འཁྲུངས་སྐར་ལ་ཕུལ་བའི་སྙན་རྩོམ་བཀྲ་ཤིས་རྟགས་བརྒྱད་ཀྱི་རེ་ཁཱའི་མཛེས་པར་གཏམས་པའི་མཚམས་སྤྲིན་གསར་པ།

1513049960487174.jpg


༄༅། །༸ ཁྱབ་བདག་བླ་མ་པདྨ་སྐལ་བཟང་རིན་པོ་ཆེའི་འཁྲུངས་སྐར་ལ་ཕུལ་བའི་སྙན་རྩོམ་བཀྲ་ཤིས་རྟགས་བརྒྱད་ཀྱི་རེ་ཁཱའི་མཛེས་པར་གཏམས་པ་མཚམས་སྤྲིན་གསར་བའི་རྩེ་དགའ་ཞེས་བྱ་བ།

རབ་དཀར་གངས་རི་དཀར་པོའི་ཉེ་འདབས་ན། །ཡིད་འཕྲོག་མཚོ་མོ་སྔོན་མོའི་འགྲམ་ངོགས་ན། །གསེར་འོད་རྒྱ་ཕིབས་རབ་མཛེས་དགོན་ཆེན་དུ། །རྣམ་དཔྱོད་ལུང་རིགས་སྨྲ་བའི་མཁས་མཆོག་ཞིག །རབ་མཛེས་ས་འཛིན་ཕྲེང་བའི་ལེགས་བསྐོར་དབུས། །ཡིད་འོང་ནེའུ་གསིང་མཐོང་ན་ཡིད་དགའ་བ། །མདོ་སྔགས་རབ་འབྱམས་མཐའ་ཡས་གཙུག་ལག་ཁང་། །རྟེན་གསུམ་ཕྱུར་བུར་གཏམས་པ་འདི་ཀོ་རྨད། །དེ་ན་རྣམ་དཔྱོད་གསེར་འོད་ཏོག་བཞིན་མཛེས། །གཞུང་ལུགས་རབ་འབྱམས་ཀ་ཤིའི་ཤམ་བུ་གཡོ། །ཚུལ་ཁྲིམས་རྣམ་དག་གསེར་གྱི་ཡུ་བ་བརྟན།།ཕུལ་བྱུང་གང་ཉིད་གདུགས་དཀར་དཔལ་ལ་འཁུ། །ཐོས་བསམ་ལྷོད་མེད་འོ་མའི་ཆུ་གཏེར་དབུས། །བརྩོན་འགྲུས་རྐྱལ་རྩལ་གཤོག་ཟུང་འཁྱུགས་པ་ཅན། །ཡ་རབས་དམ་པའི་རང་མདངས་འོད་དུ་འཚེར། །སྲིད་ཞིའི་ཁོངས་ན་གསེར་གྱི་ཉ་མོ་བཞིན། །འཛད་མེད་ཤེས་རིག་ལོངས་སྤྱོད་མཛོད་དུ་འཁྱིལ། །གང་ལ་གང་འདོད་རེ་བ་ལྷུན་གྱིས་གྲུབ། །མཐའ་ཡས་རིགས་གཞུང་སྤེལ་མཛད་ཡིད་བཞིན་གཏེར། །མདོ་སྔགས་ཀུན་མཁྱེན་གཏེར་ཆེན་བུམ་བཟང་ལགས། །རང་གཞན་ཀུན་ཕན་རབ་མཛེས་རྩ་བ་བརྟན། །ཤེས་བྱའི་མེ་ཏོག་གེ་སར་འཛུམ་བག་ཅན། །གང་འདོད་རིག་ལམ་འདོད་འཇོའི་འདབ་ཕྲེང་ཡངས། །ཁྱོད་ནི་རབ་མཛེས་པད་དཀར་སྡོང་བུ་བཞིན། །མི་ཤིགས་དད་པའི་མདུན་མ་གཞོམ་གཞིག་བྲལ། །ཀུན་ཕན་རྩེ་དགའི་མདངས་བཟང་ལྷམ་མེར་བཀྲ། །ངོ་མཚར་སྙན་རྩོམ་རི་མོའི་དྲ་མིག་འཁྱིལ། །ཁྱོད་ནི་ཕུལ་བྱུང་མཛེས་སྡུག་དཔལ་བེའུ་བཞིན། །བགྲང་ཡས་རྣམ་དཔྱོད་རྩེ་དགའི་བ་དན་གཡོ། །མཐའ་ཡས་ཕྱག་རྩོམ་རིགས་གཞུང་ཏོག་གིས་བརྒྱན། །མི་མཐུན་རྒུད་པའི་གདུང་བ་སེལ་མཛད་པ། །མངོན་པར་རབ་མཛེས་མཆོག་གི་རྒྱལ་མཚན་ལྟར། །ཤེས་རབ་མཐའ་བྲལ་རི་མོའི་ལྟེ་བ་ཟླུམ། །གཞུང་ལུགས་རབ་འབྱམས་ཡིད་འཕྲོག་རྩིབས་སྟོང་བཀྲ། །ཀུན་སྤྱོད་དམ་པའི་མུ་ཁྱུད་དྲ་བ་ཅན། །ཨེ་མ་ཁྱེད་ཉིད་གསེར་གྱི་འཁོར་ལོ་བཞིན། །འཆད་པའི་དཔལ་ཡོན་རྒྱལ་སྲས་ཞི་བ་ལྷ། །རྩོད་པའི་རྣམ་དཔྱོད་ཕྱོགས་གླང་ཆོས་གྲགས་དངོས། །རྩོམ་པའི་ཉམས་རྩལ་ཞང་ཞུང་ཆོས་དབང་གྲགས། །འཆད་རྩོད་རྩོམ་གསུམ་འགྲན་པའི་ཟླ་དང་བྲལ། །དེང་འདིར་རིག་གྲོལ་འཕགས་པའི་དགེ་འདུན་སྡེ། །མཁས་མང་གསེར་རིའི་ཕྲེང་བའི་ཀློང་དབུས་སུ། །གསེར་གྱི་ཁྲི་འཕང་མཐོན་པོའི་གོང་རོལ་ན། །མཐའ་ཡས་གདུལ་བྱ་བསྐྱངས་བཞིན་བཞུགས་པས་སྤྲོ། །དབྱར་རྔའི་སྒྲ་ལ་རྨ་བྱའི་བུ་མོ་བཞིན། །ཁྱད་པར་དེ་རིང་ཁྱེད་ཀྱི་འཁྲུངས་སྐར་ཞེས། །གཏམ་སྙན་རོལ་མོའི་དཔེ་བཞིན་ཐོས་པས་མོད། །བཀྲ་ཤིས་རྟགས་བརྒྱད་རྩོམ་འདི་དབང་མེད་ཐལ། །༧ངག་རིག་སྨྲ་བ་དཀོན་མཆོག་བསམ་གཏན་ནམ་མིང་གཞན་རིག་པའི་ཁུ་བྱུག་གིས་ཁྱབ་བདག་བླ་མ་པདྨ་སྐལ་བཟང་མཆོག་གི་འཁྲུངས་སྐར་ལ་བཀྲ་ཤིས་རྟགས་བརྒྱད་ཀྱི་བྱ་དཀའ་བའི་སྙན་རྩོམ་འདི་ཉིད་ཁ་བཏགས་ཞིག་གི་ཚུལ་དུ་གུས་ཕུལ་ཞུ་ལགས།

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།