༄༅། །དོན་རྒྱན་སོ་ལྔ་ལས་རང་བཞིན་བརྗོད་པ་དང་དཔེ་རྒྱན་གྱི་དཔེར་བརྗོད།

15d340afb65843eab75cd808be8050f320180524140731.jpeg

༡ རིགས་རང་བཞིན་བརྗོད་པ།

གཞུང་ལུགས་རབ་འབྱམས་འཆད་པའི་སྤོབས་པ་མཐོ། །

སྡེབ་ལེགས་སྙན་ཚིག་རྩོམ་ལ་རང་དབང་འབྱོར། །

ཕས་རྒོལ་གཞོམ་བྱེད་རྩོད་པའི་རིགས་ལམ་རྣོ། །

དཔྱོད་ལྡན་མཁས་རྣམས་འཇིག་རྟེན་འདི་ཡི་རྒྱན། །


༢བྱ་བ་རང་བཞིན་བརྗོད་པ།

ཟླ་བྲལ་དཔའ་བའི་སྙིང་སྟོབས་ཀྱིས་བསྐུལ་པའི། །

མི་ལྡོག་ཐོགས་མེད་ཉག་ཕྲན་རྣོན་པོ་ཡིས། །

བདུད་རྗེའི་དཔྲལ་བ་གཏོར་པའི་སེང་ཆེན་དཔོན། །

དཀར་མིན་ལས་ལ་ཞུགས་པ་ཡོངས་ཀྱི་དགྲ ། 


༣ ཡོན་ཏན་རང་བཞིན་བརྗོད་པ།

ཡིད་འོང་རབ་མཛེས་དཀར་གསལ་ཞལ་གྱི་མདངས། །

དགྱེས་པའི་སྤྱན་ཟུང་གཡོ་བའི་ཟུར་མིག་དེས། །

མཚུངས་མེད་སྙན་ཚིག་རྩོམ་པའི་རྣམ་དཔྱོད་ཞིག །

སྐལ་བཟང་བདག་གི་ཡིད་ལ་གསར་དུ་བྱིན། །


༤ རྫས་རང་བཞིན་བརྗོད་པ། །

དུམ་གཅིག་མཚན་ལྡན་བྷནྡྷའི་སྣོད་མཆོག་ཏུ། །

སྲིད་ཞིའི་ཚེ་བཅུད་འཁྱིལ་པའི་བུམ་པ་བཟང། །

གཡོ་མེད་མཉམ་བཞག་སྟེང་ན་རབ་མཛེས་པའི། །

བདེ་ཆེན་མཁའ་འགྲོའི་ཚོགས་རྗེ་པདྨ་འབྱུང། །


༡ ཆོས་དཔེ།

མཚོ་བྱུང་ཚངས་སྲས་ལྷ་མོའི་ལང་ཚོ་ནི། །

སྟོན་ཟླ་གསར་བ་ཇི་བཞིན་རབ་ཏུ་དཀར། །

འཛུམ་པའི་མཆུ་སྒྲོས་དམར་པོ་གཡོ་བའི་མདངས། །

མཁའ་དབྱིངས་གློག་གི་ཕྲེང་བའི་རྗེས་སུ་འགྲོ། །


༢ དངོས་དཔེ།

རྒྱལ་ཀུན་མཁྱེན་རབ་ཡོན་ཏན་གཅིག་བསྡུས་པའི། །

ལྷ་མཆོག་འཇམ་དཔལ་གཞོན་ནུའི་མཛེས་སྐུ་ནི། །

བཅུ་དྲུག་གསེར་སྦྱངས་གཙོ་མའི་རི་བོ་ཉིད། །

གུར་གུམ་ཆབ་ཀྱིས་བྲན་དང་ཀུན་ནས་མཚུངས། །


༣ བཟློག་པའི་དཔེ།

་མཛེས་པའི་ཆ་ཤས་ཀུན་ནས་རྫོགས་པ་ཡི། །

ངག་དབང་དབྱངས་ཅན་ལྷ་མོའི་དགྱེས་ཞལ་བཞིན། །

སྟོན་མཚན་མཁའ་ལ་འཕགས་པའི་རི་བོང་འཛིན། །

རབ་དཀར་འོད་ཀྱི་སྣང་བ་ཕྱོགས་ཀུན་འཕྲོ། །


༤ ཕན་ཚུན་གྱི་དཔེ།

ངག་དབང་དབྱངས་ཅན་བཞད་པའི་ཚེམས་བཟང་དང། །

ཀུན་ནས་ཉེར་མཚུངས་གངས་རིའི་ཕྲེང་བ་སྟེ། །

ཁ་བའི་ས་འཛིན་དངར་བའི་མུ་ཁྱུད་བཞིན། །

ཚངས་སྲས་འཛུམ་ཞལ་བཞི་བཅུའི་ཚེམས་ཕྲེང་དཀར། །


༥ ངེས་པའི་དཔེ།

མཐའ་བྲལ་བློ་འདས་ཟབ་མོ་དབུ་མའི་དོན། །

མ་ནོར་རྩོད་འཆད་རྩོམ་ལ་དབང་འབྱོར་པའི། །

འཇམ་མགོན་མི་ཕམ་ཀླུ་ཡི་དབང་པོ་དང། །

ཉེ་བར་མཚུངས་ཀྱི་དཔེར་འོས་གཞན་ཡོད་མིན། །


༦ ངེས་མེད་ཀྱི་དཔེ།

ཀུན་གཟིགས་བླ་མ་དགེ་ལེགས་ཆོས་འཕེལ་ཉིད། །

དགྲ་བཅོམ་གནས་བརྟན་ཉེ་བར་འཁོར་དང་མཚུངས། །

དེ་ལྟའི་ཆོས་འདུལ་ཀུན་སྤྱོད་རབ་གཙང་བ། །

སྲིད་འདིར་མཆིས་ན་དེ་ཡང་དཔེ་རུ་འོས། །


༧ བསྡུས་པའི་དཔེ།

མཚུངས་མེད་བཤེས་གཉེན་ཁྱོད་ཀྱི་ཞལ་བཟང་ལས། །

འཛད་མེད་ལེགས་བཤད་འབྱུང་བ་འདི་ཁོ་ནས། །

མཁས་མཆོག་དབྱིག་གཉེན་རྗེས་སུ་འགྲོ་མིན་ཏེ། །

མཐའ་ཡས་གསུངས་རབ་ཐོས་པ་འདིས་ཀྱང་ངོ་། །


༨ཕུལ་བྱུང་གི་དཔེ།

ལྔ་རིག་སྨྲ་བའི་དབང་པོ་མི་ཕམ་རྗེ། །

མཁྱེན་པའི་གཏེར་གྱུར་རྗེ་བཙུན་འཇམ་དབྱངས་དང་། །

མཐོན་མཐིང་རལ་པའི་ཟུར་ཕུད་མཛེས་པ་འདིས། །

ཐ་དད་འབྱེད་ཀྱི་ཁྱད་ཆོས་གཞན་དག་དབེན། །

 

༩ རབ་བཏགས་ཀྱི་དཔེ།

མཁྱེན་གཏེར་ཟུར་ཕུད་ལྔ་པའི་སྐུ་ཡི་མདངས། །

ཡོད་ཅེས་གུར་གུམ་གཞོན་ནུ་སྙེམས་མི་འཚལ། །

འཆར་ལ་མངོན་པར་ཕྱོགས་པའི་ཉིན་བྱེད་དང། །

འགྲོགས་པའི་འཚམས་སྤྲིན་གསར་པར་དེ་ཡོད་ཕྱིར། །


༡༠ རྨད་བྱུང་གི་དཔེ།

ཡིད་འོང་འཚམས་སྤྲིན་སོ་མས་ཉེར་འཁྱུད་པའི། །

བཅུ་དྲུག་གསེར་སྦྱངས་རྡུལ་བརྩེགས་ས་འཛིན་ངོས། །

དཔག་ཡས་བསོད་ནམས་ཀྱིས་བསྐྲུན་མཚན་དཔེའི་དཔལ། །

མངོན་པར་རྫོགས་ན་རྒྱལ་པའི་སྐུ་དང་མཚུངས། །

 

༡༡ རྨོངས་པའི་དཔེ།

སྙིང་སྡུག་ན་ཆུང་བུ་མོའི་མྱོས་བུམ་དུ། །

འཁྲུལ་ཏེ་མཐའ་བྲལ་ཀུན་གསལ་མཁའ་ངོས་སུ། །

ལིང་ལིང་གཡོ་བའི་རབ་དཀར་ཆུ་འཛིན་ལ། །

རིངས་པའི་སྟབས་ཀྱིས་རེག་པའི་ལས་ལ་བྲེལ། །


༡༢ ཐེ་ཚོམ་གྱི་དཔེ།

བསྒྲང་ཡས་རྒྱུ་སྐར་ཚོགས་ཀྱིས་ཡོངས་སྐོར་དབུས། །

ཉ་གང་ཟླ་གཞོན་འཆར་པའི་ལང་ཚོ་འམ། །

དྲི་ཟའི་ན་ཆུང་དཀྱིལ་ན་ཡིད་འོང་པའི། །

ཚངས་སྲས་དབྱངས་ཅན་བཞུགས་སྙམ་འཕྱོང་མོ་ཉུག །


༡༣ གཏན་ལ་འབེབས་པའི་དཔེ།

བསིལ་འཇམ་འོད་སྣང་དཀར་པོའི་ཐིག་ཕྲེང་ཅན། །

ཉ་གང་སྟོན་ཟླའི་དཔལ་དང་ཉེར་མཚུངས་ཡང། །

སྙན་འཇེབས་ངག་གི་དངོས་གྲུབ་སྩོལ་ནུས་ཕྱིར། །

ཚངས་སྲས་དབྱངས་ཅན་ཡིན་ཞེས་ངེས་པ་རྙེད། །


༡༤ སྦྱར་པའི་དཔེ།

སྒྲིབ་པའི་མུན་པ་སྟུག་པོའི་དགྲར་གྱུར་ཞིང། །

སྣང་བའི་དཔལ་ཡོན་ཅི་དགར་སྩོལ་པའི་གཉེན། །

འཛད་མེད་འོད་ཟེར་སྟོང་གི་དྲྭ་བ་ཅན། །

བརྟན་པའི་འཁོར་ལོ་ཉིན་མོར་བྱེད་དང་མཚུངས། །


༡༥ མིང་གཅིག་ལ་དོན་མི་འདྲ་བའི་མཉམ་ཉིད།

རྒྱལ་ཀུན་མཁྱེན་པའི་རང་གཟུགས་འཇམ་པའི་དཔལ། །

དམར་སེར་ཉིན་མོར་བྱེད་པའི་ལང་ཚོ་བཞིན།

རྨད་བྱུང་སྣང་བའི་དཔལ་གྱིས་རབ་འཁྱུད་ཅིང་། །

འཇིགས་རུང་མུན་པའི་དགྲ་ལས་རྣམ་པར་རྒྱལ། །


༡༦ སྨད་པའི་དཔེ།

སྟོན་གྱི་ཟླ་གཞོན་དཀར་ཡང་མཚན་དཔེས་དབེན། །

དྲི་ཟའི་བུ་མོ་མཛེས་ཀྱང་སྡུག་བདེན་གཟུགས། །

ལེགས་བྱས་སྟོང་གིས་བསྐྲུན་པའི་ཚངས་སྲས་སྐུ། །

ཚུལ་དེས་མཚུངས་པ་ལས་ཀྱང་ཁྱད་དུ་འཕགས། །


༡༧ བསྔགས་པའི་དཔེ།

སུམ་གཉིས་འཛམ་གླིང་ཁྱོན་ལ་དབང་བསྒྱུར་ཞིང་། །

མདོ་སྔགས་གཙུག་ལག་རིག་པས་བསིལ་ལྡན་ལྗོངས། །

བཅུད་ལྡན་སྣོད་དུ་བསྒྱུར་མཛད་མེས་དབོན་དང་། །

ཀུན་ནས་མཚུངས་སོ་ངག་གི་དབང་པོའི་སྡེ། །


༡༨ བརྗོད་འདོད་ཀྱི་དཔེ།

དཔག་ཡས་རྒྱུ་སྐར་བཀོད་པས་རབ་མཛེས་པའི། །

ཕ་མཐའ་བྲལ་བའི་འཆི་མེད་ལམ་ཡངས་པོ། །

ཀུན་གཟིགས་བླ་མའི་ཐུགས་དང་མཚུངས་སོ་ཞེས། །

ཇི་ལྟར་གྱུར་ཀྱང་བདག་གི་ཡིད་ངོར་ཤར། །


༡༩ འགལ་བའི་དཔེ།

སྟོན་མཚན་མཁའ་དབྱིངས་འཕགས་པའི་རི་བོང་འཛིན། །

ཉིན་བྱེད་འོད་ཀྱིས་ཉེར་འཁྱུད་གངས་ཀྱི་རི། །

ངག་དབང་དབྱངས་ཅན་ལྷ་མོའི་དགྱེས་ཞལ་རྣམས། །

ཕན་ཚུན་རྣམ་པར་འགལ་ཞེས་བདག་གིས་སེམས། །


༢༠ དགག་པའི་དཔེ།

འདུས་བྱས་རྡུལ་མང་བརྩེགས་པས་རབ་གྲུབ་ཅིང་། །

མཁྱེན་རབ་ཡེ་ཤེས་མཆོག་དང་མ་འགྲོགས་པའི། །

འཆར་ཀའི་ཉིན་མོར་བྱེད་པའི་ལང་ཚོ་དེས། །

ཟུར་ཕུད་ལྔ་བའི་མཛེས་སྐུར་འགྲན་བཟོད་མིན། །


༢༡ ངོ་བསྟོད་ཀྱི་དཔེ།

ཚངས་སྲས་དབྱངས་ཅན་མཛེས་པའི་གྲགས་སྙན་སྒྲ། །

ས་གསུམ་མུ་ཁྱུད་ཁྱོན་ལས་ཉེ་བར་བརྒལ། །

ན་ཆུང་ཁྱོད་གདོང་གྲགས་པ་ས་འདིར་ཙམ། །

འོན་ཀྱང་བདག་གི་ཡིད་ངོར་ཀུན་ནས་མཚུངས། །


༢༢ དེ་ཉིད་བརྗོད་པའི་དཔེ།

རབ་དཀར་འོད་ཀྱི་དྲྭ་བས་ཉེར་འཁྱུད་འདི། །

སྟོན་གྱི་ཟླ་གཞོན་མ་ཡིན་འཕགས་མའི་སྐུ། །

ཆེས་ཆེར་བླ་ན་མངར་བའི་དྲི་བསུང་ཉིད། །

ཙནྡན་མ་ཡིན་དབྱངས་ཅན་ཞལ་གྱི་ངད། །

 

༢༣ ཐུན་མོང་མིན་པའི་དཔེ།

ཉ་གང་སྟོན་གྱི་ཟླ་བའི་ལང་ཚོ་དང་། །

རབ་དཀར་ཀུ་མུད་གསར་བའི་མཛེས་སྡུག་གིས། །

མཚོན་པར་མི་ནུས་ཚངས་སྲས་དབྱངས་ཅན་མའི། །

སྐུ་ཡི་དཔེ་ཟླ་རང་ལས་གཞན་མ་དམིགས། །


༢༤ བྱུང་མིན་གྱི་དཔེ།

ཟླ་བྲལ་འཕགས་བོད་མཁས་པའི་མཁྱེན་རབ་དངོས། །

འཇིག་རྟེན་བྱེད་པོས་གཅིག་ཏུ་སྤུངས་པ་ལྟར། །

གཙུག་ལག་རྒྱ་མཚོའི་མཐར་སོན་མི་ཕམ་རྗེ། །

ས་གསུམ་དཔྱོད་ལྡན་གཙུག་ན་མངོན་པར་མཛེས། །


༢༥ སྲིད་མིན་གྱི་དཔེ།

མཐའ་བྲལ་རྒྱ་མཚོའི་འཇིངས་ལས་མེ་དཔུང་དང་། །

འཇིགས་རུང་སྐལ་བའི་ཞུགས་ལས་བསིལ་ཟེར་བཞིན། །

མ་བསླབས་ལེ་ལོས་ནོན་པའི་སྐྱེ་བོ་ལས། །

མཚུངས་མེད་སྙན་ཚིག་རྩོམ་པའི་དཔལ་མི་འབྱུང་། །


༢༦ མང་བའི་དཔེ།

གུར་གུམ་གཞོན་ནུའི་ཚལ་དང་ལི་ཁྲིའི་རི། །

འཆར་ཀའི་ཉིན་མོར་བྱེད་པའི་ལང་ཚོ་བཞིན། །

མཁྱེན་གཏེར་ཟུར་ཕུད་ལྔ་བའི་གཟུགས་ཀྱི་སྐུ། །

ཡིད་འོང་དམར་སེར་མདངས་ཀྱིས་རབ་ཏུ་སྒེག །


༢༧རྣམ་འགྱུར་གྱི་དཔེ།

ཀུན་གཟིགས་མི་ཕམ་རྒྱ་མཚོའི་མཁྱེན་རབ་ནི། །

བརྟན་པའི་འཁོར་ལོའི་ཐུགས་ནས་བཏོན་པ་བཞིན། །

གང་གིས་ལེགས་པར་སྦྱར་བའི་སྙན་འཇེབས་རྩོམ། །

སྒྲ་དབྱངས་ལྷ་མོའི་མགྲིན་ལས་བླངས་དང་མཚུངས། །


༢༨ཕྲེང་བའི་དཔེ།

མཁའ་དབྱིངས་སྤྲིན་གྱིས་སྒེག་པ་ཇི་བཞིན་ཆུ་སྐྱེས་ཚོགས་ཀྱིས་ས་གཞི་མཛེས། །

འདབ་ལྡན་མང་པོས་ནོར་འཛིན་ཁྱོན་བཞིན་པད་མའི་ཚལ་དུ་བུང་བ་འཁྲིགས། །

རྐང་དྲུག་འཕུར་ལྡིང་གཡོ་བའི་ཚལ་ལྟར་ལྔ་རིག་ཆོས་ཀྱི་གླིང་ཆེན་པོ། །

རྣམ་གསུམ་ངུར་སྨིག་གོས་ཀྱིས་སྤྲས་པའི་ཚོགས་མཆོག་འདུས་སྡེས་ཡོངས་སུ་ཁེངས། །


༢༩ ངག་དོན་གྱི་དཔེ་ལས་བཞིན་སྒྲ་གཅིག་པ་ཅན།

རོལ་རྩེད་ཉམས་ཀྱིས་སྒེག་པའི་སྐུ་ཡི་པང་། །

བཻ་ཌཱུར་རྒྱུད་མང་འཁྲོལ་བའི་གར་སྟབས་ཅན། །

གངས་རིའི་དབུ་རྩེར་མཐོན་མཐིང་མཁའ་ངོས་སུ། །

སྤྲིན་དཀར་གཡོ་བས་མཛེས་བཞིན་ཡིད་དུ་འོང་། །


 བཞིན་སྒྲ་དུ་མ་ཅན།

ཉ་གང་སྟོན་གྱི་ཟླ་བཞིན་དབྱངས་ཅན་སྐུ། །

རི་དྭགས་གཟུགས་ཀྱིས་མཛེས་བཞིན་སྤྱན་ཟུང་གཡོ། །

སྒྱུ་སྐར་ཚོགས་ཀྱིས་སྐོར་བཞིན་ལུས་ཕྲ་མ། །

འབུམ་ཕྲག་མང་པོའི་དབུས་ན་རབ་ཏུ་སྒེག།


༣༠ ཟླ་བོ་དངོས་པོའི་དཔེ།

བསྟན་འདིར་འདུལ་འཛིན་མང་དུ་བྱོན་ན་ཡང། །

པདྨའི་མཚན་འཆང་ཁྱོད་དང་མཚུངས་པ་མེད། །

གླིང་བཞིའི་ཁྱོན་འདིར་ས་འཛིན་མང་མོད་ཀྱང་། །

རིན་ཆེན་བཞི་ལས་གྲུབ་པ་རི་དབང་ཙམ། །

 

༣༡ མཚུངས་སྦྱོར་གྱི་དཔེ།

དཔལ་ལྡན་ཆོས་གྲགས་འཕགས་ཡུལ་མཁས་པའི་རྒྱན། །

རྗེ་ཁྱོད་གངས་ཅན་དཔྱོད་ལྡན་གཙུག་གི་ནོར། །

དེས་ནི་ཕྱི་རོལ་མུ་སྟེགས་སྡེ་ཚོགས་དང་། །

ཁྱོད་ཀྱིས་ས་འདིའི་ལོག་སྨྲ་ཕམ་པར་མཛད། །


༣༢ རྒྱུའི་དཔེ།

ཁྱོད་སྐུ་བརྗིད་པས་བཅུ་དྲུག་གསེར་སྦྱངས་རི། །

ཁྱོད་གསུངས་སྙན་པས་ཀ་ལ་པིང་ཀ་དང་། །

་ཁྱོད་ཐུགས་ཕ་མཐའ་བྲལ་བས་མཁའ་དབྱིངས་དང་། །

ཉེར་མཚུངས་ལྷ་མིའི་སྟོན་མཆོག་ཤཱཀྱའི་ཏོག།

 

བསྡུས་པའི་གཟུགས་ཅན།

བདག་མགྲིན་ཀུན་གསལ་ཁྱོན་དུ་རྟག་བརྩེན་པའི། །

ཁྱོད་ཞལ་ཟླ་བ་གསར་བའི་ལང་ཚོ་ཉིད།

སྤྱན་ཟུང་རི་དགས་གཟུགས་ཀྱིས་ཉེར་མཛེས་ཤིང་། །

དགྱེས་མཛུམ་བདུད་རྩིའི་བསིལ་ཟེར་ཀུན་ཏུ་འཕྲོ།

 

བསྡུས་ཤིང་མ་བསྡུས་པའི་གཟུགས་ཅན།

རྣམ་དཀར་བསོད་ནམས་ཤར་རིའི་ཕྲག་པ་ནས། །

ཕུལ་བྱུང་མཁས་ཚུལ་གསུམ་གྱི་འོད་སྣང་ཅན།

བློ་གྲོས་རྟ་བདུན་དབང་པོ་ཤར་བའི་གཟིས། །

རྒུད་པའི་མུན་ཚོགས་རྩད་ནས་བཞོམ་གྱུར་ཅིག །

 

མཐའ་དག་གཟུགས་ཅན།

ཕུལ་བྱུང་སྤང་རྟོགས་ཡོན་ཏན་ཆ་ཤས་གང་། །

མཛེས་སྡུག་མཚན་དཔེའི་རི་བོང་གཟུགས་རིས་བཀྲ།

ཞི་བསིལ་ཆོས་ཀྱི་འོད་སྣང་འབུམ་འཕྲོ་བའི། །

སྟོན་མཆོག་ཀུ་མུད་གཉེན་དེར་ཡང་ཡང་གུས། །

 

རྒྱུའི་རྒྱན་གྱི་བྱེ་བྲག་སྔ་ན་མེད་པའི་བྱེད་རྒྱུའི་དཔེར་བརྗོད།

གཙང་པ་སྡེ་སྲིད་གྲོགས་སུ་མ་བཀུགས་ཤིང་། །

གུ་ཤྲིར་ཧན་ལ་རྒྱབ་རྟེན་མ་བཅོལ་བར། །

ཆེན་པོ་ཧོར་དང་མཆོད་ཡོན་མ་འབྲེལ་བཞིན། །

སུམ་གཉིས་འཛམ་གླིང་ཁྱབ་པའི་བསྟན་འདི་རྨད། །

 

ཕྲན་པ་ཨོ་རྒྱན་རིག་འཛིན་རང་ལོ་ཉེར་དྲུག་པ་དཔལ་གདོང་ཞེས་པ་ཆུ་མོ་བྱ་ཡི་ལོར་སྙན་ངག་དཔེར་བརྗོད་ཁ་ཤས་བྲིས་པ་ཨ་མཚར་གྱི་ཚུལ་དུ་དྲྭ་ལམ་དུ་སྤེལ་བ་དགེ། །

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།