རྫོགས་ཆེན་སྨྱུག་འཛིན་ཚོགས་པར་གནང་བའི་གསུང་འཕྲིན།

IMG_0527.JPG

༄༅།། གྲུབ་དབང་རྒྱལ་བ་རྫོགས་ཆེན་དགོན་ནི་སྔ་འགྱུར་རྙིང་མའི་དགོན་ཆེན་དྲུག་གི་ཡ་གྱལ་གཙོ་བོ་ཞིག་ཡིན་པ་སྟེ། ལོ་ངོ་སུམ་བརྒྱ་ལྷག་རིང་བོད་ཁམས་ཁུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་སུ་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་དང་། མདོ་ཕྱོགས་གཞུང་ཆེན་བཅུ་གསུམ་ལ་འཆད་ཉན་ཐོས་བསམ། སྔགས་ཕྱོགས་ནང་རྒྱུད་ཡོ་ག་གསུམ་གྱི་རྒྱུད་ཀྱི་བཤད་པ་དང་དབང་ལུང་མན་ངག་སྒྲུབ་འཕྲིན་ཕྱག་བཞེས་ཚང་ལ་མ་ནོར་བ་སྤྱི་དང་། ཁྱད་པར་མན་ངག་རྫོགས་པ་ཆེན་པོ་སྙིང་ཐིག་གོང་འོག་གི་གདམས་ཁྲིད་ཀྱི་རྒྱུན་སྤེལ་བས་དེང་དུས་ཁམས་ཁུལ་དུ་སྔ་འགྱུར་རྙིང་མའི་བསྟན་པ་དར་རྒྱས་ཆེ་བའི་ཆོས་རྒྱུན་འཕེལ་བ་འདི་བྱུང་། དེ་མཚུངས་སྒྲ་སྙན་སྨན་རྩིས་བཟོ་རིག་བྲིས་རྒྱུན་སོགས་ཐུན་མོང་རིག་གནས་ལ་མཁས་པ་རྒྱལ་སྲས་གཞན་ཕན་མཐའ་ཡས་དང་། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། འཇམ་མགོན་མི་ཕམ་སོགས་སྔ་རབས་པ་མང་དུ་བྱོན་པས། ཕྱི་དུས་བོད་ཀྱི་རིག་གནས་གཏེར་མཛོད་གསུམ་དུ་གྲགས་པའི་ཡ་གྱལ་སྡེ་དགེའི་མངའ་ཁུལ་དུ་དཔལ་སྤུངས་དགོན་དང་རྫོགས་ཆེན་དགོན་གྱི་མཛད་རྗེས་ཁྱད་དུ་འཕགས་པར་མངོན། ཉེ་རབས་ཀྱི་གསོ་རིག་བྱང་ཟུར་ལུགས་གཉིས་ཟུང་འབྲེལ་གྱི་མཁས་པ་རྭ་སྐོར་མཁན་པོ་ཐུབ་ནོར་དང་། སྐུ་ནུབ་འོད་ཟེར། མདོ་ཟླ་གསལ་དབང་མོ། བརྡ་སྤྲོད་སྨྲ་བ་ཉན་ཤུལ་མཁྱེན་རབ་འོད་གསལ། སྐྱབས་རྗེ་གཟན་དཀར་རིན་པོ་ཆེ་སོགས་གཙུག་ལག་རིག་པའི་མཁས་པ་དག་གི་སློབ་རྒྱུན་འཕྲིན་ལས་ཕྱོགས་སུ་འཕེལ་བ་འདི་བཞིན་བྱུང་། སྐབས་བབས་གནའ་དུས་བཟོ་རིག་བྲིས་གཟུགས་ལན་ཝར་ལ་མཁས་པ་རྫོགས་ཆེན་མཁན་ཆེན་ཐུབ་བསྟན་སྙན་གྲགས་དང་། སྐྱབས་མགོན་རྫོགས་ཆེན་དྲུག་པའི་དྲུང་ཡིག་བྲིས་པ་ཆོས་གྲགས་སོགས་ཀྱི་ཕྱག་རྒྱུན་ཉམས་མེད་བཞུགས་མུས་དང་། ཁྱད་པར་སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེའི་ཐུན་མིན་ཕྱག་རྒྱུན་རྫོགས་བྲིས་འཁྱུག་ཡིག་ཕྱོགས་སུ་དར་ཞིང་རྒྱས་བཞིན་པ་ལ།  དེང་དུས་སྔར་ལས་ཀྱང་གང་སར་བརྡ་འཕྲིན་འབྲེལ་ལམ་སྟབས་བདེར་ཕྱིན་པས་བོད་མདོ་དབུས་ཁམས་གསུམ་གྱི་བྲིས་གཟུགས་ཕྱག་རྒྱུན་འདྲ་མིན་ཡོད་པ་ཁ་སྣོན་ནང་འདྲེན་བྱས་ན་བོད་ཀྱི་རིག་གནས་སླར་གསོ་དར་སྤེལ་དང་། གདན་ས་འདིར་ཡིག་རིགས་བྲིས་རྒྱུན་འདྲ་མིན་ལ་བྱང་ཆུབ་པའི་སྨྱུག་འཛིན་དབང་པོ་ཕྱི་མཐར་མང་དུ་འཕེལ་ཆེད།  ལན་ཝར་བོད་ཡིག་ཆེ་ཆུང་བཅས་ལ་བྱང་ཆུབ་པའི་བླ་མ་གུར་རྣམ་དང་སློབ་དཔོན་དོན་འགྲུབ་རྡོ་རྗེ་རྣམ་གཉིས་ཆེད་འགན་པ་བསྐུལ་ཏེ། ༼རྫོགས་ཆེན་སྨྱུག་འཛིན་ཚོགས་པ།༽ གསར་དུ་བཙུགས་ནས་ན་གཞོན་བློ་གསར་ལག་བདེ་ཡིག་བྲིས་ལ་དགའ་བ་དག་འགོ་འཛིན་གྱིས། ཡིག་གཟུགས་འདྲ་མིན་གྱི་བྲིས་རྒྱུན་ལ་ཞིབ་འཇུག་དང་དམིགས་བསལ་སློབ་སྦྱོང་།  །སྐབས་དང་སྐབས་སུ་དཔྱད་འདེམས་འགྲན་བསྡུར་དང་ཡིག་གཟུགས་འགྲེམ་སྟོན་སོགས་སྒྲིག་འཛུགས་བྱས་ན་དགེ་མཚན་ཡོད་པར་མཐོང་ཕྱིར།  དེ་བཞིན་མོས་འདུན་ཡོད་པ་གང་མང་སྤྲོ་བས་ཞུགས་པར་བསྐུལ་འདེབས་རེ་ཞུས་དང་། ངོས་ནས་ཀྱང་བོད་ཀྱི་ཐུན་མིན་རིག་གནས་རྒྱུན་འཛིན་དར་སྤེལ་ལ་བསམ་སྦྱོར་གཉིས་ཐད་ནས་མཐུན་རྐྱེན་ཞུས་དོན་ཅི་ནུས་སྒྲུབ་པའི་དམ་བཅའ་སྔར་མུས་བཞིན་འཆང་བཞིན་པ་བཅས།།    བོད་ཀྱི་ཆོས་རིག་ལ་དུང་ཞེན་ཟབ་པར་ཁས་འཆེ་བ་བསྟན་འཛིན་ལུང་རྟོགས་ཉི་མས་ཕྱི་ལོ་༢༠༢༡ལོའི་གནམ་ལོ་གསར་ཚེས་ཟླ་བའི་ཚེས་༡༥ཉིན་ཕུལ།།

WechatIMG532.jpeg

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།