【ནང་དོན་གནད་བསྡུས།】 བོད་ཀྱི་སྐད་ཡིག་བྱུང་ཞིང་འཕེལ་བའི་ལོ་རྒྱུས་ཁྲོད་དུ། མདོ་སྔགས་རིག་གནས་སྣ་འཛོམས་ཀྱི་རྟེན་གཞི་ཞིག་ཏུ་གྱུར་པར་ལྷོ་རྒྱུད་འཛམ་བུ་གླིང་པའི་ཤེས་ལྡན་རྣམས་ཞལ་མཐུན་པ་ལ། འདིར་ཚིག་བདུན་གསོལ་འདེབས་ཀྱི་ཕྱིའི་ངོ་སྤྲོད་དང་། ལོ་རྒྱུས། མཚན་བྱང་ཐོགས་ཚུལ། ཚིག་དོན་འགྲོལ་བ་ནས་ནང་བསྐྱེད་རིམ་དང་། གྲོལ་ལམ། རྫོགས་རིམ་ཐབས་ལམ། རྫོགས་པ་ཆེན་པོའི་དོན་རྣམས་ཇི་ལྟར་ཤོང་ཚུལ་དང་། དེ་དག་གི་ཉམས་ལེན་བྱེད་པའི་རིམ་པ་རྣམས་སྐད་ཡིག་གི་རང་བཞིན་བརྗོད་པའི་ལམ་ནས་མ་འདྲེས་པར་བསྟན་ཡོད།
【གནད་ཚིག】 ཚིག་བདུན་གསོལ་འདེབས། སྐད་ཡིག་རང་བཞིན། བསྐྱེད་རིམ། གྲོལ་ལམ། རྫོགས་རིམ་ཐབས་ལམ། རྫོགས་པ་ཆེན་པོ། ཉམས་ལེན།
གླེང་སློང་།
འགྲོ་བ་མིའི་སྐད་ཡིག་ནི་མིའི་རིགས་ཀྱི་བསམ་བློའི་རིག་གནས་འདེགས་པའི་རྟེན་མཆོག་ཅིག་ཏུ་འགྱུར་པའི་གོ་རིམ་ཁྲོད་དུ། སྒྲ་ཡི་རྣམ་པས་གྲགས་པ་དང་། ཡི་གེ་རི་མོའི་གཟུགས་སུ་གནས་པ། སྐད་དང་ཡི་གེ་གཉིས་མེད་ཀྱི་ངོ་བོར་ཐིམ་པ་གང་ལྟར་ཀྱང་། སྐད་ཡིག་གི་རང་བཞིན་སྲུང་འཛིན་བྱེད་པའི་ཆ་ནས་སྤྱི་ཚོགས་འདིའི་སྒང་ནས་དུས་ཡུན་རིང་ལ་གནས་ཤིང་བརྟན་པར་གྱུར་པ་རེད། སྐད་ཡིག་རང་བཞིན་ཞེས་པ་ནི་མཐར་གཏུགས་ན་སྐད་ཡིག་གི་ཁྱད་ཆོས་རྣམས་ལ་བྱ་ཞིང་། ཁྱད་ཆོས་རྣམས་ཀྱང་རྩོམ་མཚན་ཉིད་པ་ཞིག་གི་ངོས་ནས་མངོན་ཐུབ་ཀྱིན་ཡོད་ལ། ལྷག་པར་དུ་ལྗགས་རྩོམ་མཆོག་ཏུ་གྱུར་པའི་ངོས་ནས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་པར་གསལ་ཐུབ་པ་རེད། འདི་ནས་ཆོས་རྗེ་འཇིགས་མེད་ཕུན་ཚོགས་མཆོག་གིས། “སངས་རྒྱས་ཀྱི་ཆོས་ཚུལ་རབ་འབྱམས་ཀྱི་ནང་ན་ཟབ་པའི་མཐར་ཐུག་པ་དེ་ནི་བླ་མ་ཨོ་རྒྱན་ཆེན་པོ་ལ་གསོལ་བ་འདེབས་པ་དང”[1]ཞེས་པའི«ཚིག་བདུན་གསོལ་འདེབས»ཀྱི་སྐད་ཡིག་རང་བཞིན་ཅུང་ཟད་བརྗོད་པ་ལ།
དང་པོ། དགེ་བ་ཀླད་ཀྱི་དོན།
གཅིག། ཐོག་མར«ཚིག་བདུན་གསོལ་འདེབས»ངོ་སྤྲོད་པ།
སྤྱིར་བཏང་མཚན་བྱང་ཡོངས་ལ«རྡོ་རྗེའི་ཚིག་བདུན་གསོལ་འདེབས»དང་། «གུ་རུའི་ཚིག་བདུན་གསོལ་འདེབས»སོགས་ཞུ་སྲོལ་ཡོད་ནའང་། ཡོངས་གྲགས་སུ«ཚིག་བདུན་གསོལ་འདེབས»ཞུ་བ་འདི་ནི། ས་གསུམ་ན་གྲགས་ཆེ་ཞིང་སློབ་དཔོན་གྱི་རྗེས་འཇུག་དད་ལྡན་སུས་ཀྱང་བློ་ལ་རང་བཞིན་གྱིས་ངེས་པའི་གསོལ་འདེབས་ཕུན་སུམ་ཚོགས་པ་ཞིག་ཡིན་པས་ངོ་སྤྲོད་ཞུ་བའི་དགོས་པ་ཆེར་མེད་ཀྱང་། འདིར་མིག་གིས་ཡང་ཡང་མཐོང་ཞིང་རྣ་བར་རྒྱུན་དུ་ལྷུང་ཡང་ཚིག་དང་དོན་ལ་ངེས་ཆ་གསལ་པོ་མེད་པའི་སྤྱི་ཚོགས་སྟེང་གི་ལས་དང་པོ་བ་དག་ལ་ངོ་སྤྲོད་ཀྱི་ཚུལ་དུ་བཀོད་ན། ཚིག་བདུན་གསོལ་འདེབས་ཞུ་བ་ནི།
ཧཱུྃཿ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས༔ བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔ཞེས་པ་འདི་ཡིན་ཅིང་། འདིར་གསལ་བཤད་ཞུ་རྒྱུ་ཞིག་ལ། རྟགས“༔”འདི་ཡིན་ངོ་མ་ནི་གཏེར་ཚེག་སྟེ། “༔”འདིའི་གོར་ཐིག་གཉིས་བར་གྱི་འཕྲེད་ཐིག་ནི་དོན་ལ་ཟླ་ཚེས་ཡིན་འོས་ཀྱང་རྩིས་འཁོར་ནང་དུ་ཟླ་ཚེས་ཀྱི་རྟགས་འཁོད་མེད་པས་མཚམས་ཤིག་ནས་མ་དག་རྒྱུན་འབྱམས་ཀྱིས་རྟགས“༔”འདི་འདྲ་ཞིག་ཏུ་གྱུར་སོང་བར་ཤེས་དགོས་སོ། །
ཡང་ཡི་གེ་བ་འགའ་རེས“ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས༔”ཞེས་པའི་མཇུག་མཐའི “ཀྱིས”འདི་ཡིག་ནོར་དུ་བསམས་ཏེ“ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱི༔”ཞེས་བསམ་གཟས་ནས་བཅའ་བར་བྱེད་པ་ནི། “ཀྱིས”ཡིག་འདི“པས”ཡིག་དང་འདྲ་བར་རྒྱུ་མཚན་སྟོན་པ་ལ་འཇུག་པའི་སྐབས་ཤིག་ཡོད་པ་ཐུགས་མཉམ་མ་བཞག་པ་སྟེ། མཁས་པའི་དབང་པོ་འཇུ་མི་ཕམ་ཚང་གིས«གུ་རུའི་ཚིག་བདུན་གསོལ་འདེབས་ཀྱི་རྣམ་བཤད་པདྨ་དཀར་པོ»ཞེས་པའི་ལྗགས་རྩོམ་གྲགས་ཆེན་ལས། ཚིག་རྐང་དེ་འགྲོལ་བའི་ཚེ། “མགོན་པོ་ཁྱེད་ཀྱི་རྗེས་སུ་བདག་གཞན་ཐམས་ཅད་འཇུག་ཅིང་དེ་ལས་མི་འདའ་བར་བསྒྲུབ་པ་ཡིན་ལགས་ཀྱིས། རྒྱུ་མཚན་དེས་ན་མི་བསླུ་བའི་མགོན་པོ་ཁྱོད་ཐུགས་རྗེ་ཚད་མེད་པའི་རང་བཞིན་ཡིན་པས་དུས་ད་ལྟ་ཉིད་དུ།”[2]ཞེས “ཀྱིས”ཡིག་འདི་རྒྱུ་མཚན་སྟོན་པ་ལ་འཇུག་ཚུལ་གསལ་ཁ་བཏོད་ནས་གསུངས་པས་ལོག་རྟོག་སེལ་པར་འགྱུར་རོ། །
ཡང“ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས༔”ཞེས་ལས་ཚིག་མ་འོངས་པ“བསྒྲུབ”དང་། “ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔”ཞེས་ལས་ཚིག་ད་ལྟ་བའི“སྒྲུབ”གཉིས་ཀ་འབྱུང་བ་ནི། བསྒྲུབ་པ་བྱ་བས་དང་སྒྲུབ་པར་བྱེད་པས་ཞེས་པ་གཉིས་ཀའང་དུས་ཀྱི་ཁྱད་པར་ཙམ་ལས་དོན་ལ་འགལ་བ་མེད་པར་དམིགས་ནས་སྔོན་བྱོན་ལོ་པཎ་དག་གིས་ཁྱད་མེད་དུ་བྲིས་པར་སེམས་ཏེ་ཤེས་ལྡན་དག་གིས་བརྟག་པར་བྱ་བ་ཉིད་དོ། །གཞན་ཡང་། “བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ༔”ཞེས་པའི་ལས་ཚིག་སྐུལ་ཚིག་སྟེ“རློབས”ཀྱི་ཚབ་ཏུ་ཡང་ལས་ཚིག་མ་འོངས་པ “བརླབ”དང་། ལས་ཚིག་ད་ལྟ་བ“རློབ”ཅི་རིགས་འབྱུང་བ་ཡང་དེ་བཞིན་ཏེ་དོན་ལ་འགལ་བ་མེད་པར་སེམས་སོ། །
ཡང་། རྡོ་རྗེའི་ཚིག་བདུན་ཞུ་དོན་ནི་ཆོས་ཉིད་སྐྱེ་བ་མེད་པའི་ཀློང་ལས་བྱུང་བའི་རང་སྒྲ་ཡིན་པ་དང་། སྒྲུབ་པ་པོའི་ལུས་ངག་ཡིད་གསུམ་ཐ་མལ་པ་སྐུ་གསུང་ཐུགས་གསུམ་གྱི་རྡོ་རྗེའི་ངོ་བོར་དག་བྱེད་ཡིན་པའི་ཆ་ནས་ཐོགས་པར་བཤད་ཀྱང་ཆོག་སྙམ་ཞིང་། གུ་རུའི་གསོལ་འདེབས་ཀྱི་གུ་རུ་ནི་བླ་མ་ཨོ་རྒྱན་རིན་པོ་ཆེ་ལ་གོ་བ་ཤེས་སླའོ། །
འདིར་ཆེད་དུ་ཞུ་རྒྱུ་ཞིག་ལ། ཨ་མདོའི་ཁྱིམ་སྔགས་དག་གིས་འཆད་ཉན་དང་ཉམས་ལེན་བྱེད་པའི་ཚེ་ཡུལ་སྐད་དུ་བསྟུན་དྲགས་ཏེ། ངག་ནས། བདྨ་གེ་སར་སྡོང་བོ་ལ༔དང་། འཁོར་དུ་མཁའ་འགྲོ་མང་བོས་བསྐོར༔ཞེས་པདྨ་ལ་བདྨ་དང་། སྡོང་པོ་ལ་སྡོང་བོ། མང་པོ་ལ་མང་བོ་སོགས་ཐོན་པ་བཞིན་དུ་ལག་གིས་ཀྱང་དེ་ལྟར་འབྲི་བ་ནི་ཁ་ལག་གཉིས་གཅིག་ཏུ་གྱུར་པས་བདེ་བདེ་འདྲར་སྣང་ཡང་བོད་སྤྱིའི་བརྡ་སྤྲོད་དང་མི་མཐུན་ལ། ཡང་གཅིག་ཞུས་ན། ལག་གིས་པ་དང་པོ་ལྟར་བྲིས་ཀྱང་ངག་ནས་བ་དང་བོ་ལྟར་འདོན་རྐྱང་བྱས་ཆོག་པའི་ཨམ་སྐད་ཀྱི་གསང་གནད་ཤེས་པར་བྱའོ།།
ཡང་སྔ་འགྱུར་རྙིང་མའི་ཆོས་སྐོར་ལ་རྒྱུས་མངའ་ཆུང་བ་རེ་འགས། འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ཞེས་པའི་མཁའ་འགྲོ་ལ་གོ་བ་སྐོར་ལོག་ཏུ་ལེན་ཞིང་གྱ་ཚོམ་གྱིས་སྨྲ་བ་ནི་འོས་སུ་མ་མཆིས་ཏེ། དེ་ལ་དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་གྱིས། “སྤྱིར་སྔགས་ཀྱི་ལྟ་སྤྱོད་ལ་མཁྱེན་རྒྱ་ཆུང་བ་དག་གིས་མཁའ་འགྲོ་ཞེས་བུད་མེད་ཁོ་ན་ལ་ངོས་འཛིན་ནས་འཕྱར་ཀ་སྒྲོགས་ཀྱང་སྙིང་རྗེའི་གནས་ཏེ། མཁའ་ནི་ཆོས་ཉིད་རྣམ་ཀུན་མཆོག་ལྡན་དང༌ ། འགྲོ་བ་དང་གཤེགས་པ་དོན་གཅིག་པས་དེ་ཉིད་མངོན་དུ་རྟོགས་པའི་གང་ཟག་གི་མཚན་གྱི་སྒྲ་ཡིན་པས། རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུའི་དོན་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་མངོན་དུ་བྱས་པའི་གསང་སྔགས་ཀྱི་ལྟ་སྒོམ་སྤྱོད་པ་ཉམས་འོག་ཏུ་ཆུད་པ་མཐའ་དག་ལ་གསུངས་པས་ན། ངེས་པ་ལྔ་ལྡན་གྱི་སྟོན་འཁོར་ཏེ། རྒྱུད་སྡེ་ཐམས་ཅད་ཀྱི་གླེང་གཞི་ཨེ་ཝཾ་གྱིས་སྒྲས་བཤད་དགོས་པ་དང་། དགྱེས་པ་རྡོ་རྗེའི་རྒྱུད་དུ་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་པ་དང་ཚིག་དོན་མཚུངས་པའི་ཕྱིར་རོ། །” [3]ཞེས་བཀའ་བཀྱོན་གནང་བ་དང་དུ་བླང་བར་བྱ་བ་ཁོ་ནའོ། །
གཉིས། «ཚིག་བདུན་གསོལ་འདེབས»ཀྱི་ལོ་རྒྱུས་དང་། མཛད་པ་པོ། ལོ་ཙཱ་པ་སུ་ཡིན་དང་། བཀའ་གཏེར་གང་གི་ཕྱོགས་སུ་གཏོགས་ཚུལ་བཤད་པ།
དེ་ཡང«རྣམ་བཤད་པད་དཀར»ལས། “རྡོ་རྗེའི་ཚིག་བདུན་འདི་ཡི་ལོ་རྒྱུས་སུ། རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱིས་གུ་རུ་རིན་པོ་ཆེ་ཚོགས་འཁོར་ལ་སྤྱན་དྲངས་པའི་ཚིག་ཡིན་པར་གྲགས་ཤིང་། སྔོན་ཤྲཱི་ནཱ་ལེནྡྲའི་གཙུག་ལག་ཁང་དུ་མུ་སྟེགས་ཀྱི་སྟོན་པ་སྒྲ་ཚད་ལ་མཁས་པ་ལྔ་བརྒྱ་ལྷགས་ནས་བསྟན་པ་ཉམས་དམས་པར་བྱས་དུས། ནང་པའི་པཎྜི་ཏ་རྣམས་ཀྱིས་རྩོད་པར་མ་ནུས་པའི་ཚེ། པཎྜི་ཏ་རྣམས་ཕལ་ཆེར་ལ་རྨི་ལམ་དུ་མཐུན་པར་མཁའ་འགྲོ་མ་ཞི་བ་མཆོག་གིས་ལུང་བསྟན་པར། ཁྱེད་རྣམས་ཀྱིས་མུ་སྟེགས་ཟློག་པར་ག་ལ་ནུས། ང་ཡི་མིང་པོ་རྡོ་རྗེ་ཐོད་ཕྲེང་རྩལ་དུར་ཁྲོད་མུན་པ་ཅན་དུ་བཞུགས་པ་དེ་སྤྱན་མ་དྲངས་ན་བསྟན་པ་འཇིག་པར་འགྱུར་རོ། །ཞེས་སྨྲས་པ་ལ། དེར་བགྲོད་དཀའ་བས་སྤྱན་མི་འདྲོང་བྱས་པས། མཁའ་འགྲོ་ན་རེ། ཁྱེད་རྣམས་ཀྱིས་གཙུག་ལག་ཁང་གི་ཡང་ཐོག་ཏུ་མཆོད་པ་རྒྱ་ཆེན་པོ་བཤམས་ནས་སྤོས་དང་རོལ་མོ་བཅས་གུས་པ་རྒྱ་ཆེན་པོས་མགྲིན་གཅིག་ཏུ་གསོལ་བ་འདི་ལྟར་ཐོབ་ཅེས། ཚིག་བདུན་གསོལ་འདེབས་བསླབས་པ་དེ་བཞིན་བྱས་པས་སྐད་ཅིག་དེ་ཉིད་ལ་གུ་རུ་རིན་པོ་ཆེ་ནམ་མཁའ་ལས་བྱོན་ནས། པཎ་ཆེན་ལྔ་བརྒྱའི་གཙོ་བོར་བཞུགས། མུ་སྟེགས་སྟོན་པ་ལྔ་བརྒྱ་ལུང་རིགས་ཀྱིས་ཚར་བཅད། སླར་མཐུ་འགྲན་པ་ལ། མཁའ་འགྲོ་སེང་གདོང་མས་བསྭེ་སྒྲོམ་གཏད་ནས་མུ་སྟེགས་འདུལ་བར་བཀའ་བསྒོས་པ་ལྟར། ཐོག་ཕབ་ནས་མུ་སྟེགས་མ་རུངས་པ་ཐམས་ཅད་ཚར་བཅད། ལྷག་མ་རྣམས་ནང་པའི་བསྟན་པ་ལ་ཚུད་དེ་གསོལ་འདེབས་འདི་ཐམས་ཅད་དུ་རྒྱས་པར་གྱུར་ཏོ། །”[4]ཞེས་གསུངས་པ་ལྟར། ཆོས་རྗེ་འཇིགས་མེད་ཕུན་ཚོགས་སོགས་གནའ་དེང་གི་དམ་པ་མང་པོས་ཞལ་གཅིག་ཏུ། “ཚིག་བདུན་གསོལ་འདེབས་ཞེས་བྱ་བ་འདི་ནི་གང་ཟག་ཐ་མལ་བ་ཞིག་གིས་ཆེད་དུ་བརྩམས་པ་མིན་པར། ཆོས་ཉིད་སྐྱེ་བ་མེད་པའི་ཀློང་དང་ལོངས་སྐུ་འགག་པ་མེད་པའི་རྩལ་ལས་ཤར་ཡོང་བའི་རྡོ་རྗེའི་རང་སྒྲ་རང་ཤུགས་ཀྱི་ཚུལ་དུ་གྲགས་ཡོང་བ་ཡིན།”[5]ཞེས་དང་། ཡང«རྣམ་བཤད་པད་དཀར»ལས། “སླར་གུ་རུ་རིན་པོ་ཆེ་བོད་ཡུལ་དུ་བྱོན་ནས་སངས་རྒྱས་ཀྱི་བསྟན་པ་བཙུགས་པའི་ཚེ་ལས་ཅན་རྗེ་འབངས་རྣམས་ལ་གནང་ཞིང་། ཕྱི་རབས་ལ་དགོངས་ཏེ་སྦས་པའི་གཏེར་ཁ་ཐམས་ཅད་དུ་ཡང་རྡོ་རྗེའི་ཚིག་བདུན་པོ་མ་བྱུང་བ་མེད་པ་ལྟ་བུ།”[6]ཞེས་གསུངས་པ་ལས། དང་པོ་སློབ་དཔོན་རང་ཉིད་ཀྱིས་ལེགས་སྦྱར་སྐད་ནས་བོད་སྐད་དུ་ལོ་ཙཱ་བྱས་ཤིང་རྗེ་འབངས་ཉེར་ལྔ་ལ་གནང་བས་བཀའ་མར་གཏོགས་ཤིང་། ཕྱི་རབས་ལ་དགོངས་ཏེ་སྦས་པས་གཏེར་མ་ཡང་ཡིན་པར་གསལ་ལོ། །འོ་ན་ཡིག་རིགས་སམ་བརྡ་སྐད་གང་ཞིག་བསྒྱུར་བར་སྙམ་ན། ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱིས། “སྔོན་ཆད་མཁའ་འགྲོ་མ་རྣམས་ཀྱི་བརྡ་སྐད་དུ་ཡང་། འདི་ལྟ་བུའི་ཚིག་བདུན་གསོལ་འདེབས་དང་བཛྲ་གུ་རུ་འདོན་པའི་སྲོལ་ཡོད་ཀྱང་། ད་ལྟ་མཁའ་འགྲོའི་བརྡ་སྐད་ཀྱི་སྲོལ་དེ་འུ་ཅག་སུ་གཅིག་གིས་ཀྱང་ལབ་མི་ཤེས་པས། ཁྱེད་རྣམ་པས་འདོན་པའི་གནས་སྐབས་ན་བོད་སྐད་གཞིར་བཞག་གིས་ཐོན་དང་། ཨོ་རྒྱན་རིན་པོ་ཆེ་རང་ཉིད་ཀྱིས་ཞལ་གྱིས་བཞེས་ཤིང་བྱིན་གྱིས་བརླབས་པའི་ཚིག་ཡིན། ཚིག་བདུན་གསོལ་འདེབས་དེ་མཁའ་འགྲོའི་བརྡ་སྐད་དུ་གཏན་ནས་འདོན་མི་ཤེས་པ་ཞིག་ཡིན་ནམ་སྙམ་ན། འདོན་ཤེས་པ་ཡིན། སྤྲུལ་པའི་གཏེར་སྟོན་རྣམས་ཀྱིས་འདོན་ཤེས་པ་ཡིན། མཁའ་འགྲོ་མའི་བརྡ་ཡིག་དེ་ལའང་མཁའ་འགྲོའི་ཡུལ་གླིང་གཙོ་བོའི་རིགས་སུམ་ཅུ་སོ་གཉིས་ལ་བརྡ་ཡིག་མི་འདྲ་བ་སུམ་ཅུ་སོ་གཉིས་ཡོད། དེའི་བརྡ་སྐད་ཚང་མ་ལ་རྡོ་རྗེ་ཚིག་བདུན་འདི་ཉིད་སྔོན་ཆད་ནས་གྲགས་ཟིན་ཡང་། སྤྲུལ་པའི་གཏེར་སྟོན་སུས་ཀྱང་མཁའ་འགྲོའི་བརྡ་སྐད་དུ་བསླབ་སྲོལ་མེད་པར་བོད་སྐད་ཀྱིས་བསླབས་པ་ཡིན། དེས་ན་ཁྱེད་རྣམས་ཀྱིས་ཀྱང་བོད་སྐད་ཀྱིས་ཐོན། མཁའ་འགྲོ་མ་རྣམས་ཀྱི་བརྡ་སྐད་ལྟར་དུ་བསླབ་ན་ཡང་། མཁའ་འགྲོ་མ་རྣམས་ཀྱིས་དེའི་དོན་གོ་རྒྱུ་རེད་མ་གཏོགས་གཞན་པ་རྣམས་ཀྱིས་དེའི་ཚིག་དོན་ལ་གོ་བ་མི་ལོན། ཚིག་འགའ་རེ་གོ་བའི་དབང་དུ་བྱས་ཀྱང་། གུ་རུ་དྲག་པོའི་མཚན་སྔགས་ཨ་རྩིག་ནི་རྩིག་སོགས་གཅིག་གིས་ཀྱང་མི་གོ་བ་དེ་ལྟ་བུ་ཞིག་ཡིན། བོད་སྐད་ཀྱི་ཚིག་དེ་འགྲེལ་དགོས་ན་ཡང་འུ་ཅག་ཚང་མས་འགྲེལ་ཤེས་ངེས་ཡིན། མཁའ་འགྲོའི་བརྡ་སྐད་དེ་ཇི་ལྟ་བུ་ཞིག་ཡིན་ན། འུ་ཚོ་བོད་ལུང་པ་ན་སྤྱིར་ཡུལ་སྐད་མང་པོ་ཡོད་ཀྱང་། དེའི་ནང་ནས་རྒྱལ་རོང་གི་ཡུལ་སྐད་འགའ་ཞིག་གཞན་སུས་ཀྱང་མི་གོ་བ་ལྟ་བུ་ཡིན། མཁའ་འགྲོའི་བརྡ་སྐད་ཀྱང་དེ་དང་འདྲ་བོ་རེད།”[7]ཅེས་གསུངས་པ་ནི་གཏེར་མ་ལ་དགོངས་ཏེ་གསུངས་པར་མངོན་ནོ། །
གསུམ། ཚིག་བདུན་གསོལ་འདེབས་ཞེས་པའི་མཚན་བྱང་ཐོགས་ཚུལ་བཤད་པ།
མཚན་བྱང་ཐོགས་ཚུལ་གྱི་ཐད་ནས། སུ་ཞིག་གིས་ཀྱང་གསོལ་འདེབས་རང་ངོས་ན་ཚིག་རྐང་ངམ་ཚིགས་བཅད་བདུན་ཡོད་པས་ཚིག་རྐང་གི་གྲངས་ཀྱི་ཆ་ནས་བཏགས་པར་ཤེས་སླ་ཞིང་། དེ་ལྟར་ཡང་ཡིན་ཏེ། འཇུ་མི་ཕམ་མཆོག་གིས། “དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ངོ་བོ་དཔལ་ཨོ་རྒྱན་ཆེན་པོའི་གསོལ་འདེབས་ཐམས་ཅད་ཀྱི་རྒྱལ་པོ་རྡོ་རྗེའི་ཚིག་རྐང་བདུན་མ་འདི་ནི།”[8]ཞེས་པས“ཚིག་རྐང་བདུན་མ”ཡི་མཚན་བྱང་གསལ་པོར་བསྟན་པ་མ་ཟད། «ཚིག་བདུན་སྒྲུབ་ཐབས་པདྨ་གར་དབང་འཆི་མེད་གཡུང་དྲུང་གླིང་པའི་གཏེར་བྱོན»ལས། “ཚིག་བདུན་རང་བྱུང་དབྱངས་ཀྱིས་བསྐུལ༔”[9]ཞེས་དང་། “འགྲོ་དོན་ཚིག་བདུན་གླུ་ཡིས་བསྐུལ༔” [10]སོགས་མང་དུ་འབྱུང་བས་ཀྱང་ཚིག་རྐང་ལ་ལྟོས་ཏེ་གྲངས་ཀྱི་སྒོ་ནས་གསོལ་འདེབས་ཀྱི་མཚན་དུ་གསོལ་བ་ཤེས་སོ། །འོན་ཀྱང་། ཕྱིའི་ཚིག་རྐང་བདུན་དུ་སྣང་བས་མཐའ་གཅིག་ཏུ་མཚན་བྱང་ཐོགས་ཚུལ་དེ་ཁོ་ནའོ་སྙམ་ན་མཐའ་གཅིག་ཏུ་ངེས་པ་མེད་དེ། ཡང་དེ་ལས། “དེ་ཀུན་རྩ་བ་ཚིག་བདུན་པ༔ གཞི་ཡི་རྣམ་ཤེས་ཚོགས་བདུན་པོ༔ ལམ་དུས་བྱང་ཆུབ་ཡན་ལག་བདུན༔ དོན་དམ་དཀོར་བདུན་འབྲས་བུར་རྫོགས༔”[11]ཞེས་གསུངས་པར་བརྟགས་ན། ཕྱིའི་ཚིག་ཁོ་ན་མ་ཡིན་པར་ནང་དོན་གྱི་ཆ་ནས་གཞི་ལམ་འབྲས་བུ་གསུམ་དང་སྦྱར་ནས་གསུངས་པ་འདིས་ཀྱང་མཚན་བྱང་ལ་ཚིག་བདུན་གསོལ་འདེབས་ཐོགས་ཚུལ་ངེས་པ་སྟེར་རྒྱུ་ཡོད་པར་སྙམ་མོ། །
གཞན་ཡང་། ཁྱབ་བདག་བླ་མ་པདྨ་སྐལ་བཟང་མཆོག་གི«བླ་མའི་རྣལ་འབྱོར་གྲུབ་གཉིས་འདོད་འཇོ»ལས། “ཐུགས་རྒྱུད་བསྐུལ་ཞིང་སྤྱན་འདྲེན་པ་ནི། ཧཱུྂ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབས་ལ། །སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ།”[12]ཞེས་གསོལ་འདེབས་ཚིག་རྐང་བཅུ་གཉིས་ཅན་འབྱུང་བ་དང་། འབར་ཆུང་བཀྲ་ཤིས་རྒྱ་མཚོས་མཛད་པའི«ཆོས་དབང་རིན་པོ་ཆེའི་གཏེར་བྱོན་གསོལ་འདེབས་འགྲེལ་བཤད་ལུང་རིགས་མར་མེ»ཞེས་བྱ་བ་ལས། “ཧྲཱིཿ སྔོན་གྱི་བསྐལ་པའི་དང་པོ་ལ། །ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །དྷ་ན་ཀོ་ཤའི་མཚོ་གླིང་དུ། །པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་སུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཅིང་། །བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ། །ཞེས་ཚིག་བདུན་དང་། བརྒྱད་དང་། དགུ་ཅི་རིགས་སུ་འགྱུར་ལ། གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཞེས་འདོད་གསོལ་ཤོ་ལོ་ཀ་བཞི་སྦྱར་བའི་ཚིག་རྐང་བཅུ་གསུམ་དུ་འབྱུང་ངོ་། །”[13]ཞེས་དང་། ཡང་དེའི་འཕྲོས་ལ། “སོ་ཟུར་གནུབས་གསུམ་སྔགས་པའི་རྒྱལ་པོར་གྲགས་པ་དག་གི་བཀའ་སྲོལ་ལ། ཚིག་བདུན་མར་སྔོན་བསྐལ་མ་བཏགས་པའི་ཚིག་བརྒྱད་མར་གྲགས་སོ། །ཞེས་དང་། ཡང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རཏྣ་གླིང་པ་སོགས་ལྷོ་གཏེར་འགའ་ཞིག་དང་། པདྨ་བཀའ་ཐང་སོགས་ལས་ཚིག་བརྒྱད་མར། དྷ་ན་ཀོ་ཤའི་མཚོ་གླིང་དུ། ། ཞེས་བཏགས་པ་ཚིག་དགུ་མ་དང་། རྗེ་བྱང་པ་ཡབ་སྲས་སོགས་བྱང་གཏེར་པ་རྣམས་མགོ་འདྲེན་ཧྲཱིཿ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །ཞེས་ཚིག་བདུན་གསོལ་འདེབས་དང་བཀའ་སྲོལ་མི་འདྲ་བ་གསུམ་བྱུང་ལ། ”[14]ཞེས་འབྱུང་བ་དག་ཀྱང་རྩ་བ་ཚིག་བདུན་གསོལ་འདེབས་ལས་འཕྲོས་པའི་ཡན་ལག་སྟེ་རྒྱུད་ཀྱི་ཆོ་གའི་དགོས་དབང་གིས་སྦྱར་བ་ཨེ་ཡིན་ནམ་སྙམ་པར་ཤེས་ལྡན་དག་གིས་བཀའ་སློབ་གནང་བར་ཞུའོ། །
གཉིས་པ། དགེ་བ་གཞུང་གི་དོན།
ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱི་ཞལ་ནས། “ ཚིག་བདུན་གསོལ་འདེབས་ཀྱིས་གུ་རུ་རིན་པོ་ཆེ་སྒྲུབ་ཐབས་ལ། ཕྱི་ལྟར་གསོལ་འདེབས་ཀྱི་ཚུལ་དུ་བྱས་པའི་སྒྲུབ་ཐབས་དང་། ནང་ལྟར་བསྐྱེད་རིམ་དང་སྦྱར་བའི་སྒྲུབ་ཐབས། གསང་བ་གྲོལ་ལམ་ལྟར་དུ་སྒྲུབ་ཐབས། ཤིན་ཏུ་གསང་བ་ཐབས་ལམ་ལྟར་དུ་སྒྲུབ་ཐབས། མཐར་ཐུག་རྫོགས་པ་ཆེན་པོའི་མན་ངག་དང་སྦྱར་ནས་སྒྲུབ་ཐབས་ཀྱང་། དེ་ཐམས་ཅད་ཀྱང་ཚིག་བདུན་གསོལ་འདེབས་རང་གི་ཚིག་ཁོ་ན་མ་གཏོགས་ཚིག་གཞན་གྱིས་ལྷན་པོ་སྦྱར་ནས་འགྲེལ་མི་དགོས། ཁོ་རང་གི་ནང་དུ་དེ་ཐམས་ཅད་ཀྱི་དོན་ཆ་ཚང་བ་ཞིག་བཤད་ཡོད།”[15]ཅེས་གསུངས་པ་ལ་གཞི་བཅོལ་ཏེ། འཇུ་མི་ཕམ་རིན་པོ་ཆེའི«གུ་རུའི་གསོལ་འདེབས་རྣམ་བཤད་པདྨ་མ་དཀར་པོའི»(འོག་ནས«རྣམ་བཤད་པད་དཀར»ཞེས་བསྡུས་པར་བྱེད)དགོངས་པ་ལྟར་ཞུས་ན།
གཅིག། ཕྱི་གསོལ་འདེབས་དཀྱུས་མའི་ཚིག་དོན་གྱི་སྐད་ཡིག་རང་བཞིན་བཤད་པ།
དེ་ཡང«རྣམ་བཤད་པད་དཀར»ལས་བྱུང་བའི་ཚིག་སྣ་བསྟུངས་ཏེ་ཞུས་ན། “རང་བྱུང་ཐུགས་ཀྱི་ས་བོན་ཧཱུྃཿ་ཞེས་པས་ཐུགས་དམ་བསྐུལ་བས། ཐོག་མ་བྱས་ནས་རི་རབ་ཀྱི་ལྷོ་ཕྱོགས་འཛམ་བུའི་གླིང་འདིར་ཡུལ་དྲུག་ལ་སོགས་པའི་རྣམ་པར་དབྱེ་བ་ལས། ནུབ་ན་རིག་པ་འཛིན་པའི་གནས་ཨོ་རྒྱན་མཁའ་འགྲོའི་ཡུལ་གྱི་ནུབ་བྱང་གི་མཚམས་ཤིག་ན། དྲི་མེད་ཡན་ལག་བརྒྱད་དང་ལྡན་པའི་ཆུ་གཏེར་དྷ་ན་ཀོ་ཤ་ཞེས་པ་རྣམ་ཀུན་མཆོག་ལྡན་སྟོང་ཉིད་དབྱིངས་ཀྱི་བཙུན་མོའི་རང་གཟུགས། ཐུན་མོང་གི་སྣང་ངོར་ཡང་ཕུན་སུམ་ཚོགས་པའི་ཡོན་ཏན་དུ་མས་ཕྱུག་པ་དེར། མེ་ཏོག་པདྨའི་ཚལ་ཀུན་ཏུ་ཡོད་པའི་དབུས་སུ། དེ་དག་གི་དབང་པོར་གྱུར་པའི་མེ་ཏོག་པདྨ་ལོ་འདབ་དང་གེ་སར་གྱིས་ཡོངས་སུ་མཛེས་པའི་སྡོང་པོ་ལས་ཡེ་ཤེས་ལྔ་མཚོན་བྱེད་ཁ་དོག་རིགས་ལྔར་གསལ་བའི་མེ་ཏོག་ལྔའི་དབུས་སུ་པདྨའི་རིགས་དམར་པོའི་ལྟེ་བ་ལ། ས་གསུམ་ངོ་མཚར་སྙན་པའི་གཏམ་གྱི་ཕུལ་དུ་གྱུར་པ་དེ་ལྟ་བུའི་ཡ་མཚན་རྨད་དུ་བྱུང་བའི་ཚུལ་ནི། རྗེ་སངས་རྒྱས་གཉིས་པའི་རྣམ་ཐར་བཀའ་གཏེར་གྱི་ལུང་ཚད་མས་ཡིད་ཆེས་པར་བྱ་ལ། དེ་ལྟ་བུའི་བདག་ཉིད་ཆེན་པོ་དེ་ནི་ཐུན་མོང་གི་གྲུབ་པ་ཙམ་མིན་པར། གདོད་ནས་མངོན་པར་བྱང་ཆུབ་པའི་བདག་ཉིད་མཆོག་གི་དངོས་གྲུབ། ཟུང་འཇུག་རྡོ་རྗེ་འཆང་ཆེན་པོ་ཉིད་དུ་མངའ་དབང་འབྱོར་པའམ་མངའ་བརྙེས་པའི་མགོན་པོ་དེ་ལ། མཚན་པདྨ་འབྱུང་གནས་ཞེས་སུ་ཞིང་རབ་འབྱམས་ཀྱི་ཐ་གྲུ་ཀུན་ཏུ་མངོན་པར་གྲགས་པ། དེ་ཉིད་འཁོར་དང་བཅས་པ་ནི་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་མི་བསླུ་བའི་སྐྱབས་གནས་མཐར་ཐུག་ཏུ་ཡིད་ཆེས་པས་གསོལ་བ་གདབ་པའི་ཡུལ་ངོས་བཟུང་བའོ། །
དེ་ལྟ་བུར་ཆེ་བའི་ཆེ་མཆོག་རིག་འཛིན་གྱི་རྒྱལ་པོ་དེ་ལ། འཁོར་དུ་གསང་སྔགས་ཀྱི་གདུལ་བྱ་ཁྱད་པར་ཅན་དཔའ་བོ་དང་མཁའ་འགྲོ་གྲངས་མེད་བསམ་གྱིས་མི་ཁྱབ་པས་ན་མང་པོས་བསྐོར་བ་ཏིལ་གྱི་གང་བུ་ཁ་ཕྱེ་བ་ལྟར་བཞུགས་ཤིང་དོན་ལ་རྩ་གསུམ་དམ་ཅན་རྒྱ་མཚོ་མ་ཚང་བ་མེད་པ་སྟེ། འཁོར་རྣམས་ཀྱང་གཙོ་བོའི་ཡེ་ཤེས་གང་འདུལ་སྒྱུ་མའི་རོལ་པ་ལས་མ་འདས་པས་ན་གཙོ་འཁོར་ཐ་མི་དད་པའི་རང་བཞིན་དེ་རྣམས་གསོལ་བ་འདེབས་པའི་ཡུལ་ལོ། །
ཇི་ལྟར་ཡིད་ཆེས་ཀྱིས་གསོལ་བ་འདེབས་པའི་ཚུལ་ནི། མགོན་པོ་དེ་དག་གི་ཡོན་ཏན་ཡིད་བཞིན་རིན་པོ་ཆེ་ལ་དང་འདོད་ཡིད་ཆེས་ཀྱི་དད་པ་དང་མཚུངས་ལྡན་གྱི་སེམས་པས་ཀུན་ནས་བསླངས་ཏེ་དེའི་རྣམ་འགྱུར་ལུས་ངག་ཏུ་ཐོན་པས་གསོལ་བ་འདེབས་པ་དང་ཕྱག་འཚལ་བ་ལ་སོགས་པའོ། །དེ་ཡང་སྐྱབས་ཡུལ་དེ་དག་གི་ཡོན་ཏན་མི་བསླུ་བར་ཤེས་ཤིང་། འཇིག་རྟེན་གྱི་ཆོས་གཞན་ཐམས་ཅད་སྤུན་པ་འཕྱར་བའི་ཚུལ་ལྟར་བཏང་ནས་གཅིག་ཏུ་བློ་གཏད་ཁེལ་བའི་བསམ་པས། མགོན་པོ་ཁྱེད་ཀྱི་རྗེས་སུ་བདག་གཞན་ཐམས་ཅད་འཇུག་ཅིང་དེ་ལས་མི་འདའ་བར་བསྒྲུབ་པ་ཡིན་ལགས་ཀྱིས། རྒྱུ་མཚན་དེས་ན་མི་བསླུ་བའི་མགོན་པོ་ཁྱོད་ཐུགས་རྗེ་ཚད་མེད་པའི་རང་བཞིན་ཡིན་པས་དུས་ད་ལྟ་ཉིད་དུ། སྡུག་བསྔལ་གྱི་རྒྱ་མཚོར་འཕྱན་པ་བདག་དང་བདག་འདྲའི་སེམས་ཅན་རྣམས་ཡལ་བར་མ་དོར་བར། ཐུགས་གསུང་སྐུ་ཡི་གསང་བ་བསམ་གྱིས་མི་ཁྱབ་པའི་བྱིན་གྱིས། ཇི་ལྟར་ལྕགས་ལ་གསེར་འགྱུར་གྱི་རྩིས་བཏབ་པ་ལྟར། བདག་གཞན་རེ་ལྟོས་སྐྱབས་འཚོལ་རྣམས་ཀྱི་ལུས་ངག་ཡིད་གསུམ་རློབ་ཕྱིར། རྔ་ཡབ་དཔལ་རི་སོགས་རང་བཞིན་སྤྲུལ་པ་སྐུའི་ཞིང་གང་ན་བཞུགས་ཀྱང་། ཐུགས་རྗེའི་རྩལ་ཆེན་པོས་གནས་འདིར་གཤེགས་སུ་གསོལ།ཞེས་བྱིན་རླབས་བསྐུལ་བའི་ཚིག་སྨྲོས་ནས་སྔགས་ཚིག་ཀྱང་བསྒྲག་པར་བྱ་སྟེ། འདི་ལྟར་གུ་རུ་ནི་ཡོན་ཏན་ཐམས་ཅད་ཀྱིས་ལྕི་བ་བླ་མ་སྟེ་གོང་ན་མེད་པ། པདྨ་ནི་ཨོ་རྒྱན་ཆེན་པོའི་མཚན་གྱི་ཐོག་མ། སིདྡྷི་ནི་དོན་དུ་གཉེར་བྱ་མཆོག་ཐུན་གྱི་དངོས་གྲུབ། ཧཱུྃ་ནི་དངོས་གྲུབ་དེ་ལྟ་བུ་སྩོལ་ཅིག་པར་དོན་གྱིས་བསྐུལ་བའོ། །
དེ་ལྟར་མདོར་ན་གང་གིས་གསོལ་བ་འདེབས་པ་པོ་དེས་སུ་ལ་གསོལ་བ་འདེབས་ན་སངས་རྒྱས་ཀུན་འདུས་ཨོ་རྒྱན་ཆེན་པོ་ལ་སྟེ། དེ་ཡང་ཚིག་རྐང་པ་དང་པོས་འཁྲུངས་ཡུལ། གཉིས་པས་ཇི་ལྟར་འཁྲུངས་ཚུལ། གསུམ་པས་ཆེ་བའི་ཡོན་ཏན། བཞི་པས་དེ་ལྟར་དམིགས་ཕྱེ་བའི་གུ་རུ་རིན་པོ་ཆེའི་མཚན་དངོས། ལྔ་པས་གང་འདུལ་ཐུགས་རྗེའི་རོལ་རྩལ། འཁོར་དཔའ་བོ་མཁའ་འགྲོ་དང་བཅས་པ་གསོལ་བ་གདབ་བྱའི་ཡུལ་ལོ། །ཇི་ལྟར་གསོལ་བ་འདེབས་ཚུལ་ཚིག་རྐང་དྲུག་པས་བསྟན་ཏེ། ཡོན་ཏན་མཐོང་ནས་གུ་རུའི་རྗེས་སུ་བློ་ཕྱོགས་པ་མི་ལྡོག་པའི་དད་པས་མཐར་ཐུག་གུ་རུ་ཉིད་དང་དབྱེར་མེད་དུ་སྒྲུབ་པར་འདོད་པའི་བློས་ཀུན་ནས་བསླངས་པའི་ལུས་ངག་གི་རྣམ་པར་རིག་བྱེད་དང་བཅས་ཏེ་གསོལ་བ་འདེབས་པའོ། །དེ་ལྟར་གསོལ་བ་བཏབ་པས་བདག་རྒྱུད་བྱིན་གྱིས་རློབ་ཅིང་དངོས་གྲུབ་བསྡུ་བ་ནི་རྐང་པ་བདུན་པ་སྔགས་དང་བཅས་པས་བསྟན་ཏོ། །”[16]ཞེས་འབྱུང་ངོ་། །
ཁྱབ་བདག་བླ་མ་པདྨ་སྐལ་བཟང་མཆོག་གིས«ངག་འདོན་རྣམ་མཁྱེན་ལམ་བཟང་གི་ལྗགས་ཁྲིད་ཆོས་རྗེ་པདྨའི་ཞལ་ལུང»ལས། “ཚིག་བདུན་གསོལ་འདེབས་འདི་ནི་མཁའ་འགྲོ་མ་འབུམ་ཕྲག་མང་པོས་དུས་གཅིག་ཏུ་གསུངས་པའི་རྡོ་རྗེའི་ཚིག་བྱིན་རླབས་ཅན་ཡིན་ཏེ།”[17] ཞེས་དང་། ཡང་རྡོ་རྗེའི་ལྗགས་ཀྱིསའགྲོལ་བའི་སྐབས་སུ། “དེ་ཡང་དང་པོ་འགོ་ནས་ཧཱུྃ་ཞེས་གསུངས་པའི་ཡིག་འབྲུ་འདི། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་ངོ་བོ་མཚོན་བྱེད་ཡིན་ཏེ། ཐུགས་དབྱིངས་རིག་དབྱེར་མེད་ཁྱབ་བརྡལ་ཆེན་པོའི་བརྡ་ཚིག་གིས་བསྐུལ་བས་ཕུན་སུམ་ཚོགས་པ་ལྔ་དང་འབྲེལ་བའི་གུ་རུ་རིན་པོ་ཆེ་འཁོར་དཔའ་བོ་མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅས་པ་སྤྱན་འདྲེན་གདུང་བས་བོས་ན། ཐུགས་རྗེ་གཡོ་བ་མེད་པས་མ་བྱམས་བུ་ལ་འཁྲི་བ་ལྟ་བུའི་བྱིན་རླབས་ཐོབ་པའི་གསལ་འདེབས་ཀྱི་ཚིག་གི་ཐོག་མར་ཧཱུྃ་གི་རྡོ་རྗེའི་རང་སྒྲ་གྲགས་པ་ཞིག་ཡིན།
ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། པདྨ་གེ་སར་སྡོང་པོ་ལ། ཞེས་པས་གནས་ཕུན་སུམ་ཚོགས་པ་བསྟན་པ་ཡིན་ཏེ། ནུབ་ཕྱོགས་ཨོ་རྒྱན་ཧེ་རུ་ཀ་མ་དང་མཁའ་འགྲོ་སྤྲིན་ལྟར་འདུ་བའི་ཡུལ་གྱི་ནུབ་བྱང་གི་མཚམས། དྲི་མེད་མདངས་ལྡན་གསལ་ལ་དྭངས་པའི་རྒྱ་མཚོའི་ནང་ནས་བྲམ་ཟེའི་རིགས་ཀྱི་མེ་ཏོག་དམར་པོ་འཁྲུངས་པ་ལ་པདྨ་གེ་སར་གྱིས་མཛེས་པའི་པདྨའི་སྡོང་པོ་ཆེན་པོ་ལ། ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། ཞེས་པས་ཆོས་ཕུན་སུམ་ཚོགས་པ་བསྟན་ཏེ། དེ་ཡང་ཡ་ཇི་ལྟར་མཚན་ན། སྐུ་གཅིག་ལ་མཚན་གྱི་རྣམ་གྲངས་བརྒྱད་དེ། སྐུ་མཚན་དཔེའི་གཟི་འབར་རྒྱལ་བའི་རྒྱལ་ཚབ་ཏུ་འཁྲུངས་པའི་པདྨ་རྒྱལ་པོ། རྒྱལ་སྲིད་ཐབས་ཀྱིས་སྤངས་ནས་མ་ཆགས་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་དེ་གསང་སྔགས་ཀྱི་བསྟན་པ་སྤེལ་བས་ཉི་མ་འོད་ཟེར། ཤེས་བྱ་རིག་པའི་གནས་ལ་ཆགས་ཐོགས་མེད་པའི་མཁྱེན་པ་རྒྱས་པས་རྒྱལ་སྲས་འཇམ་དབྱངས་དང་དབྱེར་མེད་པ་བློ་ལྡན་མཆོག་སྲེད། སྡེ་སྣོད་གསུམ་དང་རྒྱུད་སྡེ་དྲུག་གི་དགོངས་པ་མཐའ་རུ་ཕྱིན་པ་པདྨ་སཾ་བྷ་ཝ། རྒྱལ་བ་ཐུབ་པའི་དབང་པོ་སླར་ཡང་བྱོན་པ་ལྟ་བུའི་ཆོས་འཁོར་བསྐོར་བའི་བདག་པོ་གུ་རུ་ཤཱཀྱ་སེང་གེ། དེའི་སྟེང་དུ་འཆི་མེད་ཚེ་ཡི་རིག་འཛིན་བརྙེས་པས་རྩ་གསུམ་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་ཏུ་བཞེངས་པ་གུ་རུ་པདྨ་འབྱུང་གནས། བདུད་དང་མུ་སྟེགས་ཀྱི་རྒོལ་ངན་ཐམས་ཅད་རྫུ་འཕྲུལ་ཆེན་པོས་སྤ་བཀོང་བ་གུ་རུ་སེང་གེ་སྒྲ་སྒྲོག །དེའི་ཐོག་ནས་བོད་གངས་ཅན་གྱི་ལྗོངས་སུ་ཕེབས་ཤིང་རྒྱལ་བའི་བསྟན་པ་སྤེལ་ནས་མི་མ་ཡིན་དང་ལྷ་སྲིན་མ་རུངས་པ་ཐམས་ཅད་དམ་ལ་བཏགས་ཤིང་བཏུལ་ནས་བསྟན་ཞབས་གཏེར་གྱིས་གཏམས་པའི་གུ་རུ་རྡོ་རྗེ་གྲོ་ལོད་ལ་སོགས་པ་སྐུ་གཅིག་ལ་མཚན་བརྒྱད། ད་དུང་འཕྲུལ་མཚན་ཉི་ཤུ་ལ་སོགས་པའི་གསང་གསུམ་གྱི་མཛད་པས་རང་དོན་སྤངས་རྟོགས་མཐར་ཕྱིན་ནས་སྣང་སྲིད་གཞིར་བཞེངས་སུ་རྟོགས་པའི་ཟུང་འཇུག་མཆོག་གི་དངོས་གྲུབ་བརྙེས་པའི་སྒོ་ནས་གཞན་དོན་རླབས་ཆེན་གྱི་སྤྱོད་པ་རྒྱལ་བ་ཐམས་ཅད་ཀྱི་མཐུ་བྱིན་ནུས་པ་ཐམས་ཅད་གཅིག་ཏུ་བསྡོམས་པའི་རྣམ་ཐར་ཡོངས་རྫོགས་ཚིག་འདིས་བསྡུས་པ་ཡིན་ནོ། །
པདྨ་འབྱུང་གནས་ཞེས་སུ་གྲགས།ཞེས་པས་སྟོན་པ་ཕུན་སུམ་ཚོགས་པ་བསྟན་ཏེ། དེ་ཡང་མཚན་བསྡུས་ན་གསང་བ་སྔགས་ཀྱི་སྟོན་པ་ཆེན་པོ་མ་ཧཱ་གུ་རུ་པདྨ་འབྱུང་གནས་ཡིན། དེ་ལྟ་བུའི་མ་ཧཱ་གུ་རུ་པདྨ་འབྱུང་གནས་ཞེས་མི་མཇེད་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱས་མ་ཚད་པར་ཇི་སྙེད་ནམ་མཁས་ཁྱབ་པའི་འཇིག་རྟེན་གྱི་ཞིང་ཁམས་རྡུལ་སྙེད་ཀྱི་གྲངས་ལ་ཡོངས་སུ་གྲགས་པ་དེ་ཉིད་ལ། འཁོར་དུ་མཁའ་འགྲོ་མང་པོས་བསྐོར། ཞེས་པས་འཁོར་ཕུན་སུམ་ཚོགས་པ་བསྟན་པ་ཡིན། དེ་ཡང་གུ་རུ་རིན་པོ་ཆེའི་སྐུ་གསུང་ཐུགས་ཀྱི་གསང་བ་ཟབ་མོའི་དཀྱིལ་འཁོར་གྱི་རྣམ་རོལ་ཐམས་ཅད་ལ་ཉི་མ་དང་འོད་ཟེར་གྱི་ཚུལ་དུ། གཙོ་འཁོར་ཐ་མི་དད་པའི་སྣང་ཆར་ཤར་བའི་རིག་འཛིན་དཔའ་བོ་དང་མཁའ་འགྲོ་རྒྱ་མཚོ་མང་པོའི་འཁོར་གྱིས་བསྐོར་བའི་སྐྱབས་ཡུལ་མཆོག་གསུམ་རྩ་གསུམ་ཀུན་འདུས་སུ་དམིགས་ནས། ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས། ཞེས་པའི་ཤུགས་ལ་དུས་ཕུན་སུམ་ཚོགས་པ་བསྟན་ཏེ། ཇི་ལྟར་བསྟན་ཞེ་ན། དུས་གསུམ་དུས་མེད་ཀ་དག་གི་དུས་ཆེན་པོར་དགོངས་པ་གཡོ་མེད་ཀྱི་ཆོས་སྐུའི་རྒྱལ་སར་མངའ་བདག་བསྒྱུར་བ་ཁྱེད་ཀྱི་རྗེས་སུ་བདག་སྐལ་ལྡན་མོས་པའི་བུ་མ་ཕྱིར་བུ་འབྲང་བ་བཞིན་དུ། དུས་འདི་ནས་ཁྱེད་ཀྱི་དགོངས་ཀློང་དང་རོ་གཅིག་ཏུ་མ་གྱུར་བའི་བར་ལ་ཁྱེད་ཀྱི་རྗེས་སུ་འཇུག་ནས་ཁྱེད་བཞིན་འགྱུར་བའི་སྒྲུབ་པས་སྒྲུབ་པ་མཐར་ཕྱིན་པ་ཞིག་བྱེད་ལགས་ཀྱི། བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ། ཞེས་པས། ཁྱེད་ཀྱི་གསང་བ་གསུམ་གྱི་སྒོ་ནས་བདག་གི་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས་པའི་ཕྱིར་བདག་མོས་ལྡན་གྱིས་གསོལ་བ་འདེབས་པའི་གནས་འདི་རུ་གཤེགས་སུ་གསོལ་ཞེས་པའི་འདོད་དོན་གཅིག་ཏུ་དྲིལ་བའི་ཐུགས་རྒྱུད་གདུང་དབྱངས་ཀྱི་ཚིག་གིས་བསྐུལ་བ་ཡིན་ནོ། །
མཇུག་ཏུ། གུ་རུ་པདྨ་སིདྡྷི་ཞེས་པའི་ཚིག་འདི། སཾ་སྐྲྀ་ཏའི་སྐད་དུ་མཁའ་འགྲོ་མ་འབུམ་གྱིས་ཇི་ལྟར་བརྡ་གླུས་བསྐུལ་བའི་གུ་རུ་རིན་པོ་ཆེའི་མཚན་དང་འབྲེལ་བའི་དངོས་གྲུབ་སྐུལ་ཚིག་ཅིག་ཡིན། དེ་ཡང་སྐད་གཞན་དང་གཞན་ལ་མ་བསྒྱུར་བའི་རྡོ་རྗེའི་ཚིག་ཐད་ཀར་སོར་བཞག་མཛད་པ་ཡིན། གུ་རུ་ཞེས་པ་སྒྲ་ཐད་ཀར་བསྒྱུར་ན་ལྕི་བའི་དོན་ལ་འཇུག་སྟེ་ཡོན་ཏན་གྱིས་མཆོག་ཏུ་ལྕི་བ་བླ་མའི་དོན་ཡིན་པ་དང་། པདྨ་ནི་མཚོ་དབུས་པད་སྡོང་ལས་འཁྲུངས་པའི་སློབ་དཔོན་ཆེན་པོའི་མཚན་མ་ཆགས་པདྨའི་རིགས་ཀྱི་གཙོ་བོར་བསྟན་པ་ཡིན། སིདྡྷི་ཞེས་པ་དངོས་གྲུབ་སྟེ་དེའི་དོན་ཡིན་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་རྣམ་པ་གཉིས་སྩོལ་བ་ཧཱུྃ་ཞེས་པ་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་ཡི་གེ་གསང་བ་ཟབ་མོའི་གནས་ཀུན་བདེ་བླག་ཏུ་བདག་ལ་ཟླུམ་པར་མཛོད་ཅིག་གམ་ཐུགས་ཀྱིས་དགོངས་ནས་དགོངས་བརྒྱུད་ཀྱི་བྱིན་རླབས་ཕོབས་མཛོད་ཅིག་ཅེས་པའི་དོན་ཡིན།
དེ་ལྟར་ཚིག་འདི་དང་འབྲེལ་ནས་ཟངས་མདོག་དཔལ་གྱི་རི་བོ་ནས། པདྨ་འོད་ཀྱི་ཕོ་བྲང་རྟེན་དང་བརྟེན་པར་བཅས་པ་རྣམས་རང་གི་མོས་པའི་དད་པས་སྤྱན་དྲངས་ཏེ་རང་ཉིད་ཀྱི་མདུན་གྱི་ནམ་མཁར་སྔར་ནས་གསལ་བཏབ་ཡོད་པར་ཆུ་ལ་ཆུ་བཞག་པ་བཞིན་གཉིས་མེད་དུ་ཐིམ་པར་བསམ་དགོས་སོ། །”[18]ཞེས་ཀྱང་གསུངས་པ་ནི་ཉམས་ལེན་པ་དག་གིས་རྟོགས་པར་བྱ་བ་ཉག་གཅིག་གོ། །
གཉིས། ནང་བསྐྱེད་རིམ་ལྟར་གྱི་སྐད་ཡིག་རང་བཞིན་བཤད་པ།
«རྣམ་བཤད་པད་དཀར»དུ། བསྐྱེད་རིམ་བསྙེན་སྒྲུབ་ཡན་ལག་བཞི་དང་སྦྱོར་ཚུལ་ཟུར་ཚད་མི་འདྲ་བ་གསུམ་སྣང་བ་འདི་ལྟར་ཏེ།
1 “རང་གི་མདུན་མཁར་ཨོ་རྒྱན་ཡུལ་གྱི་ཆར། དྲི་མེད་དྷ་ན་ཀོ་ཤའི་རྒྱ་མཚོར་པདྨའི་སྡོང་པོའི་སྟེང་ན་ཆེ་མཆོག་པདྨ་རྒྱལ་པོ་འཁོར་དཔའ་བོ་མཁའ་འགྲོ་དང་བཅས་པ་ཏིལ་གང་པ་ཕྱེ་བ་ལྟར་གསལ་བརྟན་དུ་དམིགས་པ་བསྙེན་པ། དེ་ལ་གུས་པས་གསོལ་བ་འདེབས་ཤིང་སྒོ་གསུམ་རྡོ་རྗེ་གསུམ་དུ་སྒྲུབ་པར་འདོད་པ་ཉེ་བསྙེན་ཏེ་བསྐྱེད་རིམ་གྱིས་བསྡུས་པ་གཉིས། མཐར་བླ་མ་འཁོར་བཅས་ལ་རབ་འབྱམས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་ཁབ་ལེན་ལ་ལྕགས་འདུ་བའི་ཚུལ་ལྟར་ཐིམ་ཞིང་། ཐམས་ཅད་འོད་དུ་ཞུ་བ་བདག་ལ་ཐིམ་པ་སྒྲུབ་པ། བདག་དང་ལྷ་གདོད་ནས་ངོ་བོ་དབྱེར་མེད་གནས་ལུགས་ངོ་བོ་ཉིད་ཀྱི་གཞི་རང་བྱུང་གི་ཡེ་ཤེས་གང་ཡིན་པ་དེ་རྟོག་པ་གང་ཡང་འོག་ཏུ་མ་གྱུར་པས་གུ་རུ། ལམ་གྱི་བྱ་རྩོལ་ལས་གྲོལ་ཏེ་འཁྲུལ་སྣང་ཡེ་དག་འབྲས་བུ་ལྷུན་གྲུབ་པདྨ་ལྟར་རྒྱས་པ་པདྨ་དེ་ཉིད་ད་གདོད་བསྒྲུབས་ནས་གྲུབ་པའི་འབྲས་བུ་མ་ཡིན་པར། རང་བྱུང་ལྷུན་གྲུབ་ཀྱི་དབྱིངས་སུ་རང་རིག་ཡེ་ཤེས་ཉིད་མངོན་དུ་གྱུར་པ་སིདྡྷི། རང་བྱུང་ཡེ་ཤེས་གཅིག་ལ་གཞི་ལམ་འབྲས་བུ་གསུམ་དུ་ལྡོག་པས་ཕྱེ་ཡང་ངོ་བོ་ཐ་དད་མེད་པ་དེ་ཉིད་སོ་སོ་རང་རིག་པས་མངོན་སུམ་རྟོགས་པ་མཚོན་བྱེད་ཧཱུྃ་ཞེས་དེ་ལྟར་སྒྲུབ་པ་ཆེན་པོ་བཅས་དེ་གཉིས་རྫོགས་རིམ་ཡིན་པས་དོན་དུ་བསྐྱེད་རྫོགས་ཟུང་འཇུག་གི་ཉམས་ལེན་དང་མ་བྲལ་བར་གསོལ་བར་འདེབས་པར་བྱ། ”[19] ཞེས་དང་།
2 “རྐང་པ་དང་པོ་ལྔས་དམིགས་ཡུལ་གསལ་བཏབ་པས་བསྙེན་པ། དྲུག་པས་ཡུལ་དེ་ལ་ཡིད་ཆེས་པས་ཉེ་བར་བསྙེན་པ། བདུན་པས་རང་དང་དབྱེར་མེད་སྒྲུབ་པ། སྔགས་ཀྱིས་ལྷ་དང་རང་སེམས་དབྱེར་མེད་ཆོས་སྐུ་ཆེན་པོའི་རང་ཞལ་མཇལ་བ་སྒྲུབ་ཆེན་གྱི་ཚུལ་ཏེ། ཡན་ལག་བཞིའི་བསྙེན་སྒྲུབ་ཀྱང་ཚང་ལ། ” [20] ཞེས་དང་།
3 “དེ་ལྟར་འབད་པས་དུས་ཀྱི་བསྙེན་པའི་དབང་དུ་བྱས་ན། མོས་གུས་རྩེ་གཅིག་པས་སེམས་གཞན་དུ་མ་ཡེངས་པར་གསོལ་བ་རྒྱུན་ཆགས་སུ་འདེབས་པ་ནི་བསྙེན་པ། དེ་ལས་ནམ་ཞིག་བྱིན་རླབས་ཀྱི་མཚན་མ་ཉེ་བར་གྱུར་པ་ཉེ་བསྙེན། དངོས་ཉམས་རྨི་ལམ་དུ་དངོས་གྲུབ་ཀྱི་རྟགས་ངེས་པར་མཐོང་ནས་གསོལ་འདེབས་ལ་འབད་པ་སྒྲུབ་པ། རང་གི་སྒོ་གསུམ་བྱིན་གྱིས་བརླབས་ནས་བླ་མ་དང་རང་སེམས་དབྱེར་མེད་ཀྱི་དོན་རྟོགས་པ་སྒྲུབ་པ་ཆེན་པོ་ཡིན་ནོ། །”[21] ཞེས་གསུངས་སོ། །
གསུམ། གསང་བ་གྲོལ་ལམ་ལྟར་གྱི་སྐད་ཡིག་རང་བཞིན་བཤད་པ།
དེ་ཡང«རྣམ་བཤད་པད་དཀར»ལས། “ཧཱུྃ་ཞེས་འཁོར་འདས་ཀུན་གྱི་གནས་ལུགས་རང་བྱུང་གི་ཡེ་ཤེས་རང་གསལ་མཚོན་པ་ཐུགས་ཀྱི་ས་བོན་དང་པོར་སྨྲོས་ནས། ཨོ་རྒྱན་ཡུལ་ཞེས་པ་གསང་སྔགས་འབྱུང་བའི་གནས་ཁྱད་པར་ཅན་ཡིན་པས་དེ་ནི་ནང་དོན་གྱི་སྐབས་སུ་རང་གི་སེམས་ཉིད་གསང་སྔགས་ཀྱི་གནས་ཡིན་པས་དེ་ལ་གོ་བར་བྱའོ། །ནུབ་བྱང་ཞེས་པ་འདམ་སོགས་སུ་ཆུད་པ་དང་། དེ་ནས་གྲོལ་བ་ལའང་འཇུག་པས། སྐབས་འདིར་ནུབ་ཀྱི་སྒྲས་འཁོར་བ་དང་། བྱང་གི་སྒྲས་རྣམ་བྱང་མཚོན་པར་བྱེད་དེ། མྱ་ངན་འདས་མདོ་ལས། དེ་བཞིན་གཤེགས་པ་བལྟམས་པའི་ཚེ། ནུབ་ཕྱོགས་སུ་གོམ་པ་བདུན་བོར་བ་ནི་སྐྱེ་བ་ཟད་པ་དང་རྒ་བ་དང་འཆི་བ་མེད་པའི་སྐུ་ཐ་མ་བསྟན་པའི་ཕྱིར་རོ། །བྱང་ཕྱོགས་སུ་གོམ་པ་བདུན་བོར་བ་ནི། སྲིད་པའི་འཁོར་བ་ཐམས་ཅད་ལས་གྲོལ་བར་བསྟན་ཏོ། །ཞེས་གསུངས་པ་ལྟ་བུའོ། །མཚམས་ཞེས་པས་སྲིད་ཞིའི་མཐའ་ལ་མི་གནས་པ་བསྟན་ཏེ། དངོས་སུ་མཚམས་ཞེས་ཀྱང་དམིགས་སུ་མེད་མོད། མཐའ་བྲལ་ལ་དབུ་མའི་ལམ་ཟེར་བ་བཞིན་ནོ། །དེས་ནི་སེམས་ཉིད་འཁོར་འདས་ཀྱི་སྐྱོན་ཡོན་གང་གིས་ཀྱང་མ་གོས་པ་གདོད་མ་གཞིའི་གནས་ལུགས་འདི་ནི་ལྟ་བའི་ཡུལ་སྤྱིའི་ཆ་ནས་བསྟན་པའོ། །དེའི་རང་བཞིན་མ་ནོར་བར་རྟོགས་པ་ཅི་ཞེ་ན། པདྨ་ཞེས་དབྱིངས་ཀ་དག་སྟོང་པ་ཉིད་དམིགས་པའི་མཚན་མ་ཐམས་ཅད་ཡེ་ནས་རྣམ་པར་དག་པའི་བདག་ཉིད་པདྨ་ལྟར་སྐྱོན་དང་བྲལ་ཏེ་གང་དུའང་མི་གནས་པའི་ངོ་བོ་དེ་ནི་རྟོགས་བྱའི་ཡུལ་གྱི་ཚུལ་དུ་བཞག་ཅིང་། དེ་རྟོགས་བྱེད་ལྷུན་གྱིས་གྲུབ་པར་རང་འོད་གསལ་བའི་རིག་པ་ཡེ་ཤེས་ནི་ལྷག་པར་བཞད་ཅིང་གསལ་བ་གེ་སར་གྱི་སྒྲས་མཚོན་ནས་བསྟན་ཏེ་ཡུལ་ཅན་རིག་པའི་རྡོ་རྗེའོ། །དེ་གཉིས་ཐ་དད་དུ་མི་ཕྱེད་པ་རྡོ་རྗེ་ལྟར་གྱུར་པ་ཡུལ་དང་ཡུལ་ཅན་དབྱེར་མེད་དུ་རྟོགས་པའི་ཡེ་ཤེས་མཉམ་པ་ཉིད་ནི། པདྨའི་མེ་ཏོག་དང་ཟེའུ་འབྲུ་གཉིས་ཟུང་འབྲེལ་དུ་འཛིན་པའི་སྡོང་པོ་ཞེས་པའི་སྒྲས་བསྟན་ཏེ། དེ་ལྟར་དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པ་དེ་ནི་མངོན་རྟོགས་ཀྱི་རིམ་པས་ཡུལ་ཡུལ་ཅན་དུ་བཞག་ཀྱང་། དོན་ལ་ཡུལ་སྔོན་དུ་ཡོད་པ་ལ་རིག་པས་གཟོད་རྟོགས་པ་ལྟ་བུ་མ་ཡིན་པར། གདོད་ནས་དབྱིངས་ཡེ་ངོ་བོ་དབྱེར་མེད་དུ་བཞུགས་པ་རང་བྱུང་བདེ་བ་ཆེན་པོའི་ཡེ་ཤེས་ནི་སེམས་ཀྱི་ཆོས་ཉིད་དམ་གཉུག་མ་འོད་གསལ་བའི་སེམས་ཞེས་བྱ་ལ། འཁོར་འདས་དང་འདུས་བྱས་འདུས་མ་བྱས་ཀྱི་ཆོས་ཀུན་གྱི་གཞིར་གྱུར་པ་སོ་སོ་རང་གིས་རིག་པར་བྱ་བ་ལས་ཡོད་མེད་ཡིན་མིན་གྱི་མཐའ་ཐམས་ཅད་དང་བྲལ་བ་སྨྲ་བསམ་བརྗོད་པ་ལས་འདས་པ་དང་། རྡོ་རྗེའི་སྔགས་རྒྱུད་ཐམས་ཅད་ཀྱིས་བསྟན་དོན་གྱི་ཡེ་ཤེས་མཐར་ཐུག་པ་དབང་བཞི་པའི་དོན་གྱི་ལྷན་སྐྱེས་འདི་ཐ་སྙད་དང་། རྟོག་གེའི་བློ་ཡུལ་ལས་འདས་པ་བསམ་གྱིས་མི་ཁྱབ་པའི་རང་བཞིན་ཡིན་པས་ཡ་མཚན་པ་སྟེ། འོད་གསལ་རྫོགས་པ་ཆེན་པོ་དང་དོན་གྱི་ལྷན་སྐྱེས་སོགས་ཀྱི་སྒྲ་འཇུག་ཡུལ་ཡིན་ནོ། །དེ་ནི་རྒྱལ་བ་ཐམས་ཅད་ཀྱི་དགོངས་པའི་དངོས་གཞིར་གནས་ཤིང་མཆོག་གི་དངོས་གྲུབ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་བདག་ཉིད་དུ་ཡེ་ནས་ལྷུན་གྱིས་གྲུབ་པར་མངའ་བརྙེས་པ་ཡིན་པས། དེ་ཉིད་ལ་སྐུ་གསུམ་ལྷུན་གྲུབ་རང་བྱུང་དོན་གྱི་པདྨ་ཞེས་མཚན་གསོལ་བ་དང་། ངེས་པ་དོན་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་ཐམས་ཅད་ཐ་དད་མེད་པར་མཉམ་པ་ཉིད་ཡིན་ལ། ཀུན་རྫོབ་ཐ་སྙད་ཀྱི་དབང་དུ་བྱས་ན། སོ་སོའི་ལམ་བསྒྲུབས་ཏེ་འབྲས་བུ་ཐོབ་པའི་དུས་གསུམ་གྱི་སངས་རྒྱས་པདྨ་ལྟར་རྒྱས་པ་ཐམས་ཅད་ཀྱི་གཞི་ནི་ཆོས་ཉིད་དོན་གྱི་གནས་ལུགས་དེ་ཡིན་པས་འབྱུང་གནས་ཞེས་སུ་གྲགས་པ་སྟེ། ངེས་པ་དོན་གྱི་སངས་རྒྱས་པདྨ་འབྱུང་གནས་ཉིད་ངོས་བཟུང་བའོ། །
དེ་ལྟ་བུའི་ཡེ་ཤེས་དེ་ལ་ལྡོག་ཆས་དབྱེ་བས་ཡེ་ཤེས་ལྔ་ལ་སོགས་པའི་འབྲས་ཆོས་བསམ་གྱིས་མི་ཁྱབ་པའི་སྒྱུ་འཕྲུལ་འཕྲོ་བས་ན། འཁོར་དུ་དབྱིངས་སྒྲིབ་མེད་ཀྱི་མཁའ་ལ་རིག་པ་ཡེ་ཤེས་ཀྱི་རྩལ་འགག་མེད་དུ་འགྲོ་བ་མང་པོས་བསྐོར་བ་སྟེ། ཡེ་ཤེས་ཉག་གཅིག་གཙོ་དང་འཁོར་ལ་སོགས་པ་བསམ་ཡས་སྒྱུ་འཕྲུལ་དྲྭ་བར་འཆར་བའི་ཕྱིར་རོ། །
མདོ་རྒྱུད་རྒྱ་མཚོའི་དགོངས་པའི་མཐིལ་སླེབ་ཅིང་སོམ་ཉི་ལས་བརྒལ་བའི་ཤེས་རབ་ཆེན་པོས་གཉིས་མེད་ཟུང་འཇུག་གི་ཡེ་ཤེས་ཆེན་པོའི་གནས་ལུགས་དེ་ལ་མི་ལྡོག་པའི་ཡིད་ཆེས་རྙེད་པ་ནི་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས་ཞེས་ལམ་དང་གྲུབ་མཐའ་གཞན་ཐམས་ཅད་ཀྱི་བླ་མར་གྱུར་པ་མཐར་ཐུག་གི་གནས་ལུགས་འདི་ལ་ལྟ་བས་ཐག་ཆོད་ཅིང་། སྒོམ་པས་རྩལ་སྦྱངས་ན་གནས་ལུགས་རྟོགས་པའི་ཡེ་ཤེས་ཀྱི་རང་འོད་གསལ་བས་མ་དག་ཐ་མལ་པའི་སྣང་ཞེན་ཐམས་ཅད་དག་པ་ཡེ་ཤེས་ཀྱི་ངོ་བོར་གནས་གྱུར་པ་ནི་བྱིན་གྱིས་རློབ་པ་ཡིན་ལ། དེ་ལྟར་མ་གྱུར་ན་འཁྲུལ་སྣང་རྨི་ལམ་ལྟ་བུ་འཁོར་བའི་སྡུག་བསྔལ་རྒྱུན་མི་འཆད་པས་ན་ལམ་གྱིས་རང་རྒྱུད་བྱིན་གྱིས་རློབས་པའི་ཕྱིར་ཆོས་ཉིད་དེ་ལྟ་བུ་ཐོས་བསམ་དང་བླ་མའི་མན་ངག་གིས་རྟོགས་པར་བྱེད་པ་ནི་གཤེགས་ཞེས་པ་སྟེ། རྣམ་འགྲེལ་ལས། གཤེགས་པ་རྟོགས་པའི་དོན་ཅན་ཡིན། །ཞེས་པ་ལྟར་རོ། །དེ་ཡང་ཆོས་ཉིད་ཀྱི་ངང་དུ་ཆུ་ལ་རླབས་ལྟར་ཡུལ་ཡུལ་ཅན་ཐ་དད་མེད་པར་དེ་བཞིན་དུ་གཤེགས་ཤིང་རྟོགས་པ་ལ་གཤེགས་སུ་གསོལ་ཞེས་སྨོན་ཚིག་སྦྱར་བའོ། །
དེ་ལྟ་བུ་རྟོགས་པའི་ཆེད་དུ་བྱེ་མདོ་ནས་བརྩམས་ཏེ་འོད་གསལ་རྡོ་རྗེ་སྙིང་པོའི་བར་དུ་ལམ་གྱི་རིམ་པ་ཇེ་བཟང་དུ་བསྟན་པའི་མཐར་ཐུག་སེམས་ལས་འདས་པའི་ཡེ་ཤེས་འདི་ག་ལ་སྐྱེལ་སོ་བྱས་ཏེ། ཡེ་ཤེས་འདི་ནི་ངོ་བོ་སྟོང་པ་ཆོས་ཀྱི་སྐུ་མཚན་མའི་སྤྲོས་པ་གང་གི་འོག་ཏུ་མ་གྱུར་པས་གུ་རུ། རང་བཞིན་འོད་གསལ་བས་རོལ་བས་འགགས་མེད་ལོངས་སྤྱོད་རྫོགས་པའི་སྐུ་ལྷུན་གྱིས་གྲུབ་ཀྱང་དབྱིངས་དང་ཐ་དད་མེད་པས་ཐ་སྙད་ཀྱི་མཚན་མས་མ་གོས་པ་པདྨ། དེ་གཉིས་ངོ་བོ་དབྱེར་མི་ཕྱེད་པའི་ཐུགས་རྗེ་ཀུན་ཁྱབ་འཁོར་འདས་ཀུན་གྱི་རེ་འདོད་ཡིད་བཞིན་དུ་སྐོང་བ་སིདྡྷིའོ། །དེ་ལྟ་བུའི་རང་བྱུང་ཡེ་ཤེས་མཚོན་བྱེད་ཧཱུྃ་ཞེས་སྨྲོས་པའོ། །”[22]ཞེས་འབྱུང་ངོ་། །
བཞི། ཤིན་ཏུ་གསང་བ་རྫོགས་རིམ་ཐབས་ལམ་ལྟར་གྱི་སྐད་ཡིག་རང་བཞིན་བཤད་པ།
འདི་ཡང«རྣམ་བཤད་པད་དཀར»ལས་བྱུང་བ་ལྟར་ཅུང་ཟད་བསྡུས་ཏེ་ཞུས་ན། “གྲོལ་ལམ་ཤེས་རབ་ཀྱིས་གཏན་ལ་ཕབ་པའི་དོན་གྱི་ཡེ་ཤེས་དེ་མངོན་དུ་རྟོགས་མ་ནུས་པ་ལ་ཐབས་ཀྱི་ལམ་ཁྱད་པར་ཅན་གྱི་སྟོབས་ལས་མངོན་དུ་བྱེད་པའི་ཚུལ་ནི། ཧཱུྃ་ཞེས་དོན་གྱི་ལྷན་སྐྱེས་རང་བྱུང་གི་ཡེ་ཤེས་མཚོན་བྱེད། ཨོ་རྒྱན་གྱི་ཡུལ་ནི་ནང་དོན་ལྟར་ན་གསང་སྔགས་ཀྱི་རྟེན་ཁྱད་པར་ཅན་རྡོ་རྗེའི་ལུས་སྤྱིའམ་ཡང་ན་དེའི་སྙིང་པོ་ཙིཏྟའོ། །གྱི་ཡི་སྒྲ་ནི་དེ་དང་འབྲེལ་བར་བསྟན་པའོ། །ནུབ་བྱང་ཞེས་པ་རོ་རྐྱང་སྟེ་ཁམས་ཕྲི་བའམ་ནུབ་པར་བྱེད་པ་ཉི་མའི་རླུང་རྒྱུ་བའི་གཡས་སུ་རོ་མ་དམར་མོ་དང་། ཁམས་འཕེལ་བའམ་རྩུབ་རེག་ཞི་བསིལ་དུ་བྱེད་པས་རྙོགས་པ་དྭངས་པའམ་བྱང་བར་བྱེད་པ་ཟླ་བའི་རླུང་རྒྱུ་བའི་གཡོན་རྐྱང་མ་དཀར་མོའོ། ། མཚམས་ནི་དེ་གཉིས་ཀྱི་དབུས་ན་ཞེས་སོ། །པདྨ་ནི་སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་པའོ། །གེ་སར་ནི་འབྱུང་བ་ལྔའི་དྭངས་མ་ལྔ་འདུས་པའི་ཐིག་ལེའོ། །སྡོང་པོ་ནི་སྒྲ་གཅན་ནམ་མཁའ་འམ་ཡེ་ཤེས་ཀྱི་རླུང་རྒྱུ་བའི་དབུ་མའོ། །དེ་ལྟ་བུའི་རྡོ་རྗེའི་ལུས་ཀྱི་དྭངས་མའི་རྩ་རླུང་ཐིག་ལེ་ཁྱད་པར་ཅན་དེ་ལ། ག་བུར་དང་དེའི་དྲི་ཞིམ་ལྷན་སྐྱེས་སུ་གྱུར་པ་བརྟེན་པ་རང་བྱུང་ཡེ་ཤེས་ཟག་མེད་བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་རྡུལ་བྲལ་འགྱུར་མེད་ཀྱི་རང་འོད་གསལ་བའི་ཐིག་ལེ་ཉིད་ཤིན་ཏུ་ཡ་མཚན་པ་སྟེ། འགྱུར་མེད་ཀྱི་བདེ་བ་ཆེན་པོ་དང་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཆེན་པོ་ཟུང་འཇུག་འདུ་འབྲལ་མེད་པ་ཉིད་བསམ་བརྗོད་ལས་འདས་པའི་ཆོས་ཉིད་ངོ་མཚར་རབ་འབྱམས་དང་ལྡན་པའི་ཕྱིར་རོ། །དེ་ཉིད་ཡེ་ནས་ཟུང་འཇུག་ཡེ་ཤེས་ཀྱི་སྐུ་རྒྱལ་བ་ཐམས་ཅད་ཀྱི་དགོངས་པའི་དངོས་གཞིར་ངེས་ཤིང་། མཆོག་གི་དངོས་གྲུབ་རྡོ་རྗེ་འཆང་ཆེན་པོ་འབྲས་ཆོས་རྒྱ་མཚོའི་བདག་ཉིད་དུ་ལྷུན་གྱིས་གྲུབ་པའམ་མངའ་བརྙེས་པ་དེ་ལ་རང་བྱུང་དོན་གྱི་པདྨ་འབྱུང་གནས་ཞེས་སུ་གྲགས་པའོ། །དེ་ལྟ་བུར་རང་བྱུང་ཡེ་ཤེས་ཀྱི་ཐིག་ལེ་པདྨ་འབྱུང་གནས་དེ་ལ་འཁོར་དུ་ནི་ཡེ་ཤེས་ཐིག་ལེ་ཆེན་པོའི་རྩལ་ལས་དབུ་མ་དང་། དེ་ལས་འཕྲོས་པའི་རྩ་ཡི་བུ་ག་སྟོང་པའི་མཁའ་ལ་རྒྱུ་བའམ་འགྲོ་བའི་རླུང་དང་ཐིག་ལེ་སྟེ། རྩ་འཁོར་ལོ་བཞི་ལ་སོགས་པར་གནས་པའི་རླུང་ཐིག་གང་ཞིག། ཤིན་ཏུ་དྭངས་མར་གྱུར་པ་དང་། ཕྲ་བ་དང་། རགས་པ་དང་སྙིགས་མར་གྱུར་པའི་རྣམ་པས་ཤིན་ཏུ་མང་པོས་བསྐོར་བ་དེ་ཐམས་ཅད་ཐབས་ཀྱིས་ཟིན་ན་བདེ་བ་ཆེན་པོའི་ཡེ་ཤེས་འཆར་བའི་གྲོགས་བྱེད་པའི་ནང་གི་མཁའ་འགྲོ་མའི་ཚོགས་སོ། །དེ་ལྟར་རྡོ་རྗེའི་ལུས་ཀྱི་གནས་ལུགས་དེ་ཤེས་ནས། དེ་དང་རྗེས་སུ་མཐུན་པར་ཐབས་ཀྱི་མན་ངག་གིས་གནད་དུ་བསྣུན་པའི་ལམ། ལུས་ཀྱི་འཁྲུལ་འཁོར་དང་། རླུང་གཅུན་པ་དང་། ཕྲ་མོའི་ཐིག་ལེ་ལ་དམིགས་པ་སོགས་ཀྱི་སྒོ་ནས་ལས་རླུང་དབུ་མར་བསྟིམས་ཤིང་ཞུ་བདེ་བསྐྱེད་པ་གཏུམ་མོ་དང་། གཞན་ལུས་ཕྱག་རྒྱའི་རྣལ་འབྱོར་དང་། རླུང་སེམས་དབུ་མར་འཛུད་པའི་ཐབས་དེས་དྲངས་པའི་སྒྱུ་ལུས་དང་། འོད་གསལ་གྱི་གནས་དང་། ལམ་གྱི་ཆ་ལག་རྨི་ལམ་ལ་སོགས་པ་སྔགས་ཀྱི་མཚན་བཅས་རྫོགས་པའི་རིམ་པ་ཟམ་མོའི་མཐུས་ཡེ་ཤེས་དེ་བཞིན་ཉིད་དུ་སྒྲུབ་པ་ལ་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས་ཞེས་སོ། །དེ་ལྟར་རྡོ་རྗེའི་ལུས་ཐབས་ཀྱི་རྒྱུད་ལ་བརྟེན་ནས་སྒྲུབ་པས་དྭངས་མ་ཡེ་ཤེས་ཀྱི་ཐིག་ལེ་སྟོབས་སུ་གྱུར་པས་མ་དག་སྙིགས་མའི་ཁམས་ཐམས་ཅད་བདེ་བའི་དབྱིངས་སུ་སྦྱངས་པས་སྣོད་བཅུད་སྣང་སྲིད་ཐམས་ཅད་དག་པ་ཟག་མེད་བདེ་ཆེན་གྱི་ངོ་བོར་གནས་གྱུར་ཏེ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་རྣམ་པར་དག་པ་ལ་བྱིན་གྱིས་རློབ་ཕྱིར་ཞེས་སྨྲོས་ཏེ། ཡེ་ཤེས་ཀྱི་ངོས་ནས་ཡེ་ནས་རྣམ་པར་དག་ཀྱང་བློ་མཚན་རྟོག་གི་སྒྲིབ་པས་གནས་ལུགས་བཞིན་མངོན་དུ་མ་གྱུར་པར་སྡུག་ཀུན་གྱིས་བསྡུས་པ་མ་དག་འཁོར་བའི་སྣང་བ་མུ་མེད་པར་ཤར་བ་ཐམས་ཅད་ཀྱི་རྒྱུ་ལས་རླུང་འཕོ་བའི་བག་ཆགས་ཐམས་ཅད། འཕོ་མེད་ཡེ་ཤེས་ཀྱི་དབུ་མ་ཆེན་པོ་རུ་ལྡོག་སྟེ་གཞི་དབྱིངས་དེ་བཞིན་ཉིད་འགྱུར་བ་མེད་པའི་ཐིག་ལེར་བསྡམས་པས་མངོན་པར་བྱང་ཆུབ་ནས་ནམ་མཁའ་ཇི་སྲིད་དུ་འཁོར་བར་མི་ལྡོག་པ་བདེ་ཆེན་རྡོ་རྗེ་ལྟ་བུའི་སྐུ་བརྙེས་པ་ལ། གཞི་ཆོས་དབྱིངས་ཆོས་སྐུ་ཆེན་པོ་རྒྱལ་བ་ཐམས་ཅད་ཀྱི་དགོངས་པའི་ཀློང་དེར་གཤེགས་སུ་གསོལ་ཞེས་པའོ། །དེ་ལྟ་བུའི་དགོངས་པའི་དངོས་གཞི་དེ་ལ་ཡིད་ཆེས་པ་ནི། འདི་ལྟ་བུའི་ལམ་ཁྱད་པར་ཅན་གྱིས་ཐོབ་པའི་ཡེ་ཤེས་ནི་བླ་ན་མེད་པའི་གུ་རུ། ལམ་གྱི་གནད་ཟབ་པས་དུག་ལྔ་སོགས་ཟག་བཅས་ཐམས་ཅད་ཟག་མེད་བདེ་ཆེན་གྱི་གྲོགས་སུ་འཆར་ཞིང་རང་གྲོལ་བས་པདྨ། བདེན་དོན་མཆོག་གི་བདག་ཉིད་མཐར་ཐུག་གི་ཡེ་ཤེས་ཆེན་པོ་མྱུར་དུ་འགྲུབ་པའི་སིདྡྷི་སྟེ། མདོར་ན་ཡིད་ཤེས་བདེ་མྱུར་དུ་སྐྱོབ་པའི་གསང་སྔགས་ཀྱི་ཐབས་ལས་ཤར་བའི་ཡེ་ཤེས་ཉིད་ལ་ངོ་མཚར་ཞིང་དམ་པས་རྒྱལ་བའི་ཐུགས་ཀྱི་ས་བོན་ཧཱུྃ་ཞེས་བརྗོད་པའོ།།”[23]ཞེས་འབྱུང་ངོ་། །
ལྔ། མཐར་ཐུག་རྫོགས་པ་ཆེན་པོའི་མན་ངག་ལྟར་གྱི་སྐད་ཡིག་རང་བཞིན་བཤད་པ།
«རྣམ་བཤད་པད་དཀར»ལས། “ཡང་གསང་རྫོགས་པ་ཆེན་པོ་འོད་གསལ་སྙིང་ཐིག་ཐུན་མོང་མིན་པའི་ལམ་ལྟར་བཤད་པ་ལ། གནས་ལུགས་རང་བྱུང་གི་ཡེ་ཤེས་དེ་ཉིད་ཏིལ་ལ་མར་གྱིས་ཁྱབ་པ་ལྟར་སེམས་ཀྱི་ཆོས་ཉིད་དུ་གཞོན་ནུ་བུམ་སྐུའི་ཚུལ་དུ་བཞུགས་པ་ཡིན་ན་ཡང་། ཐ་མལ་པའི་ཕུང་ཁམས་སྐྱེ་མཆེད་དང་ལས་ཉོན་གྱི་འཆིང་བས་ཡེ་ཤེས་རང་འོད་ཀྱི་སྐུ་དང་ཁ་དོག་གི་སྣང་བ་དང་ཡེ་ཤེས་དང་ཆོས་ཉིད་ལ་བསྒྲིབས་ནས་རང་ཞལ་མ་མཐོང་བ་ལ། ཐེག་པའི་རྒྱལ་པོའི་མན་ངག་གིས་སོ་སྐྱེ་ཐ་མལ་བས་ཀྱང་ལྷུན་གྲུབ་འོད་གསལ་གྱི་སྦུབས་ནས་རང་བྱུང་ཡེ་ཤེས་ཀྱི་རང་ཞལ་མཐོང་བྱེད་ལྷུན་གྲུབ་ཐོད་རྒལ་གྱི་གནད་ནི། ཧཱུྃ་ཞེས་རང་བྱུང་གི་ཡེ་ཤེས་ལ་དམ་པའོ། །ཨོ་རྒྱན་གྱི་ཡུལ་ནི་ཙིཏྟ་ཤའི་སྒྲོན་མའོ། །གྱི་ནི་དེ་དང་འབྲེལ་བར་ནུས་པ་ནི་སྙིང་དབུས་གཞོན་ནུ་བུམ་སྐུ་ཡེ་ཤེས་འོད་ཀྱི་ཐིག་ལེ་རྡོ་རྗེའི་ལུས་ཀྱི་སྦུབས་སུ་ནུབ་སྟེ་གནས་པ་ནང་གི་དབྱིངས་དང་། བྱང་བ་ནི་ཕྱིའི་དབྱིངས་སྤྲིན་བྲལ་གྱི་ནམ་མཁའ་སྟེ། དེ་གཉིས་སྤྲད་པའི་མཚམས་ནི་ནང་གི་མིག་གི་དབང་པོའི་ལམ་རྒྱང་ཞགས་ཆུའི་སྒྲོན་མ་ལས་བརྒྱུད་དེ་ཕྱིའི་དབྱིངས་དག་པའི་མཁའ་ལ་དབྱིངས་རྣམ་དག་གི་སྒྲོན་མ་སྔོ་ལ་དྭངས་པ་འཇའ་ཟེར་གྱི་དྲྭ་བ་ཅན་མེ་ལོང་ལྟ་བུའི་ཐིག་ཟླུམ་གྱིས་མཛེས་པ་དང་། དེ་ལ་གོམས་པས་ཐིག་ལེ་སྟོང་པའི་སྒྲོན་མ་ཆུ་མིག་ཏུ་རྡོ་བོར་བའི་རི་མོ་ལྟ་བུ་དམར་གསལ་ཟླུམ་ལ་དྭངས་པ་འཆར་བ་དང་གཉིས་ནི་པདྨ་སྟེ་སྐྱོན་བྲལ་ཆོས་དབྱིངས་ཡུམ་གྱི་མཁའ་དབྱིངས་རྣམ་པར་དག་པ་དང་གཞལ་ཡས་ཁང་གི་ཚུལ་ལོ། །གེ་སར་ནི་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད། གསེར་དང་མུ་ཏིག་གི་ཕྲེང་བའམ། རྟ་རྔ་ལ་མདུད་པ་བོར་བ་ལྟ་བུ་ཟུང་འབྲེལ་འཁྱོགས་པོ། ཐིག་ཟླུམ་ཆལ་ཆོལ་དང་བཅས་པ་ནི། ཤེས་རབ་རང་བྱུང་སྒྲོན་མའི་གདངས་རིག་པ་ཡེ་ཤེས་དངོས་ཀྱི་རང་འོད་དོ། །སྡོང་པོ་ཞེས་པ་ལམ་གྱི་མན་ངག་བཞིན་དུ་སྒོ་གསུམ་རྣལ་དུ་ཕབ། གནད་གསུམ་རབ་ཏུ་གཟིར་ཏེ་རིག་པ་རང་བབ་རྟོག་མེད་ཀྱི་ངང་ལས་དབྱིངས་ཀྱི་ར་བར་རིག་གདངས་བཙོན་དུ་བཟུང་སྟེ་གནད་གཟིརའཛིན་པར་བྱེད་པའོ། །དེ་ཡང་མི་འགུལ་བ་གསུམ་ལ་གཞི་བཅས། སྡོད་པ་གསུམ་གྱིས་ཚོད་བཟུང་། ཐོབ་པ་གསུམ་གྱིས་གཟེར་བཏབ་པས་མངོན་སུམ་པའི་སྣང་ཉམས་གང་ཞིག་ཡིད་དཔྱོད་ལ་རག་མ་ལས་པ་དེ་ཁོ་ནའི་ཐབས་ལ་བརྟེན་ནས། གདེང་བཞི་རིམ་གྱིས་ཐོབ་ཅིང་། དེ་ཡང་ཆོས་ཉིད་མངོན་སུམ། ཉམས་གོང་འཕེལ། རིག་པ་ཚད་ཕེབ་གསུམ་གྱི་སྣང་བ་ཡ་མཚན་པ་རྫོགས་ནས། ཆོས་ཉིད་ཟད་པའི་ས་མཆོག་གི་དངོས་གྲུབ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཚེ་འདིར་བརྙེས་པ་ལ་ཚེགས་མེད་ཅིང་། དེའི་ཚེ་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་རང་བྱུང་པདྨ་ཐོད་ཕྲེང་དང་དགོངས་པ་དབྱེར་མེད་དུ་གྱུར་པ་ཡིན་ལ། དེའི་ཕྱིར་པདྨ་འབྱུང་གནས་ཞེས་སུ་གྲགས་ཞེས་སོ། །དེ་ལྟ་བུར་དབྱིངས་རིག་གི་གདངས་གནད་དུ་གཟིར་བ་རང་བྱུང་གི་ཡེ་ཤེས་ཉིད་རང་འོད་གསལ་བ་ཤེས་རབ་རང་བྱུང་གི་སྒྲོན་མེའི་ངང་དུ་མཉམ་པ་དེ་ལས་མ་གཡོས་ཀྱང་དེའི་རྩལ་ལ་འཁོར་གྱི་ཚུལ་དུ་འཇའ་ཟེར་ཐིག་ལེ་ཐིག་ཕྲན་སོགས་མཁའ་ལ་འགྲོ་ཞིང་གཡོ་ལ་གསལ་བ་མང་པོས་བསྐོར་བའི་ཉམས་ཀྱི་འཕེལ་བ་ཤུགས་ཀྱིས་འབྱུང་ཞིང་། དེའི་ཚེ་དེ་ཐམས་ཅད་རང་བྱུང་རིག་པའི་རང་གདངས་ལས་གཞན་དུ་མེད་པས་ཀ་དག་གི་དགོངས་པ་སོ་མ་ལྷུག་པ་ལ་རང་བབ་ཅོག་བཞག་བཞི་དང་མ་བྲལ་བའི་ངང་ནས་སྣང་བའི་འོད་གསལ་ཉིད་ལ་གནད་དུ་བསྣུན་པ་ནི་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས་ཞེས་སོ། །དེ་ལྟར་བསྒྲུབ་པས་མ་དག་ལས་རླུང་གིས་བསྐྱེད་པའི་སྣང་བ་ཐམས་ཅད་གཞོམ་མེད་ཡེ་ཤེས་ཀྱི་ཀློང་དུ་སྦྱང་སྟེ་འཕོ་མེད་འཇའ་ལུས་རྡོ་རྗེའི་སྐུ་གྲུབ་པ་ནི། བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ་ཞེས་པའི་དོན་ནོ། །ལམ་འདི་ལྟ་བུ་ནི་སྔགས་ནང་པ་མ་རྒྱུད་གསང་མཐའ་བ་སོགས་སྔགས་བླ་མེད་ཀྱི་གཞུང་གཞན་གང་ལའང་མ་གྲགས་པར་ཤིན་ཏུ་སྦས་པ་ཙམ་དུ་མ་ཟད། རྫོགས་པ་ཆེན་པོ་རང་གི་གཞུང་ན་ཡང་། ཕྱི་སྐོར་ནང་སྐོར་སོགས་སུ་མིང་ཙམ་ཡང་མ་བསྟན་པ། འོད་གསལ་སྙིང་ཐིག་སྙིང་པོའི་ལམ་མངོན་སུམ་སངས་རྒྱས་ལམ་བྱེད་ཀྱི་ཁྱད་ཆོས་ཡིན་པས། ལམ་འདི་ནི་བླ་ན་མེད་པ། དྲི་མ་མེད་པ། ཚེ་འདི་ལ་མཆོག་གི་དངོས་གྲུབ་ཆེས་བདེ་མྱུར་དུ་འགྲུབ་པར་བྱེད་པས་གུ་རུ་ལ་སོགས་པའི་མིང་གསུམ་གྱིས་བརྡས་བསྟན་ཅིང་། དེ་ལ་ངོ་མཚར་ཞིང་དམ་པའི་སྒྲ་རང་བྱུང་ཐུགས་ཀྱི་ས་བོན་སྨྲོས་པའོ། །” [24]ཞེས་འབྱུང་ངོ་། །
དྲུག། ཐབས་གྲོལ་ལམ་གཉིས་ཉམས་སུ་བླང་བའི་ལག་རྗེས་ལ་བཟླ་བའི་མན་ངག་ལྟར་གྱི་སྐད་ཡིག་རང་བཞིན་བཤད་པ།
«རྣམ་བཤད་པད་དཀར»ལས། “ལམ་གོང་བཤད་དེ་དག་ཉམས་སུ་བླང་བའི་ལག་རྗེས་ལ་བཟླ་བའི་མན་ངག་ལྟར་བཤད་པ་ལ། གོང་དུ་བཤད་པ་ཐབས་གྲོལ་ལམ་དེ་ལྟར་ཉམས་སུ་བླང་བའི་རྟོགས་པ་འཆར་ཚད་ནི། ཧཱུྃ་ཞེས་ཡེ་ཤེས་ལ་དམ་པའོ། །ཨོ་རྒྱན་ཡུལ་ཞེས་པ་གསང་སྔགས་ཀྱི་འབྱུང་གནས་ཏེ། ཨོ་ཊྱི་ན་ཞེས་པ་འཕུར་འགྲོ་སོགས་སུ་འགྱུར་བས་དེ་ཟུར་ཆག་པ་ཨོ་རྒྱན་ཞེས་པས་འཁོར་འདས་ཀུན་གྱི་རྩ་བ་རང་གི་སེམས་ཉིད་འཁྲུལ་པའི་རྨི་ལམ་སད་པ་ལྟར། གཉིས་སྣང་འཁོར་བའི་འདམ་ལས་འཕུར་ནས་ཐར་པའི་ལམ་ལ་འགྲོ་བའི་སྔགས་ཀྱི་རིགས་སད་པ་མཚོན་ཏེ། འཁོར་བ་ལས་ཐར་པའི་ལམ་ལའང་སྔགས་ནི་ཆེས་བདེ་མྱུར་དུ་སྐྱོབ་པར་བྱེད་པས་འཕུར་ཏེ་འགྲོ་བ་ལྟ་བུའོ། །དེ་ཡང་འཆིང་གྲོལ་ནི་སེམས་ལ་བརྟེན་པས་སེམས་སྔགས་ཀྱི་ཐབས་མཁས་ལ་ཞུགས་པ་དེ་དང་འབྲེལ་བས་ན་གྱི་ཞེས་སྨྲོས་ཏེ། ཇི་ལྟར་ན་དེ་སྔ་འཁོར་བའི་བག་ཆགས་ཀྱི་འདམ་ལ་ནུབ་པའམ་བྱིང་བར་གྱུར་པ་དེ་ལས་ཐར་ཏེ་གྲོལ་བའམ་བྱང་བར་གྱུར་པའམ། ཡང་ན་འཁྲུལ་སྣང་ཐམས་ཅད་དག་པའི་དབྱིངས་སུ་ནུབ་ཅིང་སྐྱོན་ཐམས་ཅད་བྱང་བ་འཁོར་འདས་རུ་ཤན་དབྱེ་བའི་ས་མཚམས་ནི། འདི་ལྟར་སྒྲར་གྲགས་པ་དང་དབང་པོ་ཐམས་ཅད་གསུང་གི་དཀྱིལ་འཁོར་དུ་དག་ཅིང་། དྲན་རྟོག་ཐམས་ཅད་ཐུགས་ཀྱི་དཀྱིལ་འཁོར་དུ་རྫོགས་པ་དང་། ཅིར་སྣང་ཡུལ་གྱི་རྣམ་པ་ཐམས་ཅད་སྒྱུ་འཕྲུལ་དྲྭ་བ་སྐུ་ཡི་དཀྱིལ་འཁོར་དུ་སྨིན་པས་རིམ་པ་ལྟར་པདྨ་དང་གེ་སར་དང་སྡོང་པོ་ཞེས་པས་བརྡས་མཚོན་ནས་བསྟན་ཏེ། གསུང་དང་དབང་པོ་བརྡ་སྤྲོད་པའི་ཚུལ་དུ་གཅིག་ཅིང་། དེ་ལས་གསང་སྔགས་ཀྱི་དོན་ལ་འཇུག་པས་གསུང་མ་ཆགས་པདྨའི་བརྡས་མཚོན་ཏེ་དང་པོར་བསྟན་ཏོ། ། དེའི་རྗེས་སུ་གསང་སྔགས་ལམ་གྱི་མན་ངག་ལ་བརྟེན་ནས་རིག་པ་ཡེ་ཤེས་ངོ་འཕྲོད་པ་ནི་གེ་སར་གྱི་བརྡས་མཚོན་ཏེ་མེ་ཏོག་གི་སྙིང་པོར་གྱུར་པའི་ཚུལ་གྱིས་ལྷག་པར་གསལ་ཞིང་མཛེས་པ་ཡིན་པས་སོ། །དེའི་རྗེས་སུ་སྐུ་སྡོང་པོ་སྒྲས་བསྟན་པ་ནི་རྟོགས་པ་བདག་གི་དཔལ་ཐོབ་ནས་ཐུགས་རྗེ་གཞན་གྱི་དཔལ་སྒྱུ་འཕྲུལ་དྲྭ་བའི་རོལ་པ་མི་ཟད་པར་འཕྲོ་བ་དཔག་བསམ་གྱི་ཤིང་ལྟར་མངོན་མཐོའི་བསིལ་གྲིབ་དང་ངེས་ལེགས་ཀྱི་འབྲས་བུ་སྨིན་པ། མཚན་དཔེའི་མེ་ཏོག་མཛེས་ཤིང་ཕན་བདེའི་དྲི་བསུང་འཕྲོ་བས་དཔལ་དང་ཕུན་སུམ་ཚོགས་པ་ཀུན་གྱི་རྟེན་དུ་གྱུར་པས་དེ་སྐད་ཅེས་བྱ་སྟེ། གསང་སྔགས་ཀྱི་བརྡ་འདི་དག་ཀྱང་རེ་རེ་ནས་ལུང་དང་སྦྲགས་ན་ཡི་གེ་མང་བས་བཞག་ལ། མདོ་ཙམ་སྨོས་ན། བང་མཛོད་འཕྲུལ་ལྡེའུ་ལས། མཚན་མའི་རྣམ་པར་རྟོག་པ་ཀུན། །གཉིས་མེད་ཡེ་ཤེས་ངང་དུ་ནུབ། །བྱང་ཆུབ་སེམས་ནི་ནུབ་ཕྱོགས་ཡིན། །བྱང་ཆུབ་སེམས་ཀྱི་ཆོས་ཉིད་ལ། །ཉོན་མོངས་སྐྱོན་གྱིས་མ་གོས་པས། །བྱང་ཆུབ་སེམས་ནི་བྱང་ཕྱོགས་ཡིན། །ཞེས་དང་། རྫོགས་ཆེན་སྣང་སྲིད་ཁ་སྦྱོར་གྱི་རྒྱུད་ལས། རྣམ་པར་རྟོག་པའི་མཚན་མ་ཇི་སྙེད་རྣམས། །མི་རྟོག་སྐྱེ་བ་མེད་པའི་དབྱིངས་སུ་ནུབ། །བྱང་ཆུབ་སེམས་ནི་ནུབ་ཕྱོགས་ཡིན། །ཉོན་མོངས་དགག་སྒྲུབ་གཟུང་འཛིན་བྱང་། །བྱང་ཆུབ་སེམས་ནི་བྱང་ཕྱོགས་ཡིན། །ཞེས་དང་། རྫོགས་ཆེན་ནམ་མཁའ་མཉམ་པའི་རྒྱུད་སོགས་ལས། པདྨ་འདམ་གྱིས་མ་གོས་ལྟར། །བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །གཟུང་འཛིན་དྲི་མ་གཞི་ལ་མེད། །ཅེས་དང་། སྣ་ཚོགས་སུ་སྣང་ཡང་དྲི་མས་མ་གོས་པ་པདྨ་ལྟ་བུའོ། །ཞེས་གསུངས་པ་སོགས་ཀྱི་མཚོན་ནས་ཤེས་པར་བྱའོ། །དེ་ལྟར་སྣང་སྲིད་ཐམས་ཅད་གསང་བ་གསུམ་གྱི་དཀྱིལ་འཁོར་དུ་སྣང་ལ་སྣང་བ་དེ་ཡང་དམིགས་བཅས་རིས་ཆད་ཅན་མིན་པར། རང་བྱུང་གི་ཡེ་ཤེས་རྣམ་པ་ཐམས་ཅད་པ་གཅིག་གི་རོལ་པ་ཡིན་པས་དེའི་ངང་ལས་མ་འདས་པར་ཐམས་ཅད་མཉམ་ཉིད་ཡེ་ཤེས་རྡོ་རྗེའི་བདག་ཉིད་དུ་གནས་པ་ནི་ཡ་མཚན་པའོ། །
སྣང་ཚུལ་གྱི་དབང་དུ་བྱས་ན། སེམས་ཉིད་ཡེ་ནས་དག་ཀྱང་གློ་བུར་གྱི་དྲི་མས་མ་དག་པ་སེམས་ཅན་རྣམས་ཀྱི་རྒྱུད་ལ་བཞུགས་པའི་ཆོས་ཉིད་དེ་སེམས་ཅན་སོ་སོའི་རང་ངོ་ལ་ལྟོས་ན་དག་པ་གཉིས་ལྡན་གྱི་སངས་རྒྱས་མིན་པའི་ཚུལ་དང་། སྤང་ན་ཡང་སངས་རྒྱ་བའི་ཚུལ་དུ་ཐ་སྙད་བྱེད་དགོས་ལ། དེ་གཉིས་གནས་སྣང་གི་དབང་དུ་བྱས་ཏེ་འགལ་མེད་དུ་གོ་དགོས་སོ། ། དེའི་ཕྱིར་བདེ་གཤེགས་སྙིང་པོ་ཡེ་ནས་ཡོན་ཏན་ལྷུན་གྲུབ་ཡིན་པས་ལམ་ཐམས་ཅད་དེའི་གསལ་བྱེད་ཀྱི་རྒྱུ་ཡིན་པར་མདོ་མྱང་འདས་ལས་གསུང་ཞིང་། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་སོགས་རྒྱུད་རྣམས་ལས་ལམ་ཐམས་ཅད་གདོད་མའི་འོད་གསལ་ཆོས་ཀྱི་སྐུའི་གསལ་བྱེད་ཀྱི་རྒྱུ་ཡིན་གྱི། སྐྱེད་བྱེད་ཀྱི་རྒྱུ་མིན་པར་གསུངས་པའི་གནད་ཟབ་མོ་ཐུན་མོང་མིན་པ་ཤེས་པར་བྱ་ལ། དེ་ལྟར་ཤེས་ན་གསང་སྔགས་ཀྱི་དགོངས་དོན་ཚུལ་བཞིན་ཁོང་དུ་ཆུད་པར་འགྱུར་རོ། །དེ་ལྟ་བུ་གདོད་མ་གཞིའི་དཀྱིལ་འཁོར་ཡེ་སངས་རྒྱས་པའི་རང་བཞིན་གྱི་དོན་ཕྱིན་ཅི་མ་ལོག་པ་ནམ་རྟོགས་ན། དུས་གསུམ་རྒྱལ་བའི་དགོངས་པ་དང་གཉིས་སུ་མེད་པར་ཕྱིར་མི་ལྡོག་པའི་ས་ནོན་པས་སྐད་ཅིག་དེ་ཉིད་དུ་གཞི་འབྲས་དབྱེར་མེད་མཆོག་གི་དངོས་གྲུབ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་བརྙེས་པ་ལ་ངེས་པ་ཉིད་དུ་གྱུར་པས།སྣང་སྲིད་རྣམ་དག་ཆོས་སྐུའི་དགོངས་པ་དེའི་གདིང་གིས་སྣང་སྲིད་ཡེ་སངས་རྒྱས་པར་ཐག་བཅད་ཅིང་ལ་བཟླ་བར་བྱའོ། །དེ་ཉིད་རང་བྱུང་དོན་གྱི་པདྨ་འབྱུང་གནས་ཞེས་སུ་ཕྱོགས་བཅུའི་རྒྱལ་བའི་ཞིང་མཐའ་ཡས་པར་གྲགས་པ་ཡིན་ཞིང་། དེ་བཞིན་དུ་རྒྱལ་བ་ཀུན་གྱི་ཐུགས་ལ་ཡེ་ཤེས་སེམས་དཔའི་ཚུལ་དུ་གྱུར་པ་དཔལ་ལྡན་སངས་རྒྱས་པདྨ་སྐྱེས་འཇམ་དཔལ་རྡོ་རྗེ་རྣོན་པོའང་དེ་ཡིན་ཏེ། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་བསྟོད་པ་གླུར་བླང་གི་ལེའུ་ལས། དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཆེ་བ་སངས་རྒྱས་རིག་སྔགས་འཆང་། །ཞེས་གསུངས་པ་ལྟར་རོ།།
དེ་ལྟར་གནས་ལུགས་ལ་ཡེ་སངས་རྒྱས་པའི་རང་བཞིན་གདོད་མ་གཞི་ཡི་དཀྱིལ་འཁོར་དེ་ལྟ་བུ་ལས་ཆོས་གང་ཡང་མ་གཡོས་མི་གཡོ་གཡོ་བར་མི་འགྱུར་ན་ཡང་། སྣང་ཚུལ་ལ་རྩལ་ལམ་འཁོར་གྱི་ཚུལ་དུ་སྣང་ཆ་དུ་མ་སྣ་ཚོགས་པའི་རང་བཞིན་དུ་ཤར་ནས། མ་རྟོགས་ལོག་རྟོགས་ཕྱོགས་རྟོགས་ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་པའི་སྣང་བ་བསམ་གྱིས་མི་ཁྱབ་པར་འཕྲོ་བས་མུ་མེད་པ་སྟེ། དུས་གསུམ་ཀུན་ཏུ་ཡང་ཆོས་ཀྱི་དབྱིངས་འབྱམས་ཀླས་པར་འབྱུང་བས་མཁའ་ཞེས་དང་། དེ་ལྟར་འཕྲོ་ཞིང་འཆར་བས་འགྲོ་ཞེས་དང་ཚད་མེད་མང་པོས་བསྐོར་ཞེས་པ་སྟེ། དེ་ཐམས་ཅད་གནས་ལུགས་ཀྱི་རང་རྩལ་སེམས་ཀྱི་སྣང་བ་ཙམ་སྟེ། ཐེག་ཆེན་གྱི་མདོ་སྡེ་རྣམས་ལས་ཀྱང་འཁོར་འདས་ཀྱི་སྣང་བ་ཐམས་ཅད་རྟོག་པའི་དབང་གིས་བཞག་པ་ཙམ་དུ་གསུངས་སོ། །དེ་ལྟ་བུའི་དུས་གསུམ་མཉམ་པ་ཉིད་ཀྱི་ཆོས་ཉིད་ལས་མ་འདས་བཞིན་དུ། དུས་གསུམ་གྱི་སྣང་བ་མུ་མེད་པར་དག་དང་མ་དག་སྣ་ཚོགས་སུ་ཤར་ཡང་། གནས་ལུགས་ཀྱི་ངང་ནས་སྣང་སྲིད་ཐམས་ཅད་རྡོ་རྗེ་བཞི་ཡི་ངོ་བོར་ཡེ་ནས་རྣམ་པར་དག་པའི་རང་བཞིན་དུ་རྟོགས་ནས་དེ་ལས་མ་འདས་པར་རང་བབ་སོ་མ་ཟང་མ་རྣལ་མ་དལ་བ་བག་ཡངས་སུ་འཇོག་པའི་གནད་ཟབ་མོས་ཟིན་པས་ཡེ་ཤེས་ཅན་གྱི་ངོར་གསེར་གླིང་དུ་ས་རྡོ་ཕལ་པ་མི་རྙེད་པ་ལྟར་མ་དག་པའི་སྣང་ཞེན་རང་མཚན་པ་མེད་པར་ཐམས་ཅད་དག་པ་རབ་འབྱམས་སུ་ཤར་ནས་ཤར་གྲོལ་འཛིན་མེད་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་གནས་པས་ཐ་སྙད་བློས་བཏགས་ཀྱི་འཆིང་བ་ཀུན་ལས་གྲོལ་ཞིང་། ཐེག་ཆེན་ལམ་འབྲས་ཀྱི་ཡོན་ཏན་ཐམས་ཅད་མ་བཙལ་ལྷུན་གྲུབ་ཏུ་རྫོགས་ཏེ་འཇིགས་མེད་ཆོས་སྐུའི་གཏན་སྲིད་ཟིན་པ་ལམ་དང་ཐེག་པ་ཐམས་ཅད་ཀྱི་མཐར་ཐུག་རྩོལ་མེད་ཨ་ཏི་ཡོ་གའི་དགོངས་པ་ལ་གནས་པར་གྱུར་པ་ལ། གནས་ལུགས་དེ་ལྟ་བུའི་དོན་ལ་བསམས་ནས་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས་ཞེས་དང་། དེ་ལྟར་བསྒྲུབས་པས་སྣང་སྲིད་རྡོ་རྗེ་བཞིའི་དཀྱིལ་འཁོར་དུ་ཤར་བ་ནི་ཡེ་ཤེས་ཀྱིས་རང་རྒྱུད་བྱིན་གྱིས་རློབས་པ་ཡིན་ལ། དེའི་ཕྱིར་ཡང་དག་པའི་དོན་དེ་ཉིད་མངོན་དུ་གྱུར་པ་ནི་གདོད་མ་གཞིའི་དཀྱིལ་འཁོར་དེ་ཉིད་དུ་གཤེགས་སུ་གསོལ་ཞེས་པ་སྟེ། འདི་ལྟ་བུ་ནི་མན་ངག་ཐམས་ཅད་ཀྱི་སྙིང་པོ་ཡིན་ཞིང་། ཡེ་ཤེས་ཐམས་ཅད་ཀྱི་བླ་མར་གྱུར་པས་གུ་རུ། ངོ་བོ་ཆགས་ཐོགས་དང་བྲལ་བའི་ཡེ་ཤེས་ཀྱི་གཟིགས་པ་དྲི་མ་མེད་པ་ཡིན་པས་པདྨ། བསྒྲུབ་བྱའི་མཐར་ཐུག་མངོན་དུ་གྱུར་པས་སིངྷི། གཞི་འབྲས་དབྱེར་མེད་དུ་རྟོགས་པའི་དོན་ལ་དམ་པས་ཐུགས་ཀྱི་ས་བོན་ཧཱུྃ་ཞེས་སྨྲོས་པའོ། །”[25]ཞེས་འབྱུང་ངོ་། །
བདུན། ཉམས་ལེན་དཀྱུས་གཅིག་ཏུ་བྱེད་ཚུལ་གྱི་སྐད་ཡིག་རང་བཞིན་བསྟན་པ།
«རྣམ་བཤད་པད་དཀར»ལས། “དང་པོར་བླ་མའི་རྣམ་འབྱོར་གྱི་ཚུལ་དུ་གསོལ་བ་བཏབ་པས་ཟབ་མོ་ཡེ་ཤེས་འཆར་བའི་རྒྱུ་བྱེད། དེ་ནས་དཔལ་ལྡན་བླ་མ་མཚན་ཉིད་དང་ལྡན་པ་བསྟེན་ཏེ་ཐབས་གྲོལ་གྱི་ལམ་སྤྱི་དང་། མྱུར་ལམ་མཐར་ཐུག་རྫོགས་པ་ཆེན་པོའི་ལམ་གནད་ཉམས་འོག་ཏུ་ཆུད་པར་བྱས་ལ། ནན་ཏན་སྙིང་པོར་བྱས་ཏེ་བརྩོན་པས་ལ་བཟླ་བའི་མན་ངག་ནི་བཤད་པ་ལྟ་བུའི་དགོངས་པའི་གདིང་རྙེད་ནས་རིག་འཛིན་གྱི་གྲུབ་མཐའ་སྙོགས་པར་འགྱུར་རོ། །
དེ་ཡང་སྐྱབས་གནས་ཀུན་འདུས་གུ་རུ་རིན་པོ་ཆེ་ཉིད་ལ་ཡིད་ཆེས་ལྡོག་པ་མེད་པས་སྤྱི་བོའི་གཙུག་ཏུ་བསྒོམས་ནས་རྡོ་རྗེའི་ཚིག་བདུན་པས་གསོལ་བ་དྲག་ཏུ་བཏབ། བླ་མའི་སྐུ་ལུས་བབ་པའི་བདུད་རྩིས་རང་གི་སྒོ་གསུམ་གྱི་ནད་གདོན་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་རྣག་ཁྲག་སྲོག་ཆགས་དུད་ཁུ་མི་གཙང་བ་སོགས་ཀྱི་ནམ་པར་ཐོན། མཐར་རང་ལུས་ཀྱང་ལན་ཚྭ་ཆུར་ཞུ་བ་ལྟར་སྦྱངས་པའི་ཁུ་བ་ས་འོག་འཆི་བདག་གི་གཙོས་གདོན་དང་ལན་ཆགས་བདག་པོ་རྣམས་ཀྱི་ཁར་སོང་བས། དེ་དག་ཚིམ་ཞིང་བུ་ལོན་དང་གནོད་པ་ཐམས་ཅད་བྱང་ནས་སྟོང་ཉིད་དུ་ཡལ། སླར་ཡང་རང་ལུས་གང་མོས་ཀྱི་ལྷ་སྐུ་འོད་ཀྱི་རྣམ་པར་བསྒོམས་པའི་སྙིང་པདྨ་འདབ་བརྒྱད་ཀྱི་དབུས་སུ་སྤྱི་བོའི་བླ་མ་ཉིད་མར་བྱོན་ནས་མི་ཤིགས་པའི་ཐིག་ལེ་དང་རོ་མཉམ་དུ་བདེ་ཆེན་གྱི་ཡེ་ཤེས་ལ་མཉམ་པར་བཞག། རྗེས་ཐོབ་ཏུ་རྟེན་དང་བརྟེན་པའི་ལྷའི་གསལ་སྣང་དང་ཟ་བ་དང་འགྲོ་འདུག་མཆོད་སྐོར་སོགས་སུ་ལམ་དུ་ཁྱེར། ཉལ་བའི་ཚེ་བླ་མ་སྙིང་དབུས་སུ་དམིགས་པ་སོགས་སྤྱོད་ལམ་ཐམས་ཅད་དུ་ཐུན་མཚམས་མེད་པའི་དགེ་སྦྱོར་ཆུ་བོའི་རྒྱུན་ལྟར་འབད་པ་དང་། མདུན་མཁར་དམིགས་ལ་མཆོད་བསྟོད་གསོལ་བ་བཏབ་ཅིང་སྐུ་གསུང་ཐུགས་ཀྱི་བྱིན་དབབ་པ་སོགས་ཀྱི་སྒོ་ནས་གསོལ་བ་འདེབས་པ་གལ་ཆེ་སྟེ། སྤྱིར་བླ་མ་ལ་བརྟེན་ནས་མངོན་མཐོ་ངེས་ལེགས་ཀྱི་ཡོན་ཏན་ཀུན་འབྱུང་བ་དང་། ཁྱད་པར་ཟབ་མོའི་ལམ་གྱི་རྟོགས་པ་བླ་མའི་བྱིན་རླབས་རང་རྒྱུད་ལ་ཞུགས་པ་ཁོ་ནར་རག་ལས་པའི་ཕྱིར་ཏེ། ཇི་སྐད་དུ། དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ཚོགས་བསགས་སྒྲིབ་པ་དག་པའི་ལག་རྗེས་དང་། རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །གཞན་དུ་ཚོལ་བ་རྨོངས་པར་ཤེས་པར་བྱ། །ཞེས་དང་། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། གང་དུ་ཡང་ནི་མི་རྙེད་དེ། །བླ་མས་དུས་ཐབས་བསྟན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་སོགས་གསུངས་པ་བཞིན་ནོ། །
དེ་ནས་དོན་གྱི་ཡེ་ཤེས་མངོན་དུ་བྱེད་པའི་སླད་དུ་མདོ་རྒྱུད་ཀྱི་གཞུང་དགོངས་འགྲེལ་དང་བཅས་པ་སྤྱི་དང་། ཁྱད་པར་ཟུང་འཇུག་དོན་གྱི་ཡེ་ཤེས་ཅར་ཕོག་རྗེན་པར་ངོ་འཕྲོད་པའི་མན་ངག་ལ་འདྲིས་པར་བྱས་ཏེ་བསྒོམ་བྱའི་དོན་ལ་ཐེ་ཚོམ་མེད་པར་བྱས་ནས། ཐབས་གྲོལ་གྱི་ལམ་གང་འོས་རང་གི་ཉམས་ཚོད་དང་རྟོགས་ཚད་ཀྱི་དུས་དང་བསྟུན་ཏེ་ཚུལ་བཞིན་འབད་པས་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་མངོན་དུ་འགྲུབ་པར་བྱའོ།།”[26]ཞེས་འབྱུང་ངོ་།།
བརྒྱད། གསོལ་འདེབས་ཀྱི་མིང་དང་ཚིག་གི་སྐད་ཡིག་རང་བཞིན་རེའུ་མིག་ཏུ་འཁོད་པ།
མིང་དང་ཚིག། | ཚིག་དོན་དཀྱུས་མ། | གྲོལ་ལམ། | རྫོགས་རིམ་ཐབས་ལམ། | རྫོགས་པ་ཆེན་པོ། | མན་ངག། |
ཧཱུྃ | ཐུགས་དམ་བསྐུལ་བ། | འཁོར་འདས་ཀུན་གྱི་གནས་ལུགས་རང་བྱུང་གི་ཡེ་ཤེས་རང་གསལ་མཚོན་པ་ཐུགས་ཀྱི་ས་བོན། | དོན་གྱི་ལྷན་སྐྱེས་རང་བྱུང་གི་ཡེ་ཤེས་མཚོན་བྱེད། | རང་བྱུང་གི་ཡེ་ཤེས་ལ་དམ་པ། | ཡེ་ཤེས་ལ་དམ་པའོ།། |
ཨོ་རྒྱན་ཡུལ། | ཨོ་རྒྱན་མཁའ་འགྲོའི་ཡུལ། | གསང་སྔགས་འབྱུང་བའི་གནས་ཁྱད་པར་ཅན། | རྡོ་རྗེའི་ལུས་སྤྱིའམ་ཡང་ན་དེའི་སྙིང་པོ་ཙིཏྟ | ཙིཏྟ་ཤའི་སྒྲོན་མ། | ཨོ་ཏྱི་ན(འཕུར་འགྲོ)སྔགས་ཀྱི་རིགས་སད་པ། |
ནུབ་བྱང་མཚམས། | ནུབ་བྱང་གི་མཚམས་ཤིག་ན། | ནུབ་ཀྱི་སྒྲས་འཁོར་བ་དང་། བྱང་གི་སྒྲས་རྣམ་བྱང་། མཚམས་ཞེས་པས་སྲིད་ཞིའི་མཐའ་ལ་མི་གནས་པར་བསྟན། | ནུབ་ནི་གཡས་རོ་མ་དམར་པོ་དང་། བྱང་ནི་གཡོན་རྐྱང་མ་དཀར་པོ། མཚམས་ནི་དེ་གཉིས་ཀྱི་དབུས་ན། | ནུབ་ནི་གནས་པ་ནང་གི་དབྱིངས་དང་བྱང་ནི་ཕྱིའི་དབྱིངས་ནམ་མཁའ་སྤྲིན་བྲལ། མཚམས་ནི་ནང་གི་མིག་གི་དབང་པོའི་ལམ་རྒྱང་ཞགས་ཆུའི་སྒྲོན་མ། | འཁྲུལ་སྣང་ཐམས་ཅད་དག་པའི་དབྱིངས་སུ་ནུབ་ཅིང་སྐྱོན་ཐམས་ཅད་བྱང་བ་འཁོར་འདས་རུ་ཤན་དབྱེ་བའི་ས་མཚམས། |
པདྨ། | མེ་ཏོག་པདྨ། | དབྱིངས་ཀ་དག་སྟོང་པ་ཉིད། | སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབས་བརྒྱད་པ། | དབྱིངས་རྣམ་དག་གི་སྒྲོན་མ་དང་ཐིག་ལེ་སྟོང་པའི་སྒྲོན་མ། | སྒྲར་གྲགས་པ་དང་དབང་པོ་ཐམས་ཅད་གསུང་གི་དཀྱིལ་འཁོར་དུ་དག། |
གེ་སར། | གེ་སར། | རིག་པ་ཡེ་ཤེས་ཡུལ་ཅན་རིག་པའི་རྡོ་རྗེ། | འབྱུང་བ་ལྔའི་དྭངས་མ་ལྔ་འདུས་པའི་ཐིག་ལེ། | རིག་གདངས་རྡོ་རྗེ་ལུ་གུ་རྒྱུད། | དྲན་རྟོག་ཐམས་ཅད་ཐུགས་ཀྱི་དཀྱིལ་འཁོར་དུ་རྫོགས། |
སྡོང་པོ། | ལོ་འདབ་དང་གེ་སར་གྱིས་ཡོངས་སུ་མཛེས་པའི་སྡོང་པོ། | ཡུལ་དང་ཡུལ་ཅན་དབྱེར་མེད་དུ་རྟོགས་པའི་ཡེ་ཤེས་མཉམ་པ་ཉིད། | སྒྲ་གཅན་ནམ་མཁའ་འམ་ཡེ་ཤེས་ཀྱི་རླུང་རྒྱུ་བའི་དབུ་མ། | དབྱིངས་རིག་བརྟན་པོ། | ཅི་སྣང་ཡུལ་གྱི་རྣམ་པ་ཐམས་ཅད་སྒྱུ་འཕྲུལ་དྲྭ་བ་སྐུ་ཡི་དཀྱིལ་འཁོར་དུ་སྨིན། |
ཡ་མཚན། | ཕུལ་དུ་གྱུར་པ། | རྟོག་གེའི་བློ་ཡུལ་ལས་འདས་པ་བསམ་གྱིས་མི་ཁྱབ་པའི་རང་བཞིན་ཡིན་པས་ཡ་མཚན་པ་སྟེ། འོད་གསལ་རྫོགས་པ་ཆེན་པོའི་སྒྲ་འཇུག་ཡུལ། | བསམ་བརྗོད་ལས་འདས་པའི་ཆོས་ཉིད་ངོ་མཚར་བ་རབ་འབྱམས་དང་ལྡན་པ། | ཆོས་ཉིད་མངོན་སུམ་དང་། ཉམས་གོང་འཕེལ། རིག་པ་ཚད་ཕེབས། | ཐམས་ཅད་མཉམ་ཉིད་ཡེ་ཤེས་རྡོ་རྗེའི་བདག་ཉིད་དུ་གནས་པ། |
མཆོག་གི་དངོས་གྲུབ། | ཟུང་འཇུག་རྡོ་རྗེ་འཆང་ཆེན་པོ། | ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་བདག་ཉིད། | ཟུང་འཇུག་རྡོ་རྗེ་འཆང་ཆེན་པོ། | ཆོས་ཉིད་ཟད་པའི་ས་མཆོག། | རྡོ་རྗེ་འཆང་ཆེན་པོའི་གོ་འཕང་། |
པདྨ་འབྱུང་གནས། | མཚན། | རང་བྱུང་དོན་གྱི་པདྨ། གཞི་ཆོས་ཉིད་དོན་གྱི་གནས་ལུགས་ཡིན་པས་འབྱུང་གནས། | རང་བྱུང་དོན་གྱི་པདྨ་འབྱུང་གནས། | གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་རང་བྱུང་པདྨ་ཐོད་ཕྲེང་། | རང་བྱུང་དོན་གྱི་པདྨ་འབྱུང་གནས། |
འཁོར། | གསང་སྔགས་ཀྱི་གདུལ་བྱ་ཁྱད་པར་ཅན་དཔའ་བོ་དང་མཁའ་འགྲོ། | ཡེ་ཤེས་དེ་ལ་ལྡོག་ཆས་དབྱེ་བས་ཡེ་ཤེས་ལྔ་ལ་སོགས་པའི་འབྲས་ཆོས་བསམ་གྱིས་མི་ཁྱབ་པའི་སྒྱུ་འཕྲུལ་འཕྲོ་བ། | ཡེ་ཤེས་ཆེན་པོའི་རྩལ་ལས་དབུ་མ་དང་། དེ་ལས་འཕྲོས་པའི་རྩ་ཡི་བུ་ག་སྟོང་པ། | ཤེས་རབ་རང་བྱུང་གི་སྒྲོན་མེའི་རྩལ། | སྣང་ཚུལ་ལམ་རྩལ། |
མཁའ་འགྲོ། | མཁའ་འགྲོ། | དབྱིངས་སྒྲིབ་མེད་ཀྱི་མཁའ་ལ་རིག་པ་ཡེ་ཤེས་ཀྱི་རྩལ་འགག་མེད་དུ་འགྲོ་བ། | ཡེ་ཤེས་ཆེན་པོའི་རྩལ་ལས་དབུ་མ་དང་། དེ་ལས་འཕྲོས་པའི་རྩ་ཡི་བུ་ག་སྟོང་པའི་མཁའ་ལ་རྒྱུ་བ་འམ་འཕྲོ་བའི་རླུང་དང་ཐིག་ལེ། | འཇའ་ཟེར་ཐིག་ལེ་ཐིག་ཕྲན་སོགས་མཁའ་ལ་འགྲོ་ཞིང་གཡོ་ལ་གསལ་བ། | དུས་གསུམ་ཀུན་ཏུ་ཆོས་ཀྱི་དབྱིངས་ཀྱིས་ཀླས་པར་འབྱུང་བས་མཁའ་ཞེས་དང་། དེ་ལྟར་འཕྲོ་ཞིང་འཆར་བས་འགྲོ། |
ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས། | མགོན་པོ་ཁྱེད་ཀྱི་རྗེས་སུ་བདག་གཞན་ཐམས་ཅད་འཇུག་ཅིང་དེ་ལས་མི་འདའ་བར་བསྒྲུབ་པ་ཡིན་ལགས་ཀྱིས། | གཉིས་མེད་ཟུང་འཇུག་གི་ཡེ་ཤེས་ཆེན་པོའི་གནས་ལུགས་དེ་ལས་མི་ལྡོག་པའི་ཡིད་ཆེས་རྙེད་པ། | སྔགས་ཀྱི་མཚན་བཅས་རྫོགས་པའི་རིམ་པ་ཟབ་མོའི་མཐུས་ཡེ་ཤེས་དེ་བཞིན་ཉིད་དུ་སྒྲུབ་པ་ལ། | ཀ་དག་གི་དགོངས་པ་སོ་མ་ལྷུག་པ་ལ་རང་བབ་ཅོག་བཞག་བཞི་དང་མ་བྲལ་བའི་ངང་ནས་སྣང་བའི་འོད་གསལ་ཉིད་ལ་གནད་དུ་བསྣུན་པ། | ཐེག་པ་ཐམས་ཅད་ཀྱི་མཐར་ཐུག་རྩོལ་མེད་ཨ་ཏི་ཡོ་གའི་དགོངས་པ་ལ་གནས་པར་གྱུར་པ་ལ། |
བྱིན་གྱིས་རློབ་ཕྱིར་གཤེགས་གསོལ། | ཐུགས་གསུང་སྐུ་ཡི་གསང་བ་བསམ་གྱིས་མི་ཁྱབ་པའི་བྱིན་གྱིས། ཇི་ལྟར་ལྕགས་ལ་གསེར་འགྱུར་གྱི་རྩིས་བཏབ་པ་ལྟར། བདག་གཞན་རེ་ལྟོས་སྐྱབས་འཚོལ་རྣམས་ཀྱི་ལུས་ངག་ཡིད་གསུམ་རློབ་ཕྱིར། རྔ་ཡབ་དཔལ་རི་སོགས་སྤྲུལ་སྐུའི་ཞིང་གང་ན་བཞུགས་ཀྱང་། ཐུགས་རྗེ་རྩལ་ཆེན་པོས་གནས་འདིར་གཤེགས་སུ་གསོལ། | གནས་ལུགས་རྟོགས་པའི་ཡེ་ཤེས་ཀྱི་རང་འོད་གསལ་བས་མ་དག་ཐ་མལ་པའི་སྣང་ཞེན་ཐམས་ཅད་དག་པ་ཡེ་ཤེས་ཀྱི་ངོ་བོར་གནས་གྱུར་པ་ནི་འཁྲུལ་སྣང་རྨི་ལམ་ལྟ་བུ་འཁོར་བའི་སྡུག་བསྔལ་རྒྱུན་མི་འཆད་པས་ན་ལམ་གྱིས་རང་རྒྱུད་བྱིན་གྱིས་རློབས་པའི་ཕྱིར་ཆོས་ཉིད་དེ་ལྟ་བུ་རྟོགས་པར་བྱེད་པ་ནི་གཤེགས་ཞེས་པ་སྟེ། ་་་་་་རྟོགས་པ་ལ་གཤེགས་སུ་གསོལ་ཞེས་སྨོན་ཚིག་སྦྱར་བའོ།། | སྣོད་བཅུད་སྣང་སྲིད་ཐམས་ཅད་དག་པ་ཟག་མེད་བདེ་ཆེན་གྱི་ངོ་བོར་གནས་གྱུར་ཏེ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་རྣམ་པར་དག་པ་ལ་བྱིན་གྱིས་ཕྱིར་ཞེས་སྨྲོས་ཏེ།…… གཞི་དབྱིངས་ཆོས་སྐུ་ཆེན་པོ་རྒྱལ་བ་ཐམས་ཅད་ཀྱི་དགོངས་པའི་ཀློང་དེར་གཤེགས་སུ་གསོལ་ཞེས་པའོ།། | མ་དག་ལས་རླུང་གིས་བསྐྱེད་པའི་སྣང་བ་ཐམས་ཅད་གཞོམ་མེད་ཡེ་ཤེས་ཀྱི་ཀློང་དུ་སྦྱངས་ཏེ། འཕོ་མེད་འཇའ་ལུས་རྡོ་རྗེའི་སྐུ་གྲུབ་པ་ནི་བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ་བའི་དོན་ནོ།། | སྣང་སྲིད་རྡོ་རྗེ་བཞིའི་དཀྱིལ་འཁོར་དུ་ཤར་བ་ནི་ཡེ་ཤེས་ཀྱིས་རང་རྒྱུད་བྱིན་གྱིས་རློབ་པ་ཡིན་ལ། དེའི་ཕྱིར་ཡང་དག་པའི་དོན་དེ་ཉིད་མངོན་དུ་གྱུར་པ་ནི། གདོད་མ་གཞིའི་དཀྱིལ་འཁོར་དེ་ཉིད་དུ་གཤེགས་སུ་གསོལ་ཞེས་པའོ།། |
གུ་རུ། | བླ་མ། | མཚན་མའི་སྤྲོས་པ་གང་གི་འོག་ཏུ་མ་གྱུར་པས། | ཐོབ་པའི་ཡེ་ཤེས་ནི་བླ་ན་མེད་པའི་གུ་རུ། | བླ་ན་མེད་པ། | མན་ངག་ཐམས་ཅད་ཀྱི་སྙིང་པོ་ཡིན་ཞིང་ཡེ་ཤེས་ཐམས་ཅད་ཀྱི་བླ་མར་གྱུར་པས། |
པདྨ། | ཨོ་རྒྱན་པོའི་མཚན་གྱི་ཐོག་མ། | ཐ་སྙད་ཀྱི་མཚན་མས་མ་གོས་པ། | དུག་ལྔ་སོགས་ཟག་བཅས་ཐམས་ཅད་ཟག་མེད་བདེ་ཆེན་གྱི་གྲོགས་སུ་འཆར་ཞིང་རང་གྲོལ་བས། | དྲི་མ་མེད་པ། | ངོ་བོ་ཆགས་ཐོགས་དང་བྲལ་བའི་ཡེ་ཤེས་ཀྱི་གཟིགས་པ་དྲི་མ་མེད་པ་ཡིན་པས། |
སིདྡྷི | མཆོག་ཐུན་གྱི་དངོས་གྲུབ། | འགྲོ་བ་ཀུན་གྱི་རེ་འདོད་ཡིད་བཞིན་དུ་སྐོང་བ། | མཐར་ཐུག་གི་ཡེ་ཤེས་ཆེན་པོ་མྱུར་དུ་འགྲུབ་པའི་སིདྡྷི | ཚེ་འདི་ལ་མཆོག་གི་དངོས་གྲུབ་ཆེས་བདེ་མྱུར་དུ་འགྲུབ་པར་བྱེད་པ། | བསྒྲུབ་བྱའི་མཐར་ཐུག་མངོན་དུ་གྱུར་པས། |
ཧཱུྃ | དངོས་གྲུབ་སྩོལ་ཅིག། | རང་བྱུང་ཡེ་ཤེས་མཚོན་བྱེད་ཐུགས་ཀྱི་ས་བོན་ཡེ་ཤེས་ལྔ་ལྡན། | ཡེ་ཤེས་བདེ་མྱུར་དུ་སྐྱོབ་པའི་གསང་སྔགས་ཀྱི་ཐབས་ལས་ཤར་བའི་ཡེ་ཤེས་ཉིད་ལ་ངོ་མཚར་ཞིང་དམ་པས་རྒྱལ་བའི་ཐུགས་ཀྱི་ས་བོན། | འོད་གསལ་སྙིང་ཐིག་སྙིང་པོའི་ལམ་མངོན་སུམ་སངས་རྒྱས་ལམ་བྱེད་དེ་ལ་ངོ་མཚར་ཞིང་དམ་པའི་སྒྲ་རང་བྱུང་ཐུགས་ཀྱི་ས་བོན། | གཞི་འབྲས་དབྱེ་མེད་དུ་རྟོགས་པའི་དོན་ལ་དམ་པས་ཐུགས་ཀྱི་ས་བོན་ཧཱུྃ་ཞེས་སྨྲོས་པའོ།། |
གསུམ་པ། དགེ་བ་མཇུག་གི་དོན།
བོད་ཀྱི་སྐད་ཡིག་འདི་ནི་འགྲོ་བ་མིའི་རིགས་ཀྱི་བསམ་བློ་བརྗེ་རེས་བྱེད་པའི་ལག་ཆ་ཙམ་པོ་བ་མ་ཡིན་པར། དེས་ས་བསྐལ་བ་ཆགས་པ་ནས་ད་ལ་ཐུག་གི་བར་དུ་མི་རིགས་རང་མཚན་པ་ཞིག་གི་སྲོལ་རྒྱུན་རིག་གནས་ཀྱི་རྒྱུད་དམ་དུ་བཟུང་ཡོད་པ་མ་ཟད། དེང་རབས་རིག་གནས་ཀྱི་སྔར་མེད་ཆད་པ་རྣམས་ཁ་བསྐངས་ཏེ་མིའི་རིགས་དཔལ་དང་ལྡན་པའི་ཕྱོགས་སུ་འཁྲིད་བཞིན་ཡོད་པ་དང་། ལྷག་པར་དུ་རང་རེའི་སྐད་ཡིག་རིན་པོ་ཆེའི་སྣོད་མཆོག་འདི་ལ་ཐེག་པ་ཆེ་ཆུང་མདོ་སྔགས་རིག་གནས་དང་བཅས་པའི་སེང་གེའི་འོ་མ་ལྟེམ་གྱིས་འཁྱིལ་བའི་ནོར་བུའི་ནོར་ངོ་ཟིན་པ་ལ། བཀའ་བསྟན་བཅོས་གཏེར་མ་དང་བཅས་པའི་རིག་གནས་ཡོངས་སུ་རྫོགས་པ་རེ་རེ་ནས་མཁས་པ་རིན་བྱོན་དག་གིས་མཛད་པའི་འགྲེལ་པ་དག་ལ་གཟིགས་པས་འཐུས་ཤིང་། འདིར«ཚིག་བདུན་གསོལ་འདེབས»མཚོན་དཔེར་དྲངས་ནས་མདོ་སྔགས་ཐམས་ཅད་ཀྱི་ཉིང་ཁུ་ཚང་བའི་ཚུལ་ཞུ་བ་ནི། རང་གི་རྨོངས་ཚོད་ཙམ་པོས་བྲིས་པ་མ་ཡིན་པར། དགེ་བ་གཞུང་གི་སྐོར་ཆ་ཚང་ཀློག་པ་པོ་ལ་ཡིད་ཆེས་བསྐྱེད་ཕྱིར་འཇུ་མི་ཕམ་རིན་པོ་ཆེའི«གུ་རུའི་ཚིག་བདུན་གསོལ་འདེབས་ཀྱི་རྣམ་བཤད་པདྨ་དཀར་པོ»ལ་བསྟུན་ཏེ་ཚིག་སྣ་བསྟུངས་པ་ཙམ་དུ་ཟད་ལ། གསོལ་འདེབས་ཀྱི་གོ་དོན་དཔྱིས་ཕྱིན་པ་ཞིག་ངེས་འདོད་དག་གིས་བླ་མའི་ངག་བཞིན་གཞུང་དེ་དག་ལ་གཟིགས་པར་འཚལ་ལོ། །
དེ་ཡང་བུ་སློབ་བསྐྱངས་མྱོང་བའི་མཁན་སྤྲུལ་དང་ས་སྐྱ་དང་བཀའ་བརྒྱུད། རྙིང་མ། ཇོ་ནང་སོགས་ཀྱི་རྗེས་འཇུག་ཅིག་ཡིན་ཕྱིན། ཚིག་བདུན་གསོལ་འདེབས་ཀྱི་ནང་དོན་ཞིབ་རགས་གང་འཚམ་རེ་འཆད་མི་ཤེས་པ་དང་། བསྙེན་པ་མ་བཏང་བ། ཉམས་སུ་ལེན་པ་མི་ཤེས་པ་མི་སྲིད་པའི་ཚོད་ཡིན་ལ། གསོལ་འདེབས་ཀྱི་འགྲེལ་པ་བཀའ་གཏེར་དང་རྒྱས་བསྡུས་མང་པོའི་ཁྲོད་དུ«རྣམ་བཤད་པད་དཀར»ནི་རྒྱལ་མཚན་གྱི་ཏོག་ལྟ་བུར་ཁས་ལེན་པ་ཡིན་ནོ། །
དེ་ཡང་མཛད་བྱང་ལས། “དེ་ལྟར་རྡོ་རྗེ་ཚིག་བདུན་པའི་རྣམ་བཤད་པདྨ་དཀར་པོ་ཞེས་ཕྱི་ལྟར་ཚིག་ཕྲེང་བཀྲལ་བས་གསལ་ཞིང་གོ་བདེ་བའི་འདབ་མ་རྒྱས་པ། ནང་ལྟར་སྦས་དོན་སྦྲང་རྩིའི་རོ་མངར་བ། ཉམས་ལེན་བྱིན་རླབས་མཆོག་གི་དྲི་བསུང་འཐུལ་བའི་ཁྱད་པར་སུམ་ལྡན”[27]ཞེས་གསུངས་པ་ལྟར། གནས་ཕུན་སུམ་ཚོགས་པ་ཐེག་གསུམ་ཆོས་སྒྲ་སྒྲོག་པའི་ཆོས་སྡེ་ཆེན་པོ་རྫོགས་ཆེན་ཤྲཱི་སེང་ཧར་གྲགས་པའི་གཟིམ་ཆུང་དུ། མཛད་པ་པོ་ཕུན་སུམ་ཚོགས་པ་མ་ཧཱ་པཎྜི་ཏ་འཇུ་མི་ཕམ་མཆོག་གིས། སྐུལ་བ་པོ་ཕུན་སུམ་ཚོགས་པ་ཉེར་གནས་ཤེས་རབ་འོད་ཟེར་གྱིས། སྒྲུབ་པ་ཕུན་སུམ་ཚོགས་པ་ཚིག་བདུན་གསོལ་འདེབས་འབུམ་ཕྲག་བཅུ་གསུམ་གྱིས་གསོལ་བ་བཏབ་པ་ལྟར། དུས་ཕུན་སུམ་ཚོགས་པ་རང་ལོ་ཉེར་ལྔ་པ་ལྕགས་རྟ(1870ལོ)ཧོར་ཟླ་དྲུག་པའི་ཚེས་བཅོ་ལྔ་ལ་རྫོགས་པར་བྲིས་ཤིང་། འཕར་བ་ལྕགས་གླང(1901ལོ)གི་ལོའི་ཚེས་དགེ་བར་སྔར་གྱི་ཚིག་ཉོབ་རྣམས་དོན་བསྡུས་ཤིང་སྔ་ན་མེད་པའི་ཁྱད་པར་དུ་མ་བསྣན་ཏེ་སྔར་བས་ཆེས་ལྷག་གིས་ལེགས་པར་གྲུབ་པ་བགྱིས་པ། སླར་ལྕགས་ཁྱི(1910ལོ)ཟླ་བ7ཚེས6—21ཁ་གསབ་ལེགས་པར་གྲུབ་པའི་གསོལ་འདེབས་སུམ་ཕབ་མ་ཕུན་སུམ་ཚོགས་པ་ཞིག་གོ །
འདི་ནས་སླར་ཡང་ཞུ་རྒྱུ་ཞིག་ལ། གསོལ་འདེབས་ཀྱི་རྒྱལ་པོའི་ལོ་རྒྱུས་དང་། མཚན་བྱང་ཐོགས་ཚུལ། ནང་དོན་གྱི་ཤོང་ཚད། ཇི་ལྟར་ཉམས་སུ་ལེན་པའི་རིམ་པ་ལས་གཞན། བརྡ་སྤྲོད་མཁན་པོ་ཞིག་གིས་དཔྱད་པའི་དབང་དུ་བཏང་ན། ལེགས་སྦྱར་སྐད་མ་ཐེ་བའི་ཚིག་གི་སྦྱོར་བ་ཕུན་སུམ་ཚོགས་པ་འདི་ནི་ཨོ་རྒྱན་ཡུལ་དང་ནུབ་བྱང་ལ་སོགས་པའི་མིང་ཉི་ཤུ་དང་། བརྙེས་དང་གྲགས་ལ་སོགས་པའི་ལས་ཚིག་བཅུ་གཉིས། གྱི་དང་ལ་ལ་སོགས་པའི་ཚིག་ཕྲད་བདུན་གྱིས་ལེགས་པར་བཟོས་པའི་ཚིག་འབྲུ་བཟང་པོ་དང་དོན་བཟང་པོའི་རབ་དང་ཕུལ་དང་རྩེ་མ་ཡིན་ཅིང་། ད་ནི་སུ་ཞིག་གིས་མིང་དང་ཚིག་གི་གོ་ས་ཇི་ལྟར་བསྡེབས་ཀྱང་འདི་ལས་ལྷག་པའི་གསོལ་འདེབས་ཤིག་མཛད་སྲོལ་མེད་པའི་ཚུལ་གྱི་ཆེ་བའི་ཡོན་ཏན་མང་དུ་གླེང་རྒྱུ་ཡོད་པ་དང་། གཞན་ཡང་སྙན་ངག་མཁན་པོ་ཞིག་གི་རང་བཞིན་བརྗོད་པའི་རྒྱན་དང་ཤིས་བརྗོད་ཀྱི་རྒྱན་གྱིས་རབ་ཏུ་བཅིངས་པའི་ཚུལ་བཤད་ནའང་སྙན་ངག་གི་ཞིང་ཁམས་ཁྱད་པར་བ་ཞིག་ཏུ་འཁྲིད་ཐུབ་ངེས་ཡིན་ནོ། །
འདིར་ཁོ་བོས་གསོལ་འདེབས་ཀྱི་སྐད་ཡིག་རང་བཞིན་ཅུང་ཟད་བརྗོད་པ་འདི་ནི་ངོམ་ཆོས་ཙམ་མ་ཡིན་པར། གཙོ་བོ་རང་གི་ཡིད་ལ་གོམས་ཕྱིར་དུ། «རྣམ་བཤད་པད་དཀར»གྱི་གཞུང་བསྲིངས་ཤིང་ཁོག་ཕུབ་སྟེ། དིལ་མགོ་མཁྱེན་བརྩེ་རབ་གསལ་ཟླ་བ་མཆོག་དང་། ཆོས་རྗེ་འཇིགས་མེད་ཕུན་ཚོགས་མཆོག། ཁྱབ་བདག་པ་པདྨ་སྐལ་བཟང་རིན་པོ་ཆེ་སོགས་མཁས་གྲུབ་བསམ་གྱིས་མི་ཁྱབ་པ་དག་གི་གསུང་རྡོ་རྗེས་ཟུར་བརྒྱན་ནས་བསྒྲིགས་པ་ཡིན་ལ། ཞོར་དུ་སྲོལ་རྒྱུན་རིག་གནས་ལ་དད་མོས་བྱེད་མཁན་གྱི་དེང་རབས་པ་རྣམས་ཀྱི་དང་བ་འདྲེན་པ་དང་། བོད་ཀྱི་སྐད་ཡིག་གི་ཐུན་མོང་མ་ཡིན་པའི་ཆེ་བ་འདོན་པ། ཡི་གེ་ཤེས་ཚོད་ཀྱིས་ཟབ་རྒྱས་ཆོས་ཀྱི་དོན་ལ་སྡོམ་ཚིག་འགོད་པར་ཅི་མི་སྙམ་པའི“སྤོབས་པ་མྱུར་བའི་སྦྱོར་སྐྱོན་ཅན”དག་ཆོས་སྤོང་གི་ལས་ངན་པ་ལས་བྱོལ་བ། དཔྱོད་ལྡན་མཁན་སྤྲུལ་དག་གིས་མདོ་སྔགས་རབ་འབྱམས་ཀྱི་དཀའ་གནད་རེ་རེ་འགྲོལ་བའི་དཔྱད་རྩོམ་རིང་ཐུང་ཅི་རིགས་གནང་བའི་ཞུ་རྟེན་དུའང་ཕུལ་བ་ལགས་སོ། །
ཞེས་སྲོལ་རྒྱུན་དང་དེང་རབས་རིག་གནས་གཉིས་ཆ་ལ་སྦྱངས་པ་ཤིན་ཏུ་དམན་ན་ཡང་། གནའ་དེང་ཁྱད་མེད་དུ་ཤེས་པར་རློམ་པའི་ཚུལ་འཆོས་པ་དོ་རྒྱ་བསོད་ནམས་ཚེ་རིང་དུ་འབོད་པའི་རྒད་པོ་དེས་བོད་ཤིང་འབྲུག་ལོའི་ས་ག་ཟླ་བར་གཅན་ཚ་རྨ་ཆུ་འཁྱིལ་བའི་གནས་མཆོག་མར་ཁུ་ཐང་གི་རྩེག་ཁང་དུ། ཁྱབ་བདག་བླ་མས། “གང་ལྟར་དེང་སང་གི་ཡིག་རིགས་དེབ་ལ་འཁོད་པ་ཐམས་ཅད་མི་ཚང་མའི་ལག་ལ་འབྲི་བཞིན་ཡོད་པས། ངས་གསང་སྔགས་བཤད་ནས་ཡོད་པས་ཁྱེད་ཀྱིས་བལྟ་མི་ཆོག་ཟེར་ས་མི་ལོན་པའི་དུས་རེད། དེའི་མ་ཚད་པར་གསང་སྔགས་ཀྱི་རྒྱུད་སྡེའི་དཔེ་ཚོགས་ཚང་མ་ཚོང་རའི་ཁྲོམ་ཅོག་གི་སྒང་ན་བཤམས་ཡོད་དུས་ཡིན།”[28]ཞེས་པའི་གསུང་གི་དབུགས་དབྱུང་ལ་བརྟེན་ནས་བྲིས་པ་ལ། ནོར་བ་དང་ཉེས་པ་ཅི་མཆིས་ལྷ་དང་བླ་མའི་སྤྱན་སྔར་འཆགས་ཤིང་། དགེ་བ་ཨེན་ཙམ་མཆིས་ཚེ་བོད་ཀྱི་རྟེན་མཆོག་སྐད་ཡིག་དང་སྐད་ཡིག་ལ་བརྟེན་པའི་ཆོས་རིག་གི་སྣོད་བཅུད་རིན་ཆེན་མི་ཉམས་གོང་དུ་འཕེལ་བའི་རྒྱུ་རུ་བསྔོའོ། །
2024ལོའི་ཟླ5པར།
དཔྱད་གཞིའི་ལུང་ཁུངས།
[1] [5] [7] [15] རྣམ་ཐོས་གླིང་འཕྲིན་སྟེགས། «རྡོ་རྗེ་ཚིག་བདུན་བླ་མའི་རྣལ་འབྱོར་ལྟར་སྒྲུབ་ཚུལ»ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱིས་མཛད།
[2] «འཇུ་མི་ཕམ་བཀའ་འབུམ» ཀ་ཐོག་རྒྱུད་སྡེ་བཤད་སྒྲུབ་ནོར་བུའི་ལྷུན་པོས་བསྒྲིགས། སི་ཁྲོན་དཔེ་སྐྲུན་ཚོགས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དེབ་ཕྲེང24པ། «གུ་རུའི་ཚིག་བདུན་གསོལ་འདེབས་ཀྱི་རྣམ་བཤད་པདྨ་དཀར་པོ» ཤོག་གྲངས478ན་གསལ།
[3] «རྡོ་རྗེའི་ཚིག་བདུན་གསོལ་འདེབས་ཀྱི་རྣམ་བཤད་ཕྱོགས་བསྡུས་གུ་རུ་པདྨའི་དགོངས་རྒྱན» ཀྲུང་གོ་རྒྱལ་སྤྱིའི་སྐད་ཡིག་དཔེ་སྐྲུན་ཁང་། 2016ལོའི་ཟླ4པར་པར་ཐེངས་དང་པོ་བཏབ་པ་ལས། «རྡོ་རྗེའི་ཚིག་བདུན་གསོལ་འདེབས་ཀྱི་དམིགས་ཁྲིད་ཅུང་ཟད་སྨྲོས་པ་ཟབ་ལམ་ཡོངས་རྫོགས་བཞུགས» བཀྲ་ཤིས་དཔལ་འབྱོར་རམ་ཏིལ་མགོའི་མཁྱེན་བརྩེས་མཛད། ཤོག་གྲངས76—77ན་གསལ།
[12] «却四座法念诵仪轨 ཁྲེགས་ཆོད་ཐུན་བཞིའི་ངག་འདོན» རྫོགས་ཆེན་པདྨ་ཐང་གིས་སྤེལ། སྣ་ཐུང་དཔར་མ། ཤོག་གྲངས16—17ན་གསལ།
[13] [14] «རྡོ་རྗེའི་ཚིག་བདུན་གསོལ་འདེབས་ཀྱི་རྣམ་བཤད་ཕྱོགས་བསྡུས་གུ་རུ་པདྨའི་དགོངས་རྒྱན» འབར་ཆུང་བཀྲ་ཤིས་རྒྱ་མཚོས་མཛད། ཀྲུང་གོ་རྒྱལ་སྤྱིའི་སྐད་ཡིག་དཔེ་སྐྲུན་ཁང་། 2016ལོའི་ཟླ4པར་པར་ཐེངས་དང་པོ་བཏབ་པ་ལས། «ཆོས་དབང་རིན་པོ་ཆེའི་གཏེར་བྱོན་ཚིག་བདུན་གསོལ་འདེབས་འགྲེལ་བཤད་ལུང་རིགས་མར་མེ» འཕྲོ་ཅན་གྱི་ཤོག་གྲངས 195ན་གསལ།
[4] [6] (ཤོག་གྲངས151—152) [8] (ཤོག་གྲངས150) [9] [10](ཤོག་གྲངས150) [11] (ཤོག་གྲངས151)[16] (ཤོག་གྲངས152)[19] [20] [21](ཤོག་གྲངས157—158) [22](ཤོག་གྲངས162—167) [23] (ཤོག་གྲངས168—171)[24](ཤོག་གྲངས171—173) [25] (ཤོག་གྲངས175—181)[26] (ཤོག་གྲངས182—183)[27] (ཤོག་གྲངས184—185) «བཀའ་ཐང་ཕྱོགས་བསྒྲིགས་སྙིགས་མའི་རྒུད་འཇོམས་རྡོ་རྗེའི་མེ་ཆར» བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2012ལོའི་ཟླ12པར་པར་ཐེངས1བཏབ་པ་ལས། «གུ་རུའི་ཚིག་བདུན་གསོལ་འདེབས་ཀྱི་རྣམ་བཤད་པདྨ་དཀར་པོ» ཤོག་གྲངས162དང་། ཤོག་གྲངས168—171དང་། ཤོག་གྲངས 171—173དང་།
[17] [18] «ངག་འདོན་རྣམ་མཁྱེན་ལམ་བཟང་གི་ལྗགས་ཁྲིད་ཆོས་རྗེ་པདྨའི་ཞལ་ལུང»ཁྱབ་བདག་པ་པདྨ་སྐལ་བཟང་གིས་གསུངས། མཁན་ཤེས་བྱ་ཀུན་གཟིགས་ཀྱིས་ཡི་གེར་ཕབ། ཀན་སུའུ་མི་རིགས་མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས434—437ན་གསལ།
[28] «མཁའ་ལྡིང་གཤོག་རླབས་ཀྱི་ཞལ་ཁྲིད་རིག་སྟོང་རྡོ་རྗེའི་རང་སྒྲ» ཁྱབ་བདག་པ་པདྨ་སྐལ་བཟང་གིས་གསུངས། སྤྲུལ་ཨོ་རྒྱན་བསྟན་འཛིན་དང་སྤྲུལ་ཐུབ་འོད་ཀྱིས་ཡི་གེར་ཕབ། ཀན་སུའུ་མི་རིགས་མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས290ན་གསལ།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།