《བདེ་སྐྱིད་ཀྱི་མན་ངག》ཅེས་པའི་དཔེ་ཀློག་ཟིན་བྲིས།

IMG_1201.JPG

བདེ་སྐྱིད་ཀྱི་མན་ངག་ནི་ཕྱི་ངོས་ནས་བལྟས་ན་ཆུང་དྲགས་པའི་དེབ་ཅིག་རེད་དོ་སྙམ་ངེས་ཤིང་། དེབ་ཀྱི་ཁ་ཕྱེ་ཚེ་དེ་ནི་ལེགས་བཤད་ཀྱི་གཏེར་ཁ་ཞིག་རེད་འདུག  དེ་བས་ངས་བདེ་སྐྱིད་ཀྱི་མན་ངག་ནི་ལེགས་བཤད་ཀྱི་གཏེར་ཁ་ཞིག་ཏུ་ངོས་འཛིན་གྱིན་ཡོད།  དེབ་འདིའི་ཁྲོད་ཀྱི་ལེགས་བཤད་དག་ནི་མཁན་པོ་བསོད་དར་རྒྱས་ཚང་གི་བརྩམས་ཆོས་གྲགས་ཆེ་བ་དག་ལས་ཁོལ་དུ་ཕྱུངས་བ་ཁོ་ན་རེད་འདུག རེབ་འདིར་ཁོ་བོས་དེབ་འདི་ནི་དག་སྣང་གིས་མཇལ་བ་མ་ཡིན་པར་དེབ་འདིར་ཅི་ཞིག་བཤད་ཀྱིན་ཡོད་དམ། ཡང་ན་རང་ཉིད་ཀྱི་མི་ཚེ་འདིར་མཁོ་བའི་ལེགས་བཤད་ཅིག་ཡོད་དམ་སྙམ་སྟེ། ཅི་ཞིག་འཚོལ་ཆེད་དུ་བཀླགས་པ་ཡིན་ནོ།།


དང་པོ། མི་ཚེ།

དེབ་འདི་ནང་བའི་བླ་ཆེན་ཞིག་གི་ཤེས་རབ་ཀྱི་རྩལ་ལས་བྱུང་བ་ཡིན་པས། དེབ་འདི་ནང་ཆོས་ཀྱི་ཤན་ཆེ་བ་ཞིག་ལོས་ཀྱང་ཡིན། དེབ་འདིའི་མགོར་མི་ཚེ་གླེང་ཡོད་ཅིང་།  མི་ཚེ་ནི་རྨི་ལམ་ཞིག་ཏུ་ངོས་འཛིན་གྱིན་འདུག མཁན་པོ་མཆོག་གིས་འདི་ལྟར་གསུངས་འདུག་སྟེ། ཁྱེད་ཚོ་ཚང་མས་གལ་ཏེ་མི་ཚེ་འདི་རྨི་ལམ་ཞིག་ཡིན་ན་ཞེས་ཟེར་གྱིན་འདུག་ཀྱང་། ང་ལ་མཚོན་ན། དེ་གལ་ཏེ་ཞིག་མ་ཡིན་པར་གཏན་ཁེལ་གྱི་རྨི་ལམ་ཐེངས་གཅིག་ཡིན་པ་རེད་ཅེས་པ་དེའོ།།

དོན་དམ་མི་ཚེ་འདི་རྨི་ལམ་ཞིག་ཏུ་ངོས་ཟིན་ཚེ་ཁྱོད་ཀྱི་མི་ཚེ་ཞི་འཇགས་ཀྱི་མི་ཚེ་ཞིག་ཏུ་འགྱུར་ངེས་ཡིན། དེ་ནི་དོན་དམ་གྱི་མི་ཚེའི་ངོ་བོ་ཙམ་ངོས་ཟིན་པ་དེ་རེད།  མི་ཚེ་འདིའི་ངོ་བོ་ངོས་ཟིན་ཚེ། མི་ཚེའི་ཁྲོད་ཀྱི་དུས་ཚོད་མང་པོ་ཞིག་རིན་ཐང་ལྡན་པའི་བྱ་བཞག་ཏུ་གཟད་ཐུབ་པར་ངེས།

མཁན་པོ་མཆོག་གིས་དད་པ་ཞིག་ཡོད་ན་ཁ་ཕྱོགས་ཤིག་ཡོད་སོང་བ་རེད་ཅེས་གསུངས་འདུག། བོད་མི་ཚང་མས་ང་ཚོ་དད་པ་ཅན་གྱི་མི་རིགས་ཤིག་ཡིན་ཞེས་གླེང་ངེས་མོད། དད་པ་ལ་དབང་རྟུལ་དད་པའི་རྗེས་འབྲངས་དང་། དབང་རྣོན་ཆོས་ཀྱི་རྗེས་འབྲངས་ཟེར་བ་ཡོད་པས། དོན་དུ་འུ་ཅག་ནི་དབང་རྣོན་ཆོས་ཀྱི་རྗེས་འབྲངས་པ་ཞིག་ཡིན་ནམ། དོན་དམ་འུ་ཚོའི་དད་པའི་ཁྲོད་དུ་རྨོངས་དད་ཡོད་ལ། དོན་དམ་གྱི་དད་པའང་ཡོད། འུ་ཅག་གིས་ཡོད་ཚད་ལ་དག་སྣང་དང་དད་པ་ཁོ་ན་བྱས་ནས་བཟི་སྟེ་བསྡད་ན། སྐབས་འཚོལ་བ་མང་པོ་ཞིག་ལ་གོ་སྐབས་མང་པོ་ཞིག་བསྐྲུན་པ་ལས་གཞན་ཅི་ཡང་མེད་པས། འུ་ཚོ་ནི་དུས་ཀུན་དབང་རྣོན་ཆོས་ཀྱི་རྗེས་འབྲངས་བ་ཞིག་ཏུ་འགྱུར་བར་རེ་བཞིན་ཡོད། འུ་ཚོ་ལ་དོན་དམ་གྱི་དད་པའི་འོད་ཟེར་ཡོད་ན། རྨོངས་དད་པའི་མགོ་ཐོག་ཏུ་འདུག་པར་དགའ་བ་དེ་དག་ཀྱང་ངང་གིས་མེད་འགྲོ་བ་གཏན་ཁེལ་མིན་ནམ། འུ་ཅག་ལ་དད་པ་མཁོ། ཡང་དག་པའི་དད་པ་མཁོ།

དོན་ཅི་ཞིག་བསྒྲུབ་ཀྱང་མི་ཐམས་ཅད་ཀྱིས་བཟང་ངོ་ཟེར་དགོས་པ་ནི་ཧ་ཅང་གི་རེ་བ་མཐོན་པོ་ཞིག་སྟེ་སྟོན་པས་ཀྱང་མཛད་པར་མི་ནུས་ཞེས་པ་ཐོས་རྗེས། ཁོ་བོའི་སེམས་སུ་དེ་ནི་དངོས་གནས་བདེན་ཨང་། ཚིག་དུམ་ལ་ལ་ནི་མི་ཞིག་གི་མི་ཚེའི་ཁྲོད་དེབ་ཅིག་བཀླགས་པ་ལས་ཀྱང་ཡན་ཡིན་ཟེར་བ་ལྟར། ཚིག་དུམ་འདིས་ད་ལྟའི་ཁོ་བོའི་འཚོ་བའི་ཁྲོད་དུ་བག་ལྷོད་པའི་དབུགས་རྔུབ་ཐེངས་གཅིག་བྱེད་དུ་བཅུག་ཡོད། ཚིག་དུམ་འདིས་ང་ལ་གནས་ལུགས་ཤིག་དང་། སློབ་གསོ་ཞིག་སྤྲད་བྱུང་། བྱ་བ་གང་ཞིག་བསྒྲུབ་ཀྱང་རང་སེམས་བརྟག་སྟེ་ངོ་གནོང་མི་དགོས་པ་ཞིག་ཡིན་ན་ཆོག་པའི་གནས་ལུགས་དེའང་ངོས་ཟིན་དུ་བཅུག་སོང་།

 

གཉིས་པ། བདེ་སྐྱིད། 

མཁན་པོ་མཆོག་གིས་བདེ་སྐྱིད་ཅེས་པ་ནི་དོན་དམ་གང་ལ་ངོས་འཛིན་དགོས་པ་དང་། མི་མང་ཆེ་བས་བདེ་སྐྱིད་ངོས་འཛིན་ཚུལ་དང་། བདེ་སྐྱིད་འཚོལ་བའི་ཐབས་གླེང་འདུག

མ་གཞི་བདེ་སྐྱིད་ཅེས་པ་ནི་སྲོག་ལྡན་ཡོངས་ཀྱིས་འདོད་ཅིང་འཚོལ་བཞིན་པ་དེ་ཡིན་ལ། ལྷག་པར་མཐོ་རིམ་སྲོག་ཆགས་ལས་འགྲོ་བ་མི་ཞེས་པ་སྟེ་ཁོ་བོ་ཅག་གིས་བདེ་སྐྱིད་ནི་ཕྱི་ཡུལ་གྱི་སྟེང་དུ་འཚོལ་བའི་གྲངས་ཀ་དེ་ཉུང་ཤོས་ཤིག་ག་ལ་ཡིན། དེ་དག་གིས་འདོད་པའི་བདེ་སྐྱིད་ཅེས་པ་ནི་གནས་སྐབས་ཀྱི་བདེ་སྐྱིད་ཙམ་ཞིག་ལས། མཐར་ཐུག་གི་བདེ་སྐྱིད་ཅེས་པའི་དེ་གང་ནས་འཚོལ་དགོས་པའི་གནས་ངོས་མ་ཟིན་པ་ཉིད་དུ་གསུངས་ཡོད། དེ་ན། དོན་དམ་གྱི་བདེ་སྐྱིད་ནི་ནང་སེམས་ཀྱི་སྟེང་ནས་འཚོལ་དགོས་ཚུལ་དང་། བདེ་སྐྱིད་ཅེས་པའི་འབྱུང་རྩ་ནི་ཆོག་ཤེས་ཞེས་པའི་ཐ་སྙད་འདི་དང་འབྲེལ་བ་ཡོད་ཚུལ་གླེང་ཡོད་པ་དང་། བདེ་སྐྱིད་ནི་ནང་སེམས་ཀྱི་འདུལ་སྦྱོང་ལས་བྱུང་བ་ཡིན་ཚུལ་གླེང་ཡོད་དོ།།

ལྷག་པར་མཁན་པོ་མཆོག་གིས་བོད་མིའི་བདེ་སྐྱིད་དེ་གྲོང་ཁྱེར་གྱི་མི་སོགས་ལ་བསྡུར་ནས་ཡོང་ན་ལྡབ་མང་པོས་བརྒལ་ཡོད་ཅེས་གསུངས་འདུག་པ་ཡང་། དོན་དུ་ཕྱིའི་དངོས་པོའི་དཔལ་ཡོན་གྱི་ཐོག་ནས་བརྒལ་བ་མ་ཡིན་པར། ནང་སེམས་ཀྱི་དཔལ་ཡོན་ལས་བརྒལ་ཡོད་པ་དེ་རེད། དེ་ནི་གཙོ་བོ་བོད་མི་མང་ཆེ་བ་ཆུང་དུས་ནས་ཐེག་ཆེན་གྱི་ཆོས་ལ་དད་པས་ནང་སེམས་ཀྱི་སྟེང་དུ་འདོད་ཆུང་ཆོག་ཤེས་ཞེས་པ་ཞིག་ཡོད་སོང་བས་ཡིན་ནོ།།

ནང་སེམས་ཀྱི་བདེ་སྐྱིད་ལའང་ཁྱབ་ཁུངས་ཆེ་ཆུང་། དུས་ཚོད་རིང་ཐུང་སྟེ། ཚེ་ད་ལྟ་ཙམ་མ་ཡིན་པར་ཕྱི་མའི་བདེ་སྐྱིད་ལའང་འདང་རྒྱག་དགོས་ཚུལ་གསུངས་ཡོད། ཁྱབ་ཁུངས་ཆེ་ཆུང་ཞེས་པ་ནི་རང་ཉིད་ཙམ་མིན་པར། སྐྱེ་འགྲོ་ཡོངས་ལ་ཁྱབ་ཡོད་མིན་དེ་ཡིན། མ་གཞི་བོད་མི་རིགས་ནི་སྤྲོ་སྣང་རིང་ལུགས་པའི་མི་རིགས་ཤིག་ཡིན་འོས་ཤིང་། ཁོང་ཚོ་ནི་དོན་དམ་གྱི་བདེ་སྐྱིད་དང་ཆེས་ཉེ་བའི་མི་རིགས་དེ་ཡིན་ངེས། དེ་ནི། ཁོང་ཚོའི་སློབ་གསོའི་ཁྲོད་དུ་ཁྱབ་ཆེ་བའི་བདེ་སྐྱིད་གླེང་ཡོད་པ་བཞིན། དོན་དམ་གྱི་བདེ་སྐྱིད་ནི་གང་དུ་ཡོད་ཚུལ་གླེང་ཡོད་པས་ཡིན། 

   

གསུམ་པ། ཆོས་ལུགས།

ཆོས་ལུགས་ཞེས་པ་ནི་ལུས་སེམས་སུ་བདེ་སྐྱིད་བསྐྲུན་སྤྱད་ཅིག་ཡིན་འོས་ཤིང་། ཆོས་ལུགས་ཡང་དག་ཡིན་མིན་ནི་དེས་འགྲོ་བ་ཡོངས་ལ་བདེ་སྐྱིད་བསྐྲུན་ཐུབ་མིན་ལ་རེག་ཡོད། ཁྱོའི་སེམས་སུ་བྱམས་བརྩེའི་མྱུ་གུ་འབུས་ཐུབ་ན་དེ་ནི་ཆོས་ལུགས་ཀྱི་ས་བོན་ལས་བྱུང་བ་ཡིན་ངེས།

གལ་ཏེ་ཁྱོད་ཀྱིས་ནང་ཆོས་ཁས་ལེན་བྱེད་ཐུབ་ཀྱིན་མེད་པའི་གནད་དོན་ཞིག་བྱུང་ན་དེ་ནི་ཁྱོད་རང་ནང་ཆོས་ལ་རྒྱུས་ལོན་མ་བྱུང་བའི་གནད་དོན་ཙམ་ཡིན་ངེས། ཁྱོད་ཀྱིས་ནང་ཆོས་དཔྱད་ཅིང་དོན་རྟོགས་པའི་སྐལ་བ་ཙམ་བྱུང་ཚེ། སྐབས་དེར་ཁྱོད་ཀྱིས་ངང་གིས་ནང་ཆོས་ཁས་ལེན་བྱེད་ངེས། འདི་དག་ནི་བདེ་སྐྱིད་ཀྱི་མན་ངག་ལས་ཆོས་ལུགས་ཀྱི་སྐོར་བཀླགས་རྗེས་ཀྱི་ཟིན་ཐོ་ཙམ་ཡིན་ནོ།།

མཁན་པོ་མཆོག་གིས་མི་མང་པོ་ཞིག་དགོན་པར་སོང་སྟེ། སྤོ་བདུག   ལྷ་མཆོད། ཆོས་བགྲེང་བའམ་དགོན་པའི་བཟོ་ལྟ་གསེར་དངུལ་སོགས་ཀྱིས་བཞེངས་བ་འདི་ནང་པའི་ཆོས་ཡིན་པར་སེམས། དོན་དངོས་སུ་ཆོས་སུ་འགྲོ་མིན་མི་ཤེས་ཏེ། ནང་བའི་ཆོས་ནི་གཉིས་མ་གཏོགས་མེད། ལུང་དང་རྟོགས་པའི་བདག་ཉིད་དོ་ཞེས་གསུངས་ཡོད། དེ་དེ་བཞིན་ཏེ། ལུང་དང་རྟོགས་པ་ཞེས་པ་ནི་སྔོན་གྱི་དགེ་བའི་བཤེས་གཉེན་དག་གིས་ཚིགས་བཞི་གཅིག་གི་དོན་ཤེས་ན།།དེ་ནི་ལུང་གི་བསྟན་པ་ཡིན།།དགེ་སེམས་སྐད་ཅིག་གཅིག་སྐྱེ་ན།།དེ་ནི་རྟོགས་པའི་བསྟན་པ་ཡིན།།ཞེས་སོ།།

རྨོངས་དད་ཅེས་པ་ནི་དོན་དུ་རྒྱུ་མཚན་ཅི་ཡང་མེད་པར་ཡིད་ཆེས་ཡོད་པ་དེར་ཟེར། ཁྱོད་ཉིད་རྨོངས་དད་བྱེད་མཁན་ཞིག་ཡིན་ཚེ། ཁྱོད་ཀྱི་མི་ཚེ་ནང་དུ་ཉེན་ཁ་ཆེན་པོ་འབྱུང་ངེས་ཏེ། ད་སྐབས་ཀྱི་འཚོ་བའི་ཁྲོད་དུ་དངུལ་ལོའི་ཆེད་དུ་ཅི་ཡང་བསྒྲུབ་ནུས་པའི་མི་ཧ་ཅང་མང་བས། ཁྱེད་རང་དེ་དག་གི་གཡོ་ཇུས་སུ་ཚུད་པའི་ཉེན་ཁ་ཡོད་དོ།།

 

བཞི་བ། སློབ་གསོ།

ད་སྐབས་ཀྱི་སྤྱི་ཚོགས་སུ་བལྟས་ན་སློབ་གྲྭ་ཆེན་མོ་བ་དེ་དག་གིས་གཞུང་ཞབས་པར་རྒྱུགས་མ་འཕྲོད་ཚེ་གཞན་ལས་ཀ་ཅི་ཡང་མེད་པར་ལུས་པའི་གནས་ཚུལ་འདི་ཤིན་ཏུ་མང་། དོན་དུ་གནས་ཚུལ་འདི་རྒྱུ་རྐྱེན་གང་ཞིག་ལ་བརྟེན་ནས་བྱུང་བ་རེད། དེ་ནི་སློབ་གསོ་ཞིག་དང་འབྲེལ་བ་ཡོད་དམ། ཡང་ན་གཞན་ཞིག་རེད། ང་ཚོས་འདི་ནི་ཅིས་ཀྱང་བསམ་གཞིག་གཏོང་འོས་པའི་གནས་ཤིག་ཏུ་མཐོང་།

མཁན་པོ་མཆོག་གིས་གལ་ཏེ་མི་མང་ཕྱོགས་ཀྱི་འཚོ་བའི་ཁ་ཕྱོགས་དང་རིན་ཐང་གི་ལྟ་བ་ཚང་མ་སྒོར་མོ་དང་ཕྱི་དངོས་པོའི་འཕེལ་རྒྱས་སུ་ཕྱོགས་སོང་ནས། ནང་སེམས་ཀྱི་འདུ་ཤེས་དང་ཀུན་སྤྱོད་ལ་ཉམས་འཇོག་གཏན་ནས་མ་བྱས་ན། སློབ་མ་དེ་ཚོས་མ་འོངས་པའི་མདུན་ལམ་ཡིད་སྐྱོ་བ་ཞིག་ཏུ་འགྱུར་ངེས་ཞེས་གསུངས་དུས། ང་ཚོའི་སློབ་གྲྭའི་སློབ་གསོ་ནི་རྒྱུགས་དམིགས་སློབ་གསོ་རུ་གྱུར་ཅིང་། རྒྱུགས་སྐར་ལ་དམིགས་པ་ནི་དོན་དུ་མ་འོངས་པར་ལས་བྱེད་ཅིག་ཏུ་གྱུར་ཆེད་ཡིན་ནམ། དེ་ལྟར་ཡིན་ཚེ། མཐར་དེད་ན་དམིགས་ས་དངུལ་ལོ་དང་རྐུབ་སྟེགས་ཙམ་ཡིན་པ་རེད་དམ། ད་སྐབས་ཀྱི་སྤྱི་ཚོགས་སུ་སློབ་གསོ་ཞེས་གླེང་དུས་ང་ནི་འདྲི་རྟགས་ཁོ་ནའི་འཇིག་རྟེན་ཞིག་ལས་ཐར་ཐབས་མ་བྱུང་།

 

ལྔ་བ། བསླབ་བྱ། 

   བསླབ་བྱ་ཞེས་པ་ནི་དོན་དུ་དྲན་སྐུལ་ཞིག་རེད། ཡང་ན་ཞལ་ཏའམ་ཁ་ཏ་ཞིག་རེད། དྲན་སྐུལ་རེ་རེའི་ཁྲོད་དུ་ཁྱོད་ཀྱི་འཚོ་བ་དང་འབྲེལ་ཞིང་། མི་ཚེ་དང་འབྲེལ་བ། ཡང་ན་བྱ་བ་དང་འབྲེལ་བ་ཡོད་པའི་གནས་ཚུལ་དུ་མ་ཞིག་གླེང་ཡོད་ངེས་པས། དེ་ནི་རིག་གནས་མེད་ཅིང་ཡིག་རྨོངས་སུ་ལུས་པའི་ཕ་མའི་ངག་ཏུ་ཡོད་སྲིད་ཅིང་། སློབ་དཔོན་ཆེན་མོ་དང་། བསམ་དཀར་གཞུང་དྲང་གི་ངག་ཏུའང་ཡོད་སྲིད་པས། ཁྱོད་སུ་ཞིག་གིས་ཁ་ཏའམ་དྲན་སྐུལ་བྱས་པའི་སྐད་ཆ་དེ་ཚོར་ཅིས་ཀྱང་ཉམས་འཇོག་ཐེངས་གཅིག་བྱེད་དགོས་ངེས་ཡིན། དེའི་ཁྲོད་དུ་ཁྱོད་ལ་ཤིན་ཏུ་མཁོ་བའི་སྐད་ཆ་ཚིག་དུམ་གཅིག་ཡོད་པས་ཀྱང་ཆོག་གོ། 

  དཔེར་ན་ད་སྐབས་ཀྱི་ཁོ་བོར་མཚོན་ན་དེབ་འདིའི་ཁྲོད་ཀྱི་ཚིག་དུམ་འདིར་ཡང་ཡང་བསམ་གཞིག་གཏོང་འདོད་དེ། དེ་ནི་གལ་ཏེ་ཁྱོད་ཀྱིས་དངོས་གནས་མི་གཞན་ལ་ཞབས་འདེགས་དང་བྱ་བ་བསྒྲུབ་འདོད་ན། གནས་སྐབས་སུ་གཞན་གྱིས་གོ་ལོག་ཐེབས་པ་དང་། རྒྱུས་མི་ལོན་པ་སོགས་ཀྱི་གནད་དོན་ཅུང་རེ་འབྱུང་སྲིད་མོད། འོན་ཀྱང་རིམ་བཞིན། ཉི་མ་སྤྲིན་རུམ་ལས་གྲོལ་ནས་འོད་སྣང་ཕྱོགས་མེད་དུ་འཕྲོ་བ་བཞིན། ནམ་ཞིག་འབྲེལ་ཡོད་ཀྱི་སེམས་ཅན་རྣམས་ལ་ཕན་པ་དཔག་མེད་ཐོབ་ཐུབ་ཅེས་པ་དེ་རེད། འདི་ནི་ད་སྐབས་ཀྱི་ཁོ་བོར་མཚོན་ན་སློབ་གསོའི་ནང་གི་སློབ་གསོ་ཞིག་དང་། དྲན་སྐུལ་ནང་གི་དྲན་སྐུལ་ཞིག་རེད། འདི་ལ་བསམ་གཞིག་བྱ་འོས་ཤིང་འདི་ལ་དོ་སྣང་བྱ་འོས་པ་ཞིག་ཀྱང་རེད་འདོད་དོ།།

དགེ་འདུན་ཆོས་འཕེལ་གྱིས་ང་ཚོའི་མི་རིགས་ནི་ཧྲིལ་གྱིས་ལེན་ཞིང་། ཧྲིལ་གྱིས་དོར་བའི་མི་རིགས་ཤིག་རེད་ཅེས་གསུངས་བ་དེ་ཚོད་ཚོད་ལ་ཡིད་དུ་འཁོར་བ་ཞིག་རེད།  དེ་བཞིན་ཐེངས་འདིར་དེབ་འདིའི་ནང་དུའང་དེ་དང་འདྲ་བའི་དྲན་སྐུལ་ཚིག་དུམ་ཞིག་མཐོང་སྟེ། ངས་ཕྱི་ནས་སླེབས་པའི་རིག་གནས་དང་ལེན་བྱེད་མི་རིགས་ཟེར་གྱིན་མེད། འོན་ཀྱང་དང་ལེན་བྱེད་སྐབས་རང་ཉིད་ལ་སྔར་ཡོད་ཀྱི་སྲོལ་རྒྱུན་བཟང་པོ་མཐའ་དག་དོར་མི་རིགས་ཞེས་ཟེར་གྱིན་ཡོད། ཅེས་པ་དེ་ནི་དམངས་ཁྲོད་དུ་ཐང་གི་རྡོ་ལེན་ས་ནས་རིམ་གྱི་གྲོ་ལྷུང་བ་དང་གཅིག་ཏུ་སྣང་སྟེ། དཔེ་དེ་ཡང་དྲན་སྐུལ་ཚིག་དུམ་ཞིག་རེད་དོ།།

 

                                               ༢༠༢༤/༩/༢༢ཞོགས་པར་རང་ཁྱིམ་དུ་བྲིས་སོ།།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།