《 ལྷ་རྗེ་བླ་མ་བསྟན་འཛིན་དོན་གྲུབ་མཆོག་གི་སྐུ་པར། 》
༄། །ལྷ་རྗེ་བླ་མ་བསྟན་འཛིན་དོན་གྲུབ་མཆོག་རྗེས་སུ་དྲན་པའི་གཏམ་སྤོས་ཀྱི་གུར་ཁང་བཞུགས་སོ། །
ན་མོ་གུ་རུ་སུ་མ་ཏི་དྷརྨ་བྷཱུ་ཏཱ་ཡ།
། །ཆོས་དབྱིངས་མཐའ་དབུས་བྲལ་བའི་ནམ་མཁའ་ཡི་ངོགས་སུ། །
མཁྱེན་པའི་ཉི་མ་ཐུགས་རྗེའི་ཆར་ཟིམ་གྱི་འཕྲོ་འདུ། །
དགའ་དད་དུང་བའི་མིག་གི་མཚར་སྡུག་གི་ལྷ་ཅིག །
བདེ་གཤེགས་བླ་མ་སྨན་པའི་འཇའ་ཚོན་དེ་དྲན་བྱུང་། །༡
བགྲང་བྱའི་ལོ་ཁམས་འདས་པའི་དེ་རིང་གི་ཉི་མར། །
རྒྱང་རིང་གྲོགས་ཀྱིས་ཕུལ་བའི་སྐད་འཕྲིན་གྱི་ངོས་ནས། །
བཀའ་དྲིན་གཞལ་དཀའི་བླ་མ་སྙིང་དབུས་སུ་འབོད་པའི། །
སྐྱོ་གདུང་རྗེས་དྲན་ཚིག་གི་འབབ་སྟེགས་ཤིག་སྒུལ་བྱུང་། །༢
རང་ལོ་སོ་གསུམ་རྫོགས་པའི་དབྱར་གཞུང་གི་ཉི་མར། །
བླ་མ་སྐུ་ཉམས་ལྷོད་པའི་རྒྱང་འཕྲིན་ཞིག་ཐོས་ནས། །
ཇི་ལྟར་ཚ་གདུང་གླང་བོ་པད་མཚོ་ལ་ཆས་བཞིན། །
ལུས་སེམས་བྲེལ་བས་ནོན་ཏེ་མཛོད་དགེ་ལ་ལྷགས་སོ། །༣
དེར་ནི་སྒོ་གསུམ་ཕྱག་གི་ཁ་དར་དང་ལྷན་ཅིག །
སྔོན་ཡང་བླ་མས་བཀའ་གནང་ཐུགས་སོས་སུ་བསླངས་ཏེ། །
རྒྱུད་བཞིའི་བཤད་ཁྲིད་མན་ངག་བཀའ་རྒྱ་མའི་ལུང་གི །
བཀའ་ཆོས་སྙན་གསན་ལན་གྲངས་གསུམ་པ་དེ་ཞུས་པར། །༤
བརྩེ་བའི་ཞལ་མདངས་ཟླ་འོད་གཞོན་ནུ་རུ་འཕོས་ཤིང་། །
ཞལ་བཞེས་ཟླ་ཟེར་གཅིག་རྗེས་གཉིས་མཐུད་དུ་སྤྲོས་ཏེ། །
ཁོ་བོར་ཆོས་མཐུན་རྗེས་བསྔགས་སིམ་སིམ་དུ་གནང་བས། །
ཡིད་དགའི་ཀུ་མུད་གྲོལ་བའི་ས་མཚམས་ཤིག་མ་མཆིས། །༥
དགུན་ཡང་མེ་ཏོག་ཁམ་བུ་སྡུག་གུ་རུ་བཀྲ་བའི། །
འབར་དགེའི་ཁད་ཀྱི་གསོ་རིག་ཐོག་ཁང་གི་བྲང་སར། །
ཕྱོགས་འདུས་གསར་རྙིང་སློབ་མ་སྐོར་ཞིག་དང་ལྷན་དུ། །
དཔལ་ལྡན་རྒྱུད་བཞིའི་བཤད་ཁྲིད་ཆ་ཚང་དུ་ཐོབ་རྗེས། །༦
དབུ་ཡི་ལྕང་ལོ་ཤུད་པའི་སློབ་བགྲེས་སོགས་མང་བོས། །
ཁོ་བོའི་འཛིན་བྱེད་དཔྲལ་བར་ཕྲ་རྒྱན་བཞིན་བཀོད་དེ། །
འདས་པའི་བགྲང་བྱ་རིང་མོ་སུམ་ཅུ་ཡི་ཡུན་དུ། །
མ་ཐོབ་རྒྱུད་བཞི་དཀྱུས་གཅིག་ཐོབ་པ་དེས་བསྔགས་བྱུང་། །༧
གཞན་ཡང་གྲུབ་ཐོབ་ཨཽ་རྒྱན་དམ་པ་ནས་བརྒྱུད་ཅིང་། །
སྒྲ་སྙན་ཚེ་རྣམ་འཛིན་པའི་མཁས་ཆེན་གྱི་ཕྱག་རྒྱུན། །
དངུལ་ཆུ་བཙོ་བཀྲུ་ཆེན་མོའི་གཞུང་བཤད་དང་མན་ངག །
སྔར་མེད་ཕྱག་ཁྲིད་རྒྱས་པའི་བཀའ་དྲིན་ཞིག་བསྩལ་བྱུང་། །༨
དེར་ནི་རྟ་གདོང་འབར་བས་རྒྱ་མཚོ་ལ་འཐུང་བཞིན། །
ངོམས་མེད་གཡུ་ཐོག་སྙིང་ཐིག་ཆ་ལག་དང་ཉིང་ལག །
མན་ངག་བཀའ་རྒྱ་ན་བཟའ་བེའུ་བུམ་སོགས་ཁྲིད་ལུང་། །
གངས་ལྗོངས་བྱང་ཟུར་བདུད་རྩིས་ཉིན་བཞིན་དུ་གསོས་བྱུང་། །༩
ལྔ་རིག་སྐར་འོད་ནང་ན་གཟི་མདངས་ཤིག་ཉམས་པའི། །
ལེགས་སྦྱར་བརྡ་སྤྲོད་སྤྱི་དང་དབྱངས་ཅན་མའི་འགྲེལ་ཆེན། །
འདི་ཉིད་ཁོང་ལ་རྗེས་ཟློས་འཕར་མ་ཡིས་ཞུས་ཏེ། །
མགོ་མཇུག་ཚང་བའི་ལུང་རྒྱུན་ཆ་ཚང་དུ་ཐོབ་ཡོད། །༡༠
བླ་མ་ཁོང་དང་བརྒྱུད་པ་ཡིད་བཞིན་གྱི་ནོར་བུ། །
གངས་ལྗོངས་ཐོན་མི་གཉིས་པ་མཁས་གྲུབ་ཀྱི་གཙུག་རྒྱན། །
ཀུན་ཀྱང་ཁོ་བོར་སྒྲ་རིག་རིན་ཆེན་གྱི་གྲུ་གཟིངས། །
ཉམས་མེད་ཕ་མཐར་འཁྱོལ་བའི་ཐུགས་རེ་ཞིག་གནང་མྱོང་། །༡༡
ལྷག་ཏུ་བོད་ལུགས་སྨན་གྱི་བཤད་རྒྱུན་དང་ལག་ལེན། །
ཁྱད་པར་ཉམ་ཐག་ནད་པར་བལྟ་རེག་དང་དྲི་བས། །
ཚེ་རིག་འདི་ཉིད་དངོས་སུ་ལག་ལེན་དུ་ཐོབས་ཞེས། །
ལུང་རིགས་དཔེ་ཡིས་བདག་ལ་གྲངས་མང་དུ་གདམས་བྱུང་། །༡༢
མཚན་སྙན་ཕྱོགས་ཀྱི་ཐ་གྲུར་གཡུ་འབྲུག་བཞིན་ལྡིར་བའི། །
དམ་པའི་མཚན་གྱིས་བརྒྱན་པའི་བཀའ་གཙིགས་ཀྱི་རི་བོ། །
བྱི་བས་གླང་ཁུར་ལེན་པའི་ཉམས་སྣང་ཞིག་ཤར་ཏེ། །
སྙིང་མེད་ཁོ་བོ་སྒྱིད་ལུག་འདམ་བུ་རུ་ཟུག་བྱུང་། །༡༣
བདག་ནི་འཁོས་ཆུང་རྣམ་གཡེང་ལྷོད་པོ་རུ་དགའ་ཞིང་། །
འབྱོར་ཚོགས་འདོད་ཀྱང་འདུ་འཛི་རབ་རིབ་ལ་སུན་པས། །
མགོ་ཡོད་མཇུག་མ་མེད་པའི་ལས་ཀ་དེ་མིན་ཞེས། །
ཡང་ཡང་གསོལ་འདེབས་དགོངས་ཁྲོལ་གནང་བ་ལ་ངོ་གནོང་། །༡༤
དགུངས་གྲངས་ཉི་མས་ནུབ་རི་མཐོན་པོ་དེ་བརྒལ་ནས། །
གཟི་མདངས་ལྷོ་གླིང་ཡུལ་གྲུ་དུ་མ་རུ་འཆར་བཞིན། །
སྤོང་ཀློག་ཉིན་མཚན་སྦྲེལ་བའི་མཛད་རྣམ་དེ་དྲན་ན། །
དད་པའི་མཆི་མ་སེམས་ཀྱི་ཟབ་ས་རུ་འཁྱིལ་འདུག །༡༥
འདུལ་ཁྲིམས་བཙུན་པས་ཉན་ཐོས་ཨུ་པ་ལིར་ལྟ་ཞིང་། །
མཁས་པའི་ཚིག་གིས་བ་སུ་དྷ་ར་ལ་མཆིད་པ། །
བཟང་བོའི་མཛད་རྗེས་གངས་ལྗོགས་འཛིན་མ་རུ་གསལ་བའི། །
གནས་བརྟན་ཁྱེད་ཅག་འདྲ་བའི་ཕྱིས་འབྱུང་ཞིག་མཆིས་སམ། །༡༦
ལྕགས་རི་རིག་བྱེད་གླིང་དུ་སྔ་མོ་ནས་དར་བའི། །
སྙིང་ཐིགས་སྨན་སྒྲུབ་ཆེན་མོ་མདོ་སྨད་ཀྱི་ཡུལ་འདིར། །
ཐབས་མཁས་ཐུགས་རྗེ་ཆེན་པོས་དྲངས་པ་དང་ལྷན་ཅིག །
ཕྱོགས་ཀྱི་དགོན་སྡེ་དུ་མར་སྐུ་དངོས་ཀྱིས་བཙུགས་འདུག །༡༧
ཡང་གསང་རྟ་སྐད་བཞད་པའི་བསྙེན་སྒྲུབ་དེ་སོང་ནས། །
ཁོ་བོར་རྡོ་རྗེ་སློབ་དཔོན་བཀའ་དབང་ཞིག་ཕབས་ཏེ། །
ལོ་རེར་མཛོད་དགེའི་ཡུལ་གྱི་སྨན་སྒྲུབ་ཀྱི་ཚོགས་མགོན། །
བཀའ་ལ་གྱེན་ཟློག་མེད་པའི་བརྟུལ་ཞུགས་ཙམ་བཟུང་ཡོད། །༡༨
དུས་དང་གནས་སྐབས་ནམ་ཞིག་བླ་མ་ཁྱེད་མཇལ་ན། །
བོང་བ་གསེར་གཟིགས་ཚུལ་དུ་ཐ་མལ་བ་བདག་ལ། །
གཟིགས་སྐྱོང་བླ་ན་མེད་ཅིང་འོས་མིན་གྱི་བསྔགས་བརྗོད། །
གཞན་ལས་གཟིགས་པ་ལྷག་པའི་ཐུགས་རྗེ་དེ་དྲན་བྱུང་། །༡༩
རྒྱུས་ཡོད་རྒྱུས་མེད་ཀུན་ལ་མངོན་ལྐོག་གི་དུས་ཀུན། །
ཁོ་བོའི་ཆེ་བ་བརྗོད་ཅིང་སྤྱན་འབྲས་བཞིན་གཟིགས་ཏེ། །
རྒྱང་རིང་ཡུལ་ནས་སྐུ་དངོས་ལྟ་བ་རུ་ཕེབས་ཤིང་། །
བསླབ་སྟོན་རིམ་གྲོ་སྣ་ཚོགས་གྲངས་མེད་དུ་གནང་ཡོད། །༢༠
གློ་བ་ཤ་གྲལ་བཞག་ཅིང་ཁྱི་ལད་དང་འདྲ་བར། །
སེངྒེའི་མིང་འབོད་ཆེ་ཞིང་ཐུགས་རྩིས་ཤིག་གནང་བ། །
དྲན་རེས་སྙིང་ལ་ཁབ་གཙག་བྱེད་པ་དང་འདྲ་ཞིང་། །
མི་མངོན་དབྱིངས་ནས་ཁྲེལ་ལམ་འཇིགས་སྐྲག་ཅིག་སྐྱེས་བྱུང་། །༢༡
གསོན་པའི་མི་ཚེ་དར་སྐུད་ཕྲ་མོ་རུ་བརྒྱུས་པའི། །
བླ་མ་རིན་ཆེན་ནོར་བུ་གྲངས་མང་དུ་ཐོབ་པ། །
གཅིག་ལས་གཅིག་ལྷག་མཁས་བཙུན་བཟང་གསུམ་གྱིས་བརྒྱན་ཡོད། །
ཁོ་བོའི་བྱང་ཆུབ་ལམ་སྣེ་ཁྱེད་ཅག་གིས་གནང་འདུག །༢༢
སྔོན་ལས་ལྷོ་ཡི་དྲི་བཞོན་གཡུག་སྟངས་ཀྱིས་ཁུར་ཏེ། །
ཆོས་པའི་བརྟུལ་ཞིགས་འཛིན་པའི་ཤིང་ལོ་དེའི་སྐྱིད་སྡུག །
བླ་མ་ཡིད་བཞིན་ནོར་བུའི་ས་འཛིན་ལ་བཅོལ་ཡོད། །
ཚེ་མཇུག་ཉི་མའི་འཁོར་ལུགས་ཁྱེད་ཅག་གིས་སྐྱོབས་ཤིག །༢༣
ཅེས་གདུང་འབོད་ཁྱེའུ་མ་འབོད་དང་འདྲ་བ་འདི་གྲོགས་རིག་པ་འཛིན་པས་གསུང་གིས་བསྐུལ་ཏེ་ཕྲན་སྒང་བ་བསྟན་པའི་རྒྱལ་མཚན་དུ་འབོད་པས་རྔ་ཡུལ་སྒོ་མང་དུ་འཕྲལ་མར་བྲིས།
༢༠༡༩----༡----༣ ལ།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།