟོན་ནུས་པ་བྱུང་། ཞེས་བྲིས་འདུག ༢༠༡༥ལོ།[M] ལན་ཀྲུའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས༥༤

[11] ཧོར་གཙང་འཇིགས་མེད།མདོ་སྨད་ལོ་རྒྱུས་ཆེན་མོ།ལས་སྡེ་ཚོའི་སྐོར་གྱི་གླེགས་བུམ་གསུམ་པ། ༢༠༠༨ལོ།  [M]ངྷ་རམས་ས་ལ། དྷ་ས་བོད་ཀྱི་དཔེ་མཛོད་ཁང་།ཤོག་ངོས༦༦

[12] མཆན། གྲུབ་ཐོབ་ཆེན་པོ་ཨ་ཉེ་བྱང་ཆུབ་འདྲེ་བཀོལ་འདི་བ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དངོས་ཀྱི་སྤྲུལ་བར་ལྷ་རིགས་རླངས་ཀྱི་རྣམ་ཐར་ཆིག་རྒྱུད་དུ་གསུངས་པ་ལྟར་ལགས་ན།སློབ་དཔོན་རིན་པོ་ཆེ་མདོ་ཁམས་དང་སྒོས་སུ་རེབ་གོང་ཕྱོགས་སུ་ཕེབས་པའི་བཤད་རྒྱུན་དེ་ནི་ཁོང་གི་རྣམ་སྤྲུལ་དུ་འབོད་པ་ཨ་ཉེ་བྱང་ཆུབ་འདྲེ་བཀོལ་བྱོན་མྱོང་བ་འཁྲུལ་གཞིར་བྱས་པར་སྙམ་མོ།།

[13] རྒྱ་བཟའི་དགེ་བཤེས། རེབ་གོང་རུས་མཛོད  ༢༠༡༠ལོ། [M]པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས༤༤༣

[14] ཏྰ་སི་ཏུ་བྱང་ཆུབ་རྒྱལ་མཚན་སོགས་ཀྱིས།རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ།༢༠༡༣ལོ། [M]ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས༧

[15] མཆན། རླངས་ཨ་ཉེ་བྱང་ཆུབ་འདྲེབཀོལ་འདི་བ་མ་འཁྲུངས་པའི་ཡར་སྔོན་ཡབ་སྟག་པོ་ཆེ་དར་དཔལ་གྱིས་མ་ཕམ་གཡུ་མཚོའི་འགྲམ་དུ་གསེར་གྱི་ཤྰཀྱ་མུ་ནེ་བཞེངས། གྲུབ་ཐོབ་སེངྒེ་རབ་གནས་སུ་གདན་དྲངས། གཡུ་སྣང་བ་འོད་ལྡན་ཡོན་དུ་ཕུལ། བྱུ་རུ་བཀྲ་ཤིས་འོད་འབར་གྱིས་མཆོད་རྫས་བྱས་པས་སྒང་བཟང་ལྷ་མོ་ལ་སྲས་གཅིག་འཁྲུངས། གྲུབ་ཐོབ་སེངྒེས་མཚོ་ནི་བཟང་ཞིང་སྲས་འདི་ལྷས་སྤྱན་གྱིས་གཟིགས་པ་ཞིག་བྱུང་། མཚན་ལ་མཚོ་བཟང་ལྷ་གཟིགས་ཐོགས་གསུངས། དེ་ནས་ཁོང་ལ་རླངས་ལྷ་གཟིགས་ཞེས་སུ་གྲགས་སོ།།ཞེསརེབ་གོང་རུས་མཛོདཤོག་ངོས༤༤༡ རླངས་ཨ་ཉེ་བྱང་ཆུབ་འདྲེ་བཀོལ་ནས་བཟུང་རླངས་ཀྱི་མི་རྒྱུད་ལ་རླངས་ལྷ་གཟིགས་ཞེས་ཟེར་རོ།།

[16] རྒྱ་བཟའི་དགེ་བཤེས། རེབ་གོང་རུས་མཛོད༢༠༡༠ལོ།  [M]པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས༤༤༡ 

[17] རྒྱ་བཟའི་དགེ་བཤེས།རེབ་གོང་རུས་མཛོད༢༠༡༠ལོ།  [M]པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས༤༤༡

[18] སྣེ ཏྰ་སི་ཏུ་བྱང་ཆུབ་རྒྱལ་མཚན་སོགས། གངས་ཅན་རིག་མཛོད།དེབ་དང་པོ།རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པཆེ་དགེ་ཡིག་ཚང་དང་། མི་རྒྱུད་གྲོལ་ཐབས་སྐབས། ༢༠༡༣ལོ། [M]ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས༤༦

[19] ཏྰ་སི་ཏུ་བྱང་ཆུབ་རྒྱལ་མཚན་སོགས།རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པལྷ་རིགས་རླངས་ཀྱི་རྣམ་ཐར་ཆིག་རྒྱུད། ༢༠༡༣ལོ།།[G]ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས༡༠༨

[20] མཆན། ཞལ་དཀར་ནི་རྡོ་དཀར་གྱི་བྲག་རི་ཉུལ་བའི་ཤུལ་ཐོགས་རྒོད་རྩེའི་གཡོན་ཟུར་དུ་ཆུ་སྐྱེས་མཁའ་འགྲོའི་ཁྲོམ་རའི་ཕྱོགས་སུ་ཉུལ་ཡོད་པས་རྒྱང་ནས་བལྟས་ན་འབྲི་ཞོ་འོ་མའི་ཆུ་རྒྱུན་འབབ་པ་ལྟ་བུ་ཞིག་ཡིན་པས། ཆུ་སྐྱེས་ཞལ་དཀར། ཞེས་ཡུལ་འདི་ནས་སྐྱེས་པའི་བུ་མོ་རྣམས་གཟུགས་བཟང་ལྟ་ན་སྡུག་པ་ཉིད་དུ་བཤད་རྒྱུན་ཡོད། ཐོགས་རྒོད་རྩེ་ནི་ཡུལ་དེའི་གཞི་བདག་མཐུ་རྩལ་ཅན། བསང་བསྟོད་དུ། ལྷོ་ཕྱོགས་རྫ་རི་སྨུག་པོའི་ནང་ཤུལ་ན་བཞུགས་པ། རྫ་གཡའ་མ་སྔོན་མོའི་གུར་ནང་ན་བཞུགས་པ། མི་ནག་རྟ་ནག་ལ་བཅིབས་པ། རྟ་ནག་དྭངས་དཀར་ལ་བཅིབས་པ་ཞིག་ཡིན་ཞེས་འབོད་ས་གླེང་ས་གང་ཡིན་དུ་ཁ་ནས་མི་འབོར་བ་ཞིག་ཡིན་པར་ཆུ་སྐྱེས་དཔོན་ཚང་སངས་རྒྱས་བཀྲ་ཤིས་ཀྱི་བསང་དཔེ་ལས་དྲངས། སྣ་ཐུང་བྲིས་མ་ཤོག་སྡེབ་༡༢ཅན།

[21] རྒྱ་བཟའི་དགེ་བཤེས། རེབ་གོང་རུས་མཛོད༢༠༡༠ལོ།  [M]པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས༤༤༢

[22] མཆན། རླངས་དཔལ་གྱི་སེང་གེ་ཕྱི་མ་ནི། ལྷ་གཟིགས་རླངས་ཀྱི་གདུང་ལས། ཡབ་ཨ་མྱེས་བྱང་ཆུབ་འདྲེ་བཀོལ་ཞེས་པ་ལོ་བརྒྱད་ནས་ཨོ་རྒྱན་གྱི་ཡུལ་དུ་བྱོན་པ་དང་། སྲིན་པོ་བཏུལ་བ་དང་། གླིང་རྗེ་གེ་སེར་གྱིས་གླིང་ཡུལ་དུ་ལན་གཉིས་ལ་གདན་དྲངས་ནས་ཕྱོགས་བཞིའི་འདྲེ་ཆེན་པོ་བཞི་བཏུལ་ཅིང་། ལྷ་སྲིན་བྲན་བཀོལ་བ་དེ་དང་། ཡུམ་ཇོ་མོ་སྐལ་ལྡན་མ་གཉིས་ལ་སྲས་གསུམ་ཡོད་པའི་ཆེ་བར་འཁྲུངས། ཞེས་བཀོད་འདུག ཀོང་སྤྲུལ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་བསྒྲིགས། ཟབ་མོའི་གཏེར་དང་གཏེར་སྟོན་གྲུབ་ཐོབ་ཇི་ལྟར་བྱོན་པའི་ལོ་རྒྱུས་མདོར་བསྡུས་སུ་བཀོད་པ་རིན་ཆེན་བཻཻདྲྰུརྱའི་ཕྲེང་བ[G]༡༩༨༧ལོ། ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས༤༠

[23] ཀོང་སྤྲུལ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་བསྒྲིགས། ཟབ་མོའི་གཏེར་དང་གཏེར་སྟོན་གྲུབ་ཐོབ་ཇི་ལྟར་བྱོན་པའི་ལོ་རྒྱུས་མདོར་བསྡུས་སུ་བཀོད་པ་རིན་ཆེན་བཻཻདྲྰུརྱའི་ཕྲེང་བ[G]  ༡༩༨༧ལོ། ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས༤༠

[24] མཆན། རླངས་དཔལ་གྱི་སེང་གེ་སྔ་མ་ནི། རླངས་ཀྱི་གྲུབ་ཐོབ་ཐོག་མ་གྲུབ་ཐོབ་ཆེན་པོ་བློ་གྲོས་མི་ཟད་པ་དང་། གཉིས་པ་རླངས་ཀྱི་གྲུབ་ཐོབ་ཆེན་པོ་དཔལ་གྱི་སེང་གེ་ཞུ་བ་སྟོད་རྒྱ་གར་དུ་བྱོན་ནས་དུང་དང་གསེར། ཟངས་དང་གཡུ་སོགས་རིན་ཆེན་སྣ་ལྔའི་ལྷ་ཁང་བཞེངས་མཁན་ལྷ་གཟིགས་རླངས་ཀྱི་གྲུབ་ཐོབ་སྐད་གྲགས་ཅན་དེ་ཡིན།

[25] མཆན། འབྲི་གུང་འཇིག་རྟེན་མགོན་པོ།༼༡༡༤༣-༡༢༡༧༽འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོས་རབ་བྱུང་གསུམ་པའི་ས་ཕག(༡༡༧༩)ལོ་ལ་འབྲི་གུང་དགོན་པ་བཏབ་རྗེས་གདན་ས་པ་རིམ་པར་བྱུང་བའི་ལྔ་བ་གཅུང་རིན་པོ་ཆེའི་དུས་སུ་སྒོམ་པ་ལ་ཁྲི་དཔོན་གྱི་འཇའ་ས་ཐོབ་པ་ནས་བྱར་དྭགས་པོ་ཚུན་ལ་ལུང་བསྒྱུར།

[26] ཏྰ་སི་ཏུ་བྱང་ཆུབ་རྒྱལ་མཚན་སོགས། གངས་ཅན་རིག་མཛོད།དེབ་དང་པོ།རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ།ཆེ་དགེ་ཡིག་ཚང་དང་། མི་རྒྱུད་གྲོལ་ཐབས་སྐབས། ༢༠༡༣ལོ།  [M]ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས༤༦

[27] ཏྰ་སི་ཏུ་བྱང་ཆུབ་རྒྱལ་མཚན་སོགས། གངས་ཅན་རིག་མཛོད།དེབ་དང་པོ།རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ།ཆེ་དགེ་ཡིག་ཚང་དང་། མི་རྒྱུད་གྲོལ་ཐབས་སྐབས། ༢༠༡༣ལོ། [M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས༤༨

[28] མཆན། བྱང་ཆུབ་འདྲེ་བཀོལ་གྱི་བུ་དང་ཚ་བོ་སློབ་མ་རྣམས་ཀྱིས་སེམས་ཅན་གྱི་དོན་དུ་འཇིག་རྟེན་འདིར་ཡུན་རིང་བོར་བཞུགས་པར་གསོལ་བ་ལ། ལན་དུ་ཁོང་གིས།ང་རྣལ་འབྱོར་བའི་ལུས་འདི་དག་ལ། བོད་དུ་འདུག་པ་དེ་ཙམ་ཡིན། མི་ལོ་བརྒྱ་དང་བརྒྱད་བར་བསྡད། དེ་ལ་ལྷ་འདྲེ་མ་ཐུལ་ན། རྒས་ནས་ལྷ་འདྲེ་ངས་མི་ཐུལ། ཞེས་ཁོང་དགུང་ལོ་བརྒྱ་དང་བརྒྱད་བཞུགས་པར་གསུངས་པའི་ཆེ་དགེ་ཡིག་ཚང་འདི་ལ་ཁུངས་བཅོལ་ཡོད་པར་སྙམ།རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ།ཆེ་དགེ་ཡིག་ཚང་དང་། མི་རྒྱུད་གྲོལ་ཐབས་སྐབས། ༢༠༡༣ལོ།  [M]ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས༧༣

[29] མཆན།འདིའི་ཐད་ཀྱི་ཨ་ཉེ་བྱང་ཆུབ་འདྲེ་བཀོལ་གྱི་ལུང་བསྟན་ནི། ང་རྣལ་འབྱོར་པདྨའི་ཐུགས་སྤྲུལ་ཡིན། བཙུན་མོ་ཡེ་ཤེས་མཁའ་འགྲོ་ཡིན། ཡོན་བདག་གླིང་རྗེ་གེ་སར་འདི། ཁྲི་སྲོང་ལྡེ་བཙུན་གྱི་སྤྲུལ་བ་ཡིན། ཞེས་པའི་ཆེ་དགེ་ཡིག་ཚང་འདི་ལ་ཁུངས་བཅོལ་ཡོད་པར་སྙམ།རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ།ཆེ་དགེ་ཡིག་ཚང་དང་། མི་རྒྱུད་གྲོལ་ཐབས་སྐབས། ༢༠༡༣ལོ།  [M]ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས༧༤

[30] ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུ།བོད་རྗེ་ལྷ་བཙན་པོའི་གདུང་རབས་ཚིག་ཉུང་དོན་གསལ༢༠༠༦ལོ།  [M]པེ་ཅིན། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས༥༡

[31] མཆན། སྐབས་འདིའི་བདག་གི་རྩ་བའི་བླ་མ་ཞེས་པ་པཎ་ཆེན་སྐུ་ཕྲེང་བཞི་བའི་ཡོངས་འཛིན་བློ་བཟང་ཚུལ་ཁྲིམས་ཡིན་ནོ།།

[32] ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུ།བོད་རྗེ་ལྷ་བཙན་པོའི་གདུང་རབས་ཚིག་ཉུང་དོན་གསལ༢༠༠༦ལོ།  [M]ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས་༥༡

[33] ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུ།བོད་རྗེ་ལྷ་བཙན་པོའི་གདུང་རབས་ཚིག་ཉུང་དོན་གསལ༢༠༠༦ལོ།  [M]པེ་ཅིན། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས༥༢

[34] ཏྰ་སི་ཏུ་བྱང་ཆུབ་རྒྱལ་མཚན་སོགས། གངས་ཅན་རིག་མཛོད།དེབ་དང་པོ།རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པཆེ་དགེ་ཡིག་ཚང་དང་། མི་རྒྱུད་གྲོལ་ཐབས་སྐབས། ༢༠༡༣ལོ། [M]ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས༧༣

[35]  མཆན། ཕག་གྲུའི་ཁྲི་དཔོན་རྒྱལ་བ་རིན་པོ་ཆེ་གྲགས་པ་བརྩོན་འགྲུས་ཀྱི་མཚན་གཞན་ལ་རྒྱལ་བ་ཐོག་རྡུགས་པ་ཞེས་བྲིས་ཡོད་པས་མིང་གི་རྣམས་གྲངས་སོ།།

[36] ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུ།བོད་རྗེ་ལྷ་བཙན་པོའི་གདུང་རབས་ཚིག་ཉུང་དོན་གསལ༢༠༠༦ལོ།  [M]པེ་ཅིན། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས༥༢

[37] ཏྰ་སི་ཏུ་བྱང་ཆུབ་རྒྱལ་མཚན་སོགས། གངས་ཅན་རིག་མཛོད།དེབ་དང་པོ།རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ།ཆེ་དགེ་ཡིག་ཚང་དང་། མི་རྒྱུད་གྲོལ་ཐབས་སྐབས། ༢༠༡༣ལོ། [M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས༤༨

[38]བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།བདུད་འཇོམས་ཆོས་འབྱུང༡༩༩༦ལོ། [M] ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་༡༡༣

[39] མཆན། བོད་དུ་ཅི་ཙམ་བཞུགས་པ་ཡང་།ཞེས་པ་ནས། ལོ་རིལ་པོ་ལྔ་བཅུ་ང་ལྔ་དང་ཟླ་དྲུག་བཞུགས། ཞེས་གསུངས།བདུད་འཇོམས་ཆོས་འབྱུང༡༩༩༦ལོ།  [M]ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས༡༣༡

[40] ཏྰ་སི་ཏུ་བྱང་ཆུབ་རྒྱལ་མཚན་སོགས།རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པལྷ་རིགས་རླངས་ཀྱི་རྣམ་ཐར་ཆིག་རྒྱུད། ༢༠༡༣ལོ།  [M]ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས༡༠༨

[41] མཆན། ཆབ་སྤེལ་ཚེ་ཏན་ཕུན་ཚོགས།རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པརྩོམ་པ་བོའི་ལོ་རྒྱུས་སྐབས། ༢༠༡༣ལོ།  [M]ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས༡

[42] རྒྱ་བཟའི་དགེ་བཤེས། རེབ་གོང་རུས་མཛོད༢༠༡༠ལོ།  [M]པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས༤༤༡

[43] རྒྱ་བཟའི་དགེ་བཤེས།  རེབ་གོང་རུས་མཛོད༢༠༡༠ལོ།  [M]པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས༤༤༢

[44] མཆན། ལྷ་རིགས་འཕན་པོ་ཆེ་རླངས་ནས་མི་རབས་ཉི་ཤུ་སོང་རྗེས་མདོ་ཁམས་སུ་རླངས་གཉན་ཐོག་ཨ་ཁྲོམ་གྱི་གདུང་རྒྱུད་ཡོན་ཆེན་རྒྱལ་བ་སྐྱབས་ཀྱི་སྲས་སུ་སྤྱན་སྔ་གྲགས་པ་འབྱུང་གནས་འཁྲུངས་པ་དེས་འཕགས་མོ་གྲུ་བ་རྡོ་རྗེ་རྒྱལ་བོའི་དངོས་སློབ་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོ་བླ་མར་བསྟེན་པ་དང་། སྐྱོབ་པ་འཇིག་རྟེན་མགོན་པོའི་བཀའ་ལྟར་ཕག་མོ་གྲུ་པའི་གདན་ས་ཐིལ་གྱི་བླ་མ་མཛད་པ་དེ་ནས་ལྷ་རིགས་རླངས་ཀྱི་གདུང་རྒྱུད་ཀྱིས་ཕག་མོ་གྲུ་པའི་གདན་ས་འཛིན་སྐྱོང་སྤེལ་གསུམ་གནང་བའི་ཆོས་རྒྱུད་དང་།རུས་རྒྱུད་ཀྱི་མིང་གཅིག་ཏུ་འདྲེས་ཏེ་ཕག་གྲུ་རླངས་ཀྱི་གདུང་རྒྱུད་ཅེས་བྱ་བ་བོད་རྗེ་མིའུ་གདུང་དྲུག་གི་ཡ་གྱལ་མངོན་པར་གསལ་བའི་གྲགས་པ་ཐོབ།ཅེས་ཆབ་སྤེལ་གསུངས་སོ།།ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ནོར་བྲང་ཨོ་རྒྱན་གྱིས་རྩོམ་སྒྲིག་བྱས།བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བབར་ཆ། ༡༩༩༠ལོ།  [M]ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས༡༦༢

[45] མཆན། ཕག་གྲུ་བཀའ་བརྒྱུད་ཀྱི་བླ་རབས་དང་པོ་རླངས་ལྷ་གཟིགས་ཀྱི་གདུང་རྒྱུད་འཁྲུལ་མེད་ཕག་གྲུ་རྡོ་རྗེ་རྒྱལ་པོ་ནི་ཕྱི་ལོ༡༡༡༠ལོར་འབྲི་ལུང་སྣེ་ཤོད་ཡུལ་དུ་ཡབ་དབས་ཝེ་ན་ཨ་ཐར་དང་ཡུམ་རེ་འབྱེ་བཟའ་བཙུན་ནེ་གཉིས་ཀྱི་སྲས་སུ་འབྲི་ལུང་སྣེ་ཤོད་༼མདོ་ཁམས་འབྲི་ཆུའི་རྒྱུད་སྨེ་ཤོདཀྱི་སྟག་ངོས་སབ་ཁང༽ཕག་གྲུ་རླངས་ཀྱི་གདུང་རྒྱུད་དུ་སྐུ་འཁྲུངས་ཤིང་། དྭགས་པོ་ལྷ་རྗེའི་སློབ་མ་ཡིན། ཁོང་དགུང་ལོ་ཞེ་དགུ་པ་རབ་བྱུང་གསུམ་པའི་ས་སྟག༼ཕྱི་ལོ༡༡༥༨༽ལོར་ཕག་གྲུའི་གདན་ས་ཐིལ་བཏབ་སྟེ་གནས་གཞི་བཟུང་བས་དེ་ནས་ཕག་གྲུ་བཀའ་བརྒྱུད་ཀྱི་ཆོས་རྒྱུད་བྱུང་། སྐབས་དེར་རེབ་གོང་རྒྱལ་བོ་རླངས་ཚང་གི་མི་སྡེ་ཀུན་གྱིས་ཞལ་འདེབས་བསྡུས་ནས་རང་གི་མེས་པོ་གོང་མའི་གདན་ས་ཕག་གྲུའི་དགོན་པར་བསྐྱལ་བའི་རྒྱུས་རེབ་གོང་རུས་མཛོད་ཀྱི་གཞུང་དངོས་ན་གསལ་ལ། ཕག་གྲུའི་གདུང་རྒྱུད་ཀྱིས་མི་ལོ་སུམ་རྒྱར་ཉེ་བ་ཙམ་དུ་བོད་ཆོལ་ཁ་གསུམ་གྱི་དབང་འཛིན་གནང་བ་དང་། ཏྰ་སི་ཏུ་བྱང་ཆུབ་རྒྱལ་མཚན་ནམ་ཕག་གྲུ་བྱང་ཆུབ་རྒྱལ་མཚན་ཞུ་བ་ཕག་གྲུ་རླངས་ཀྱི་གདུང་རྒྱུད་མ་ནོར་བ་དེས་ཕྱི་ལོ་༡༣༢༢ལོར་སྣེ་གདོང་དུ་ཕག་གྲུའི་ཁྲི་དཔོན་མཛད་པ་ནས་ཕྱི་ལོ༡༣༧༣བར་གྱི་གནས་ཚུལ་ཏྰ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་བཀའ་ཆེམས་མཐོང་བ་དོན་ལྡན་དུ་གསལ།

[46] རྒྱ་བཟའི་དགེ་བཤེས། རེབ་གོང་རུས་མཛོད༢༠༡༠ལོ། [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས༤༤༤

[47] མཆན། བརྒྱལ་བུ་རླངས་ཚང་ཉི་མ་དྲག་འཛིན་དང་ཚ་བཟའ་རྡོ་རྗེ་སྐྱིད་གཉིས་ལ་སྲས་དྲུག་བྱུང་བ་རྣམས་ཀྱིས་ཀླུ་ཆུ་དང་རྨ་ཆུའི་བར་རྒྱུད་གསེར་ལུང་བྲག་སྐྱིབས་སུ་གཞི་ཆགས། སྲས་དྲུག་པོའི་ནང་ནས་འབྲིང་བོ་བཞི་ནི་རབ་བྱུང་དང་པོའི་ས་གླང་ལོར་རེབ་གོང་གསེར་མོ་ལྗོངས་སུ་གཞི་ཆགས། ཞེས་བྲིས་འདུག

རྒྱ་བཟའི་དགེ་བཤེས། རེབ་གོང་རུས་མཛོད༢༠༡༠ལོ། [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས༤༤༤

[48] རྒྱ་བཟའི་དགེ་བཤེས། རེབ་གོང་རུས་མཛོད༢༠༡༠ལོ།  [M]པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས༤༤༩

[49] མཆན། རླངས་ཚང་འཆི་མེད་རྡོ་རྗེ་ལ་སྲས་མིང་སྲིང་ལྔ་བྱུང་བའི་གཉིས་པ་འཇམ་དབྱངས་སྐྱབས། བཞི་བ་འཕགས་པ་རྒྱལ། ལྔ་བ་གསང་བདག་རྡོ་རྗེ་གསུམ་ལ་བརྒྱལ་བུ་རླངས་ཚང་གི་མཁས་ཆེན་སྤུན་གསུམ་དུ་གྲགས་ཤིང་། སྐབས་དེར་རང་གི་གདུང་རྒྱུད་ལ་བརྩིས་སུ་བྱེད་མཁན་ཡང་ཁོང་རྣམ་པ་གསུམ་ཡིན་ཕྱིར་ཡིག་ཚང་དུའང་སྐྱེས་བུ་ཆེན་པོ་ཞེས་ཆེད་དུ་བསྔགས་པ་དང་། རེབ་གོང་རུས་མཛོད་འབྲི་བ་བོས་ཀྱང་ཆེད་དུ་སྐུ་དྲིན་ལ་རྗེས་སུ་ཡི་རངས་པའི་གསུངས་ཀྱང་བྱོན་འདུག

[50] མཆན། ། རིག་འཛིན་བླ་མ་དཔལ་ལྡན་བཀྲ་ཤིས་ཀྱི་སྐུ་གོང་མ་ཆུ་ཀྱྰ་སྐུ་སྐྱེས་བློ་བཟང་ཐོགས་མེད་རྒྱ་མཚོ་ཡིན་པར་བྲིས་འདུག་ལ། ཁོང་གི་རང་རྣམ་ན་མི་འདུག གཞན་ཡང་གྲུབ་མཐའི་འཐེན་འཁྱེར་གྱིས་མཁན་ཆེན་དང་གཏོར་མ་འཕེན་རེས་བྱས་པའི་གཏམ་རྒྱུད་ངོ་མཚར་བ་ཞིག་ཀྱང་སྣང་། དེ་མིན་ཆུ་སྐྱེས་ལ་ཆུ་ཀྱྰ་ཞེས་འབྲི་སྲོལ་གསར་བ་ཞིག་ཀྱང་བྱུང་འདུག བྲག་དགོན་པ་བསྟན་པ་རབ་རྒྱས། མདོ་སྨད་ཆོས་འབྱུང༡༩༨༧ལོ། [M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་༣༢༦

[51] ཧཱུཾ་ཆེན་སོགས་ཀྱིས་བསྒྲིགས། རེབ་གོང་སྔགས་མང་གི་ལོ་རྒྱུས་ཕྱོགས་བསྒྲིགས། ༢༠༠༤ལོ། [G]པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས༦༨༢

[52] རྒྱ་བཟའི་དགེ་བཤེས། རེབ་གོང་རུས་མཛོད།  ༢༠༡༠ལོ། [M]པེ་ཅིན། མི་རིགས་དཔེ་སྐྲུན་ཁང་།ཤོག་ངོས༤༤༢

[53] ཧཱུཾ་ཆེན་སོགས་ཀྱིས་བསྒྲིགས། རེབ་གོང་སྔགས་མང་གི་ལོ་རྒྱུས་ཕྱོགས་བསྒྲིགས། ༢༠༠༤ལོ། [G] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས༦༨༢

[54] མཆན། ཆུ་སྐྱེས་མཁའ་འགྲོ་འདུ་རའི་རྣལ་འབྱོར་བ་སྔགས་འཆང་པདྨ་དབང་ཆེན་གྱི་ཐུགས་ན་ཡོད་པ་ཇི་བཞིན་ཆུ་སྐྱེས་སྔགས་ཕྲུག་རིན་ཆེན་བཀྲ་ཤིས་ཀྱིས་ཡི་གེར་བྲིས་པ་བཞིན་བཀོད།

[55] ཧཱུཾ་ཆེན་སོགས་ཀྱིས་བསྒྲིགས། རེབ་གོང་སྔགས་མང་གི་ལོ་རྒྱུས་ཕྱོགས་བསྒྲིགས།༢༠༠༤ལོ། [G] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས༦༨༠

[56] ཧཱུཾ་ཆེན་སོགས་ཀྱིས་བསྒྲིགས། རེབ་གོང་སྔགས་མང་གི་ལོ་རྒྱུས་ཕྱོགས་བསྒྲིགས།༢༠༠༤ལོ། [G] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས༦༧༥

[57]  ཧཱུཾ་ཆེན་སོགས་ཀྱིས་བསྒྲིགས།རེབ་གོང་སྔགས་མང་གི་ལོ་རྒྱུས་ཕྱོགས་བསྒྲིགས།༢༠༠༤ལོ། [G] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས༦༧༥

[58] ཧཱུཾ་ཆེན་སོགས་ཀྱིས་བསྒྲིགས།རིག་འཛིན་དཔལ་ལྡན་བཀྲ་ཤིས་ཀྱིགསུང་རྩོམ་ཕྱོགས་བསྒྲིགས། ༢༠༠༤ལོ། [G] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས༤

[59] ཧཱུཾ་ཆེན་སོགས་ཀྱིས་བསྒྲིགས།རིག་འཛིན་དཔལ་ལྡན་བཀྲ་ཤིས་ཀྱིགསུང་རྩོམ་ཕྱོགས་བསྒྲིགས། ༢༠༠༢ལོ། [G] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས༨༩

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།