ཆུ་སྐྱེས་མཁའ་འགྲོའི་ཕོ་བྲང་གི་བྱུང་བ་མདོར་བསྡུས་སུ་བརྗོད་པ་མེས་པོའི་ཞལ་ལུང་།

༄༅།།ཆུ་སྐྱེས་མཁའ་འགྲོའི་ཕོ་བྲང་གི་བྱུང་བ་མདོར་བསྡུས་སུ་བརྗོད་པ་མེས་པོའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ།།

  ན་མོཿ བླ་མ་ལ་ཕྱག་འཚལ་ལོ། །ཇི་སྐད་དུ། བཀའ་གདམས་གླེགས་བམ་ལས། ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །གནས་པུར་རྒྱལ་བོད་ཅེས་བྱ་བ་ཡོད། །རི་མཐོན་པོ་གནམ་གྱི་ཀ་བ་ཡོད། །མཚོ་དམའ་མོ་གཡུ་ཡི་མཎྚལ་ཡོད། །གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ཡོད། །སྤངས་སེར་བོ་གསེར་གྱི་ལྷུན་པོ་ཡོད། །དྲི་ཞིམ་པོ་སྨན་གྱི་བདུག་སྤོས་ཡོད། །སྟོན་བཀྲ་བ་གསེར་གྱི་མེ་ཏོག་ཡོད། །དབྱར་བཀྲ་བ་གཡུ་ཡི་མེ་ཏོག་ཡོད། །ཅེས་བསྔགས་པའི་ཡུལ་ཕུན་སུམ་ཚོགས་པ་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་བྱའི་ཞིང་མཆོག་དམ་པ་འདི་ནི། འཛམ་གླིང་ས་ཡི་ལྟེ་བ།  བསིལ་ལྡན་ཁ་བའི་ལྗོངས་སུ།  དྲོད་ལ་རྟ་བདུན་དབང་བོ།  བསིལ་དུ་ཟླ་བ་བདུད་རྩི།  དམ་ཆོས་འོ་མའི་ཞིང་ཁམས།  གངས་རི་ཤེལ་གྱི་ཕྲེང་བ།  སྤང་རི་གསེར་གྱི་མཆོད་རྟེན།   མཚོ་མོ་གཡུ་ཡི་མཎྚལ།  ཆོལ་གསུམ་བོད་ཀྱི་ཡུལ་གྲུ།  མདོ་ཁམས་གཡར་མོ་ཐང་།  རྨ་ཆེན་སྦོམ་རའི་ཤར་ཕྱོགས།  ཁྲི་ཤོར་རྒྱལ་མོའི་ལྷོ་རྒྱུད།   གསེར་ལྗོངས་ས་ཡི་ཐིག་ལེ་ན་ཡར་ལྷ་ཤམ་པོའི་མཆེད་པོར་སྙེམས་པའི་སྟག་ལུང་དཔལ་གྱི་རི་བོ་མངོན་པར་མཐོ་བའི་རྩེ་མོར་ནམ་མཁའི་གླང་པོ་དལ་གྱིས་བགྱི་ཞིང་ཁྱབ་འཇུག་གི་ཞིང་དུ་འཁྲིགས་པ་ལས།  བཀྲ་ཤིས་པའི་མེ་ཏོག་སྣ་ཚོགས་འཐོར་འདྲའི་ཆར་དང་ཁ་བ་དུས་སུ་འཇོ་བས་ཐན་དང་ཐན་པ་སོགས་མི་མཐུན་པའི་རྐྱེན་དང་བྲལ་ཞིང་། མར་གད་གྱི་ཁུ་བས་བྱུགས་འདྲའི་ནེའུ་བསིང་གིས་ཁྱོན་ཡོངས་སུ་ཁེབས་པ་དག་ལ།   རིན་པོ་ཆེ་ཁ་དོག་སྣ་ཚོགས་པས་ཕྲ་བཏབ་པ་བཞིན་མེ་ཏོག་དཀར་ལྗང་དམར་སེར་ལ་སོགས་པས་མངོན་པར་མཛེས་པ།  ར་ཡིག་གཉིས་པའི་ཚོགས་རྣམས་ཀྱང་འཕུར་ལྡིང་གར་གྱིས་དར་དིར་དུ་སྒྲོག་ཅིང་། ཤྭ་བ་དང་རྒོ་བ་གཙོས་རི་དྭགས་སྣ་ཚོགས་མཆོང་ལྡིང་གར་གྱིས་བྲེལ་བ་དང་། ཅང་ཤེས་དང་གནག་ལུག་ལ་སོགས་ལྷ་ལམ་དུ་རྒྱུ་སྐར་གྱི་ཕྲེང་བ་ཚར་དུ་དངར་བས་མཛེས་པ་ལྟ་བུ། སྔོ་ལྗང་གཡུའི་འཁྲི་ཤིང་ལ་བེེཊཱུརྱའི་ལོ་འདབ་ཀྱིས་བརྒྱན་པའི་ལྗོན་ཤིང་ཉིན་ལམ་ནས་ཟླ་ལམ་དུ་རྒྱས་ཤིང་། ཁུ་བྱུག་འཇོལ་མོ་སོགས་སྙན་འགྱུར་གྲེ་བར་བབས་པའི་འདབ་ལོའི་ཤིང་རྟ་ཅན་རྣམས་རང་བྱུང་གི་འཚོ་བའི་བཅུད་ལ་རོལ་ཞིང་ཕན་ཚུན་བརྩེ་དགའི་དཔལ་གྱིས་ངོམས་པར་ཚིམས་པ་དང་། ཆུ་ནགས་བྲག་གསུམ་འཛོམས་པའི་སྨན་བཙུན་གྱོ་མོས་འཛུམ་པའི་ཞལ་རས་སྟོན་ཅིང་། འཇིགས་ཤིང་ཁྲོས་པའི་ལྷ་གཉན་ཐོག་རྒོད་རྩལ་དྲག་པོའི་ཕྲིན་ལས་སྒྲུབ་པའི་དཔལ་གྱིས་ཁེངས་པ། ཆོས་ཀྱི་འཁོར་ལོ་རྒྱུན་ཆད་མེད་པར་བསྐོར་བར་སྐུལ་བའི་རི་མཆོག་འཁོར་ལོ་རྩིབ་བརྒྱད་ཅན་དང་། ཏིང་འཛིན་རབ་ཏུ་འཕེལ་བའི་དབེན་གནས་དཀྱིལ་རིའི་ཨོ་རྒྱན་བསམ་གཏན་ཆོས་གླིང་། སྟོན་པ་འོད་དེ་གུང་རྒྱལ་གྱི་གནས་མཆོག་འོག་མིན་གྱི་ཞིང་། འདོད་དགུའི་ལོངས་སྤྱོད་འབད་མེད་དུ་འབྱུང་བར་བྱེད་པས་ནོར་བུ་འོད་འབར་ལྟ་བུའི་དཔག་བསམ་ལྷ་ཤིང་གི་འདབས་རོལ་ན། འབྲུ་སྣ་མང་པོ་ལེགས་པར་སྨིན་ཞིང་བཟའ་ཤིང་གི་སྐྱེད་མོས་ཚལ་རྣམས་ལས་ཤིན་ཏུ་དགའ་བའི་འཁྲི་ཤིང་གིས་བརྟས་པའི་དབུས་ན་གནས་ཕུན་སུམ་ཚོགས་པ་ཆུ་སྐྱེས་མཁའ་འགྲོ་འདུ་རའི་ཕོ་བྲང་ཡོད་དོ།།

དེ་ཡང་རླངས་དཔལ་གྱི་སེངྒེའི་ལུང་བསྟན་ལས། དུས་ཀྱི་འཁོར་ལོའི་རབ་བྱུང་ཚུགས་པའི་མགོར། །གླང་གི་ལོ་ལ་གཞི་བཟུང་མི་བརྒྱུད་འབྱུང་། །རྒྱལ་མཚན་དང་ནི་བརྩོན་འགྲུས་བླ་མ་གསུམ། །དེ་གསུམ་དུས་ནས་བླ་དཔོན་རྒྱུན་མི་ཆད། །ཅེས་གསུངས་པ་ལྟར་ཕྱི་ལོ་1049ལོར་རླངས་འཆི་མེད་བླ་མ་རྒྱལ་མཚན་དང་། གདུང་བླ་མ་བཀྲི་ཤིས། རླངས་བསོད་ནམས་རྒྱ་མཚོ། ཚ་བོ་སྐྱིད་ཐོ་བཞི་ཡིས་གནས་གཞི་བཟུང་ཏེ་མི་ལོ་དགུ་བརྒྱ་དང་བདུན་ཅུ་ལྷག་སོང་། དེ་ནས་བཟུང་རིམ་པར་བརྟུལ་ཞུགས་སྨྱོན་པའི་ཚུལ་ཅན་རྣལ་འབྱོར་པ་ཆེན་པོ་དཔལ་ལྡན་ཉི་མ་རྒྱལ་མཚན། ཕྱག་རྟེན་ལྷ་ལ་བསྟད་པའི་ལྷ་ཤིང་དང་ཀླུ་ལ་བསྟད་པའི་ཀླུ་ཤིང་དུ་སྨིན་པ་གྲུབ་པའི་དབང་ཕྱུག་ཆེན་པོ་རིག་འཛིན་དཔལ་ལྡན་ལུང་རིགས། ཆོས་གོས་ཉི་ཟེར་ལ་འགེལ་ནུས་པའི་ཆུ་སྟོན་ཉི་མའི་འཁོར་ལོ། གྲུབ་ཐོབ་ཀུན་སྐྱབས་མགོན་དང་ཀླུ་སྒྲུབ་མཚོ་སྐྱེས་གཉིས་གཙོས་རྣལ་འབྱོར་ཕོ་མོ་ཀུན་འདུས་ནས་ཕྱི་ལོ་1270ཙམ་ལ་ཆུ་སྐྱེས་མཁའ་འགྲོའི་ཕོ་བྲང་བཞེངས། ད་ལྟའི་བར་མི་ལོ་བདུན་རྒྱ་དང་ལྔ་བཅུ་ལྷག་སོང་། རབ་ཏུ་གནས་པས་ནམ་མཁའ་ནས་སྤྲིན་མེད་པར་མེ་ཏོག་དཀར་དམར་ཁྲ་གསུམ་དང་ནུབ་ཕྱོགས་སུ་འཇའ་ཚོན་གྱི་རི་མོ་སྣ་ཚོགས་ཀྱིས་གུར་ཕིབས་པ་ལྟ་བུའི་དབུས་སུ་རོལ་མོའི་སྒྲ་སྙན་སྣ་ཚོགས་ཁྲོ་ལོ་ལོ་བྱུང་བ་དང་མེ་ཏོག་སྣ་ཚོགས་ཀྱིས་ས་གཞི་ཐམས་ཅད་གོས་དཀར་གྱི་མནབ་བཟའ་གསོལ་བ་དང་འདྲ་བར་གྱུར་པའི་རྟགས་དང་རྟེན་འབྲེལ་ཚང་བ། གནམ་ལྕགས་ཐོག་ཀྱང་ཐུ་བར་འཛིན་པའི་བླ་མ་ནམ་མཁའ་རྒྱལ་མཚན། སྦས་པའི་རྣལ་འབྱོར་བློ་བཟང་རྒྱལ་མཚན། ཨ་སྐྱབས་རྒྱལ་སྲས་ཀྱི་གདུང་རྒྱུད་རྣམས་རིམ་པར་བྱོན་མྱོང་ངོ།། 

ཕྱི་ལོ་1688ལོར་མཁས་ཤིང་གྲུབ་པ་བརྙེས་པའི་རྣལ་འབྱོར་པ་ཆེན་པོ་རླངས་བརྒྱལ་བུ་བླ་མ་རིག་འཛིན་དཔལ་ལྡན་བཀྲ་ཤིས་འཁྲུངས་ཏེ། ཡུལ་རེབ་གོང་སྟོད་སྨད་བར་གསུམ་ཀུན་ཏུ་གསང་སྔགས་ཀྱི་བསྟན་པ་རིན་པོ་ཆེ་དང་། སྒོས་སུ་སྨིན་གླིང་གི་ཆོས་བརྒྱུད་དྲི་མ་ཉམས་པར་ཐང་མ་བརྡལ་བ་བཞིན་དར་རྒྱས་ཆེན་པོ་བྱུང་ངོ།།

རིག་འཛིན་བླ་མ་དཔལ་ལྡན་བཀྲ་ཤིས་ཀྱི་རང་རྣམ་དུ། མེས་དང་བཀའ་རམས་གཉིས་སོགས་སྐུ་རིང་ལ། །ལྷ་ཁང་གྱོ་ཐོག་མ་དང་ལྷ་ཆོས་ཀྱི། །ས་བོན་ཙམ་འདི་ད་ལྟ་གནས་བཞིན་དང་། །མ་འོངས་དུས་ནའང་དར་ཞིང་རྒྱས་པར་ཤོག །ཅེས་བཀྲ་ཤིས་པའི་སྨོན་པས་རྒྱས་བཏབ་ཏེ་སྔོན་ཡབ་མེས་གྱི་སྐུ་དུས་སུ་བཞེངས་པའི་ཆུ་སྐྱེས་མཁའ་འགྲོའི་ཕོ་བྲང་ལ་ཞིག་གསོ་གནང་ནས་རིག་འཛིན་རབ་འཕེལ་གླིང་དུ་མཚན་གསོལ། ཡུལ་ལུང་སོ་སོར་དཔྱིད་ཆོས་གསུམ་པའི་བཀའ་བརྒྱད། བརྒྱལ་བུ་སྔགས་མང་ལ་དབྱར་ཆོས་ཐུགས་རྗེ་ཆེན་པོ་པདྨ་གར་དབང་། སྟོན་ཆོས་རེབ་གོང་སྔགས་མང་ཡོངས་ལ་སྒྲུབ་ཆེན་བདེ་གཤེགས་འདུས་པ། དགུན་ཆོས་ཡུལ་ལུང་རེ་ལ་དགོས་དབང་དང་གདན་ས་འདིར་དམིགས་བསལ་གྱིས་འཇམ་དཔལ་དྲེགས་པ་འཇོམས་བྱེད་ཀྱི་བསྙེན་སྒྲུབ་སོགས་དང་བློ་སྦྱོང་ཁྲིད་རྒྱུན། བསྐྱེད་རྫོགས་རྫོགས་ཆེན་གྱི་དམིགས་རིམ་དང་གང་ལ་གང་མཁོ་ལྟར་སྒོམ་ཉམས་ལེན་གྱི་སྲོལ་བཟང་བཙུགས། སྐུ་ཕྲེང་གཉིས་པ་བློ་བཟང་ཚུལ་ཁྲིམས་རྣམ་རྒྱལ། སྐུ་ཕྲེང་གསུམ་པ་ཀུན་མཁྱེན་བསྟན་འཛིན་དབང་བོ། སྐུ་ཕྲེང་བཞི་བ་སྔགས་འཆང་རྡོ་རྗེ་རྣམ་རྒྱལ། སྐུ་ཕྲེང་ལྔ་བ་དྲི་མེད་བློ་གྲོས་རྣམས་སྐུའི་སྐྱེ་བ་མངོན་པར་བྱོན་པའི་ཐུགས་རྗེ་ཉི་ཟེར་ལས་བྱོན་པའི་གསང་སྔགས་རྙིང་མའི་བསྟན་པ་རིན་པོ་ཆེ་མདོ་ཁམས་ཀུན་ཏུ་ཁྱབ་པ་བྱུང་ངོ།།

གཞན་ཡང་སྔགས་འཆང་ཨོ་རྒྱན་འཕྲིན་ལས། གདུང་བླ་མ་བཀྲ་ཤིས། རྣལ་འབྱོར་བ་བཀྲ་ཤིས་འབུམ། བྱ་བཏང་རི་ཁྲོད་པ་ཨ་ལགས་དཔག་མེད། ཆུ་སྐྱེས་དགེ་སློང་། ཁྱུང་དགོན་སྐུ་ཕྲེང་གསུམ་པ་ཀུན་བཟང་འཇིགས་མེད་རྒྱ་མཚོ་སོགས་སྐྱེས་ཆེན་དམ་པ་བསམ་གྱིས་མི་ཁྱབ་པ་མང་པོ་གནས་འདིར་འཁྲུངས།

གཞན་ཡང་། ཆུ་སྐྱེས་བླ་མ་བློ་བཟང་ཐོགས་མེད་རྒྱ་མཚོ་ནི། རོང་བོ་གྲྭ་ཚང་ཐོས་བསམ་གླིང་གི་ཁྲི་རབས་སོ་དགུ་བ་དང་། རྒྱུད་གྲྭ་གསང་ཆེན་ཆོས་ཀྱི་བང་མཛོད་ཀྱི་ཁྲི་རབས་སུམ་ཅུ་བ། དུས་འཁོར་གྲྭ་ཚང་གསང་སྔགས་དར་རྒྱས་གླིང་གི་ཁྲི་རབས་བཅུ་དྲུག་པར་བཞུགས་ཏེ་ཆོས་སྲིད་གཉིས་ཆར་ནས་སྐྱོང་ཁུར་ཚད་མེད་གནང་། མཐར་གནས་ངེས་མེད་འགྲིམས་སྟེ་སྒྲུབ་པའི་རྒྱལ་མཚན་བཙུགས། རོང་བོ་ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོའི་ཡོངས་འཛིན་བྱ་བྲལ་རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་དགེ་འདུན་བསྟན་འཛིན། རོང་བོ་དགོན་མཐའི་མ་ནི་གྲལ་རིང་དང་ཚོགས་ཆེན་འདུ་ཁང་བཞེངས་པའི་ཤར་བླ་བྲང་གི་མཛོད་གཉེར་ཆེན་པོ་ཨ་ཁུ་བུའུ་ཏི། ཤར་གཡུ་ཐོག་དང་ཚོམས་ཁང་བཞེངས་པའི་དགེ་བཤེས་འཇམ་དབྱངས་བཀྲ་ཤིས། རླངས་ཚང་དཔོན་གྱི་གདུང་རྒྱུད་མ་ནོར་བ། རྒྱལ་ཁམས་ཆེ་མཐོའི་བོད་ཀྱི་འབུམ་རམས་པའི་སློབ་དཔོན་ཆེན་མོ། གང་ལྗོངས་རིག་པའི་དཔའ་བོ་ཆུ་སྐྱེས་དགེ་འདུན་བསམ་གཏན། ད་ལྟའི་ལོ་རྒྱུས་སྨྲ་བ་ཆེན་མོ་ཆུ་སྐྱེས་དགེ་འདུན་དཔལ་བཟང་སོགས་གདན་ས་རིག་འཛིན་རབ་འཕེལ་གླིང་འདི་ནས་གནམ་གྱིས་ས་བཀབ་པ་ལྟ་བུའི་མཁས་པ། གངས་སེང་རི་ནས་འགྱིང་འདྲའི་སྒོམ་ཆེན། འཁྲུལ་བ་རང་སར་ཞིག་པའི་རྟོགས་ལྡན། རིམ་གཉིས་བརྟན་པ་ཐོབ་པའི་རྣལ་འབྱོར། ཀ་དག་གནས་ལུགས་རྟོགས་པའི་འཛིན་མེད། སྣང་བཞི་ཚད་དུ་འཁྱོལ་བའི་ཉམས་ལེན།  ཆོས་བརྒྱད་བསླུ་བྲིད་སྤངས་པའི་ཞེན་མེད།  ཞིང་བཅུ་ཐལ་བར་རློག་པའི་མཐུ་ཆེན། སྲི་རབས་བཅོ་བརྒྱད་ཐུལ་བའི་ནུས་ལྡན།སྲུང་ཟློག་འཁོར་ལོ་བསྐོར་བའི་མཐུ་མཁན།   ལས་བཞི་རབ་འབྱམས་མཁྱེན་པའི་སྔགས་འཆང་སོགས་ཀྱང་འདི་ནས་བྱོན་མྱོང་ལ། གཞན་ཡང་། མདོ་རྒྱུད་གཙུག་ལག་འཆད་པའི་པན་ཆེན།   སུམ་རྟག་སྙན་ངག་མཁྱེན་པའི་མཁས་པ།   ནད་རིམས་བདུད་དཔུང་འཇོམས་པའི་ལྷ་རྗེ།   བརྟན་གཡོ་རི་མོར་འགོད་པའི་ལྷ་བཟོ།   དཀར་ནག་རྩིས་ལ་མཁས་པའི་བླ་མཁྱེན།   རྒོལ་ངན་སྨྲ་ལྕེ་གཅོད་པའི་ལུང་རིགས་སྨྲ་བ་མང་པོ་ཡང་འདི་ནས་བྱོན་མྱོང་ངོ།།  

ཡང་ཅིག་བཤད་ན། དགའ་ལྡན་གསེར་ཁྲི་གཙང་བ་བདུན་པ་ཆེན་པོས་མཆོད་པའི་སྦྱིན་བདག་ཆེན་མོ་བརྒྱལ་བུ་ཨ་སྐྱབས་རྡོ་རྗེ་ཞེས་བརྒྱལ་བུ་རླངས་ཚང་གི་བླ་དཔོན་ཟུང་འབྲེལ་གྱི་ཆོ་ལོ་དང་། རྒྱ་ནག་ཏྰ་མིང་རྒྱལ་བོས་བརྒྱལ་བུ་རླངས་ཚང་གི་བེ་ཧུ་ཆེན་པོའི་ཆོ་ལོ་སྟེ། དབུས་ཐོབ་དང་རྒྱ་ཐོབ་གཉིས་ཀྱི་ཆོས་སྲིད་ཀྱི་དཔུང་བ་བརྟན་པའི་རླངས་ཚང་དཔོན་གྱི་ཐོག་མ་བརྒྱལ་བུ་ཨ་སྐྱབས་རྡོ་རྗེ་ཞེས་པའི་སྐྱེས་ཆེན་དམ་པ་དེ་ཉིད་ཀྱང་བོད་རབ་བྱུང་དྲུག་པའི་བགྲང་བྱ་དྲུག་ཅུ་བ་མེ་སྟག་ཕྱི་ལོ་1386ལོར་ཆུ་སྐྱེས་མཁའ་འགྲོའི་ཕོ་བྲང་གི་ཉེ་འདབས་སུ་སྐུ་འཁྲུངས། གདུང་བརྒྱུད་གཙང་མ་བར་མ་ཆད་པ་ཆུ་སྐྱེས་དཔོན་ཚང་དུ་གྲགས་པ་འདི་ཡིན་ལ།  ད་ལྟའི་བར་མི་ལོ་དྲུག་རྒྱ་དང་སོ་བརྒྱད་སོང་ངོ།།

བཙན་པོའི་མདུང་གིས་རང་རིགས་མི་གསོད། དྲག་པོའི་མེ་མདའ་འབངས་ལ་མི་འཕེན། ཕྱུག་པོའི་རྒྱུ་ལ་མི་སྨོན།སྙན་གྲགས་སྟོང་འུར་མི་སྒྲུབ་པའི་མི་བརྒྱུད་ཅིག་ཡིན་ལ། སྒོས་སུ་ཕ་པད་འབྱུང་སྤྱི་བོས་མི་དོར།   སྙིང་བོ་སིདྡྷི་ངག་ནས་མི་འདོར།  མཁའ་འགྲོ་དམ་ཅན་གྲོགས་སུ་བཅོལ་ཏེ། འཇིག་རྟེན་བྱ་བ་རླུང་ལ་བསྐུར། གོང་མའི་ཞལ་གདམས་སྙིང་ལ་བཅངས། གཞན་གྱིས་རང་ལ་ཁྲེལ། རང་གིས་གཞན་ལ་ཁྲེལ། སྐྱིད་ཀྱི་ཉི་མ་སྙིང་ལ་སྦ། མི་སྲིད་སྲིད་པའི་བྱ་བར་གནས་པ་འདི་དག་ཀྱང་ཡ་རབས་གོང་མའི་སྲོལ་བཟང་གི་རྗེས་སུ་འཇུག་པ་ངེད་ཅག་བརྒྱལ་བུ་རླངས་ཀྱི་གདུང་རྒྱུད་དྲི་མ་ཉམས་པ་《ཆུ་སྐྱེས་མཁའ་འགྲོའི་ཕོ་བྲང་གི་བྱུང་བ་མདོར་བསྡུས་སུ་བརྗོད་པ་མེས་པོའི་ཞལ་ལུང་》ཞེས་བྱ་བ་ནི་རླངས་རིན་ཆེན་བཀྲ་ཤིས་སམ་རླངས་སྔགས་སྨྱོན་དུ་འབོད་པས་ཡིག་ཚང་སྔོན་མ་དག་ལ་ཁུངས་བཅོལ་ནས་རང་བློར་ངེས་ཕྱིར་ཕྱི་ལོ2024ལོའི་ཟླ8པའི་ཚེས22ལ་རྫོགས་པར་བྲིས་པ་དགེའོ།།

རིག་འཛིན་སྟོང་དང་དགུ་བརྒྱའི་དཀྱིལ་འཁོར་ལ།།

དཔལ་ལྡན་གསང་བ་སྨིན་གྲོལ་གླིང་གི་གསུང་།།

བཀྲ་ཤིས་དབྱངས་ཀྱི་ཚད་མས་རྒྱས་བཏབ་སྟེ།།

འགོད་མཁས་བླ་མའི་འཕྲིན་ལས་འཕེལ་གྱུར་ཅིག།ཅེས་ཀྱང་མཇུག་བསྡུ་བའི་སྨོན་ལམ་དུའོ།།

WechatIMG157.jpg

ཆུ་སྐྱེས་རིན་ཆེན་བཀྲ་ཤིས།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།