༄༅། །འཇམ་མགོན་བླ་མ་ཀུན་མཁྱེན་མི་ཕམ་ཆོས་རྗེའི་གསུང་གི་ཡོན་ཏན་རྗེས་སུ་དྲན་པའི་བསྔགས་ཚིག་དད་པའི་མཆོད་སྤྲིན།
རྒྱལ་ཀུན་དབྱིངས་རིག་ཐུགས་ཀྱི་གསང་བ་ཐིག །
ཚད་མེད་ཐུགས་རྗེའི་ཤུགས་ཀྱིས་ཉེར་བསྐུལ་བས། །
སྙིགས་དུས་ཐུབ་བསྟན་སྣང་བའི་ཉིན་མོར་བྱེད། །
མི་ཕམ་འཇམ་དཔལ་དགྱེས་པའི་རོལ་གར་དྲན། །
གང་ཞིག་ལྷུམ་ནས་བཞད་པའི་དེ་མ་ཐག །
དད་དང་ཤེས་རབ་སྙིང་རྗེའི་མཚོ་ཆེན་རྒྱས། །
ལྷག་པའི་ལྷ་བསྙེན་གཟུངས་སྤོབས་གཏེར་གྱིས་ཕྱུག །
བློ་གྲོས་དྲི་མེད་ནོར་བུ་གཙུག་ན་མཛེས། །
སྒྲ་ཚད་བཟོ་གསོ་ཕྱི་ནང་གཙུག་ལག་གཞུང་། །
མ་ལུས་གཟིགས་པའི་མཁྱེན་རབ་འོད་དཀར་ཅན། །
ལྔ་རིག་མཁས་པའི་རྒྱུ་སྐར་བྱེ་བ་དབུས། །
བཀྲག་གསལ་འབར་བའི་ངོ་མཚར་མཁའ་ལ་འཕགས། །
རྒྱལ་སྲས་ཁྱུ་མཆོག་འཇིགས་མེད་ཆོས་དབང་ལས། །
རྒྱལ་སྲས་སྤྱོད་པའི་གཞུང་ལུགས་ལེགས་བཞེས་ནས། །
རྒྱལ་གསུང་དགོངས་འགྲེལ་རྒྱ་མཚོའི་བཅུད་ཀྱིས་མྱོས། །
རྒྱལ་བ་དགྱེས་པའི་ལུགས་བཟང་ཕྱོགས་སུ་སྒྲོག །
ལེགས་བཤད་སྣང་བས་རིགས་པའི་གཏེར་ཆེན་འབྱེད།
ལོག་སྨྲའི་རྙོག་མ་ཀེ་ཏ་ཀེ་ཡིས་བགྲུང་།
རྨོངས་པའི་མུན་པ་ངེས་ཤེས་སྒྲོན་མེ་སེལ། །
ཤིང་རྟའི་དགོངས་ཟབ་རྒྱན་འགྲེལ་ཟུང་གིས་གསལ། །
དེ་ཉིད་གཟིགས་པའི་ཡེ་ཤེས་སྤྱན་མཆོག་ལྡན། །
ལྷ་མཆོག་འཇམ་དཔལ་དགྱེས་པའི་ཞལ་ལུང་ཐོབ། །
ལྔ་རིག་སྨྲ་བའི་ལྗགས་ཡངས་ཞལ་ཁྱིམ་མཛེས། །
སྨྲ་བའི་ངག་ལ་དབང་བའི་མཚན་མ་ཐོབ། །
གསང་ཆེན་རྒྱུད་སྡེའི་མཛོད་འཛིན་པདྨའི་མཚན། །
གསང་ཆེན་རྒྱུད་སྡེའི་གཉེར་བཀའ་གདམས་པའི་མཐུས། །
གསང་སྔགས་སྤྱི་དང་བླ་མེད་རྒྱུད་སྡེ་ཡི། །
གསང་བའི་བུམ་བཟང་སྙིང་པོའི་བཅུད་ཀྱིས་ཁེངས། །
ལྷག་པའི་བདེན་པ་དབྱེར་མེད་རིན་ཆེན་ཁམས། །
མ་རྨོངས་ལྟ་བའི་རླུང་གིས་ཉེར་བསྲུབ་པས། །
སྒོམ་དང་སྤྱོད་བཟང་ཐབས་མཆོག་བང་རིམ་བཀྲ། །
འབྲས་བཟང་རྣམ་རྒྱལ་བཀོད་པའི་ཐེག་པར་བསྔགས། །
ཐབས་ཤེས་རྒྱུད་ཀྱི་སྒྱུ་ལུས་འོད་གསལ་སོགས། །
ཟབ་དོན་རྟོགས་སླའི་མན་ངག་འཛད་མེད་ཀླུང་། །
གཉིས་མེད་རྒྱུད་རྒྱལ་ཕྱི་ནང་གཞན་གསུམ་གནད། །
གསལ་བའི་རྡོ་རྗེ་ཉི་མ་ལུང་གིས་བསྔགས། །
པད་མའི་རྗེ་ཚབ་འགྲོ་འདུལ་མདོ་སྔགས་གླིང་། །
སྨིན་གྲོལ་གདམས་པ་ཟབ་མོའི་དོན་བརྒྱུད་སྩོལ། །
གཞི་དབྱིངས་ཀ་དག་གཉུག་མའི་མཁའ་ཀློང་ནས། །
ལྷུན་གྲུབ་འོད་གསལ་རིག་རྩལ་ཟེར་བརྒྱ་འབར། །
བྱང་ཆུབ་སེམས་མཆོག་ཆོས་དབྱིངས་ཀློང་ཆེན་པོ། །
རང་བྱུང་ཡེ་ཤེས་སྐུ་གསུམ་ཡེ་རྫོགས་ཆེའི། །
གཞི་ལམ་འབྲས་སྟོན་སྡེ་གསུམ་ཀློང་དགུ་ཡི། །
མན་ངག་མངོན་ཕྱུང་རྡོ་རྗེའི་སྙིང་པོའི་མཛོད་། །
སོ་སོར་ཡང་དག་རིག་བཞིའི་བློ་གྲོས་བཟང་། །
མ་ནོར་རྟོན་བཞིས་མདོ་སྔགས་གསུང་རབ་དབྱེ། །
གྲུབ་གཉིས་ཡིད་བཞིན་གཏེར་གྱི་སྒོ་འབྱེད་པའི། །
རིམ་གཉིས་རྣལ་འབྱོར་སྒྲུབ་པའི་ཐབས་མཆོག་འདོམས། །
གང་གི་ཇི་སྙེད་གདམས་པའི་ལེགས་བཤད་ཀླུང་། །
རྒྱ་ཆེའི་དོན་འབྱེད་ལུང་རིགས་རླབས་ཕྲེང་གཡོ། །
ཟབ་གསང་གནད་འབྱིན་མན་ངག་བཅུད་དང་ལྡན། །
བྱིན་རླབས་མངོན་མཚན་བསིལ་བའི་ངོ་མཚར་ཆེ། །
བདག་འཛིན་ཉོན་མོངས་དུག་གི་རྩ་བ་གཅོད། །
སྲིད་པའི་འདུ་བྱེད་གདོན་གྱི་ནུས་པ་བཅོམ། །
སྡུག་བསྔལ་ནད་ཀྱི་ཟུག་རྔུ་ཞི་བྱེད་པའི། །
ཁྱེད་གསུང་བདུད་རྩི་འགྲོ་བའི་གདུང་སེལ་མཆོག །
དངོས་དང་མཚན་མར་ཞེན་པའི་སྟོབས་རྩལ་འཁུམས། །
དམན་པའི་ཡིད་ཅན་འཇིགས་པའི་དབུགས་དབྱུང་སྟེར། །
ཐེག་མཆོག་སྙིང་པོའི་རིང་ལུགས་ཆེར་སྒྲོག་པ། །
མི་འཇིགས་བཞི་ལྡན་སེང་གེའི་སྒྲ་ཆེན་ཡིན། །
ཁྱེད་གསུང་ཐོས་པས་རྨོངས་པའི་དྲྭ་བ་གཅོད། །
གཞུང་དོན་བསམ་པས་ངེས་ཤེས་ནོར་བཟང་བསྐྱེད། །
སྒོམ་པས་རྟོགས་པའི་གདེང་སྤོབས་མཆོག་སྩོལ་བ། །
ཡིད་བཞིན་རིན་ཆེན་སྤྲིན་དང་དཔག་བསམ་ལྗོན། །
ཐབས་ཤེས་མངོན་རྟོགས་སྦྱིན་པའི་རླུང་ཤུགས་ཀྱིས། །
དཔག་མེད་ཡོན་ཏན་འབུམ་གྱི་གཏེར་གྱུར་པའི། །
སྐུ་བཞིའི་རིན་ཆེན་གླིང་དུ་མྱུར་སྦྱོར་བའི། །
ཁྱེད་གསུང་ཐེག་མཆོག་ཐར་པའི་གྲུ་གཟིངས་ཉིད། །
རྨད་བྱུང་མཁྱེན་བརྩེའི་སྤྲིན་གྱི་བང་རིམ་ལས། །
བྱུང་བའི་ལེགས་གསུང་རིན་ཆེན་གྲུ་ཆར་བསྙིལ། །
རྒྱལ་བསྟན་ལུང་རྟོགས་མེ་ཏོག་མདངས་རྒྱས་གསོས། །
ཚུལ་འདིར་སྤྱོད་པའི་བློ་ལྡན་སྐལ་བཟང་ཕུལ། །
རབ་མཆོག་ཞི་བསིལ་འཆི་མེད་བདུད་རྩིའི་ཁམས། །
ལུང་རིགས་མན་ངག་རྦ་རླབས་གཡོ་བའི་མཚོར། །
ཤེས་བརྩོན་གཤོག་ཡངས་འདབ་བཟང་ཁྱུ་ཚོགས་རྣམས། །
རྟག་པར་རྩེན་པའི་དགའ་སྟོན་ཡར་ཟླའི་དཔལ།།
ལེགས་བཤད་ཉི་ཟླའི་འོད་སྣང་འབུམ་འཆར་བས། །
འགྲོ་ཁམས་ནང་གི་མུན་ཆེན་མཐར་བྱས་ཏེ། །
ཐུབ་བསྟན་སྙིང་པོའི་འདབ་སྟོང་ཡོངས་གྲོལ་ཞིང་། །
འཇིག་རྟེན་མངོན་དགའི་དཔལ་ལ་སྤྱོད་གྱུར་ཅིག །
ཡེ་ཤེས་སྐུ་ཅན་སྨྲ་བའི་དབང་ཕྱུག་གང་། །
མཆོག་སྦྱིན་གསུང་གི་ཡོན་ཏན་རབ་འབྱམས་རྡུལ། །
ཆ་ཙམ་གླེང་པས་ཚེ་རབ་ཕྲེང་བ་ཀུན། །
མགོན་པོ་ཁྱེད་ཀྱི་གསུང་གི་མཛོད་འཛིན་ཤོག །
མཚན་ལྡན་དགེ་བའི་བཤེས་ཀྱིས་ཡོངས་སུ་ཟིན། །
མཁྱེན་གཏེར་ལྷག་པའི་ལྷ་མཆོག་གུས་པས་བསྙེན། །
རྣམ་གྲོལ་ལམ་སྟོན་གཞུང་བཟང་རིང་དུ་འདྲིས། །
སྙིང་པོའི་བསྟན་འཛིན་དམ་པས་སར་ཁྱབ་ཤོག །
འཇམ་མགོན་བླ་མ་མི་ཕམ་ཆོས་རྗེའི་རྨད་བྱུང་གསུང་གི་ཡོན་ཏན་རྗེས་སུ་དྲན་པའི་གཏམ་ཉུང་ངུ་འདི་ལི་ཐང་ཨ་ཆོས་ཀྱིས་བྲིས་པའོ། །
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།