རྫོགས་ཆེན་ཤྲཱི་སེང་དུ་མཐོ་རམས་སློབ་བསྡུ་རྒྱུགས་སྤྲོད།

རྫོགས་ཆེན་ཤྲཱི་སེང་ནཱ་ལེནྡྲ་མཐོ་སློབ་ཏུ་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་༢༠༡༩ ལོའི་མཐོ་རམས་པའི་སློབ་རྒྱུགས་བླངས་པ། 

WechatIMG36.jpeg

བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་བོད་བརྒྱུད་ནང་བསྟན་སླར་གསོ་དར་སྤེལ་གྱི་དགོངས་གཞི་རྒྱ་ཆེ་རྒྱང་རིང་ལས་འཁྲུངས་པ་སྟེ། འདས་པའི་ལོ་ངོ་སུམ་བཅུ་ལྷག་རིང་ས་དགེ་བཀའ་རྙིང་གཡུང་དྲུང་བོན་དང་བཅས་པའི་གྲུབ་མཐའ་རིས་མེད་ཀྱི་སྐྱེས་ཆེན་མང་པོ་བྱོན་ནས་འཆད་ཁྲིད་མཛད་ཅིང་བོད་ཀྱི་སྤྲུལ་སྐུ་དགེ་བཤེས་མཁན་པོ་གྲངས་མང་བསྐྱེད་སྲིང་ཕྱག་ཁྱེར་ཕུལ། མ་འོངས་པར་གྲུབ་མཐའ་རིས་མེད་མཉམ་འཛོམས་དང་སྲིད་གཞུང་ཕྱོགས་ནས་བོད་བརྒྱུད་ནང་བསྟན་དར་སྤེལ་སྣེ་ཁྲིད་དང་རྒྱབ་སྐྱོར་ཐོབ་སའི་ལྡིང་ཆ་གལ་ཆེན་ཞིག་ཡིན། 

WechatIMG1572 1.jpegའདི་ལོའི་སྤྱི་ཟླ་༦ པའི་ཚེེས་༦ ་ཉིན་ནས་སྔ་འགྱུར་རྙིང་མའི་གདན་ས་ཆེན་མོ་རྫོགས་ཆེན་དགོན་དུ་མཐོ་རམས་པའི་རྒྱུགས་ལེན་བྱས་པ་སྟེ། དཔང་བཞུགས་པ་རྫ་སེར་ཤུལ་དགོན་གྱི་དགེ་བཤེས་ཚུལ་ཁྲིམས་དང་། ཤྲཱི་སེང་ཆོས་གྲྭའི་མཁན་ཆེན་ཁྲི་རྒན་ཨ་ཆོས། ཁྲི་བ་འཇམ་དབྱངས། རྔ་ཡུལ་སྒོ་མང་གི་དགེ་བཤེས་ལམ་བདེན། དཔལ་ཡུལ་མཁན་པོ་བསྟན་འཛིན་འཇམ་དབྱངས། གཞན་མཚོ་སྔོན་ཏིང་ཀྱཱ་དང་དཀར་མཛེས་དགོན་གཡག་ཟེ་དགོན་པ་སོགས་ཀྱི་མཁན་སྤྲུལ་བཤེས་གཉེན་དཔང་བཞུགས་པ་བཅུ་དབུ་བཞུགས་མཛད་ཅིང་།   དཔལ་ཡུལ་བཤད་གྲྭ་དང་། དཀར་མཛེས་དགོན།  གཡག་ཟེ་དགོན། རྫ་འབུམ་རྙིང་དགོན། ཤྲཱི་སེང་ཆོས་གྲྭ་བཅས་ཀྱི་རིགས་ལུང་པ་ཉི་ཤུའི་མདུན་དྲུང་དུ། མདོ་དབུས་ཁམས་གསུམ་གྱི་གྲུབ་མཐའ་དགོན་སྡེ་ཁག་ནས་ཕེབས་པའི་མཐོ་རམས་རྒྱུགས་སྤྲོད་པ་བཅུ་གཅིག་གིས་ཉིན་གསུམ་ལ་བཀའ་པོད་ལྔའི་རྩོད་རྒྱུགས་དང་རིག་གནས་འབྲི་རྒྱུགས་ཕུལ།  


ད་ཐེངས་ཀྱི་རྒྱུགས་ལེན་ཡུལ་སྡེ་དགེ་རྫོགས་ཆེན་ཤྲཱི་སེང་བཤད་གྲྭ་ནི། སྤྱི་ལོ་༡༨༢༦ལོར་རྫོགས་ཆེན་བཞི་བ་མི་འགྱུར་ནམ་མཁའི་རྡོ་རྗེ་དང་རྙིང་མའི་མཁས་པ་ཆེན་པོ་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་ཕྱག་བཏབ་ཅིང་། ད་བར་ལོ་ངོ་ལོ་ཉིས་བརྒྱ་ལ་ཉེ་བས་ཁམས་ཁུལ་གྱི་ཆེས་ཐོག་མའི་བཤད་གྲྭ་དེ་ཡིན་ལ། 

WechatIMG1613.jpeg

རྒྱ་གཞུང་བཅུ་གསུམ་ལ་ཡིག་ཆ་མཛད་པས་ནཱ་ལེནྡྲའི་ཆོས་བརྒྱུད་གཙང་མ་འཛིན་མཁན་ཉག་གཅིག་ཡིན། ལོ་རྒྱུས་སྟེང་རྒྱལ་སྲས་གཞན་ཕན་མཐའ་ཡས། རྫ་དཔལ་སྤྲུལ། མཁན་ཆེན་པདྨ་བཛྲ། འཇུ་མི་ཕམ། མི་ཉག་ཀུན་བསོད། འབམ་འདའ་དགེ་ལེགས་རྒྱ་མཚོ། འགྱ་བ་མདོ་སྔགས། ཚོགས་ཤུལ་ནོར་བུ་བསྟན་འཛིན། རྒྱ་ཀོང་གཞན་དགའ། གླག་བླ་ཆོས་འགྲུབ། དབོན་བསྟོད་མཁྱེན་རབ། ཟུར་མང་པད་རྣམ། ཀཿཐོག་མཁན་པོ་ངག་ཆུང་། གངས་དཀར་སྤྲུལ་སྐུ། བོད་སྤྲུལ་མདོ་སྔགས་བསྟན་ཉི། ཁུ་ནུ་བསྟན་འཛིན་རྒྱལ་མཚན་སོགས་རྙིང་མ་དང་ས་སྐྱ་བཀའ་བརྒྱུད་དགེ་ལུགས་ཇོ་ནང་བཅས་ཀྱིས་ཡིག་ཆ་མཛད་མཁན་གྱི་མཁས་པ་མང་པོས་གདན་ས་འདི་ནས་འཆད་ཉན་ཐོས་བསམ་རྒྱ་ཆེར་མཛད་མྱོང་བས་བོད་ཁམས་ཁུལ་གྱི་རིག་གནས་ལྟེ་གནས་གལ་ཆེན་ཞིག་ཡིན། 

WechatIMG536.jpeg

{  ཐོག་མའི་སི་ཁྲོན་བོད་ཡིག་སློབ་གྲྭ། }

དུས་རབས་སྔ་མའི་ལོ་རབས་བརྒྱད་བཅུ་པར་སྐྱབས་རྗེ་གཟན་དཀར་རིན་པོ་ཆེ་དང་སྐྱབས་རྗེ་པདྨ་སྐལ་བཟང་སོགས་ཀྱི་ཐུགས་བསྐྱེད་ལམ་སྟོན་འོག་གནས་འདིར་སི་ཁྲོན་བོད་ཡིག་སློབ་གྲྭ་ཐོག་མར་དབུ་བཙུགས་ནས་ཆོས་རིག་གི་སྒྲོན་མེ་སྦར་ཏེ་ཤེས་ལྡན་མི་སྣ་མང་པོ་བསྐྱེད་སྲིང་བྱས་ནས་རྒྱལ་ཕྱི་ནང་དུ་བོད་ཀྱི་ཆོས་རིག་ལ་མཛད་རྗེས་འཇོག་བཞིན་ཡོད། 

སྤྱི་ལོ་༡༩༨༨ལོ་ནས་སྐྱབས་རྗེ་པདྨ་སྐལ་བཟང་མཆོག་གིས་ཐུགས་བསྐྱེད་སྐུ་ངལ་ལྷུར་བཞེས་ཀྱིས་སྔར་གྱི་ཆོས་གྲྭ་སླར་གསོ་མཛད་ཅིང་རིས་མེད་མཁས་དབང་མང་པོ་གདན་དྲངས་ནས་འཆད་ཉན་ཐོས་བསམ་མཛད་པས་ལོ་ངོ་ཉི་ཤུ་ལྷག་རིང་བསྟན་འགྲོ་ལ་ཕན་ངེས་ཀྱི་མཁན་སྤྲུལ་བརྒྱ་ཕྲག་འགའ་བསྐྱེད་སྲིང་བྱུང་། 

ད་ལྟའི་ཆར་རྫོགས་ཆེན་རིན་པོ་ཆེ་བསྟན་འཛིན་ལུང་རྟོགས་ཉི་མ་མཆོག་གིས་སློབ་གཙོའི་འགན་བཞེས་ཏེ་སློབ་གླིང་གསར་པ་ནཱ་ལེནྡྲ་གསར་བཞེངས་རྒྱ་བསྐྱེད་དང་། སློབ་ཞུགས་ཡོན་ཚད། རྒྱུགས་སྤྲོད་ལམ་ལུགས། འཛིན་རིམ་འཕར་བགྲོད་སོགས་གནའ་དེང་ཟུང་འབྲེལ་གྱི་སློབ་གསོའི་སྒྲིག་གཞི་གཏན་འབེབ་མཛད་དེ་མཐུན་རྐྱེན་སྐྲུན་པས། སློབ་གླིང་གོང་འོག་གཉིས་དང་། འཛིན་གྲྭ་བཅུ་གསུམ། ལས་ཐོག་མཁན་ཆེན་ཁྲི་རྒན་ཟུར་རྣམ་གསུམ་དང་། གཞུང་ཆེན་མཁན་པོ་བཅུ། འཛིན་གྲྭའི་མཁན་པོ་དྲུག  སྐྱོར་དཔོན་བཅུ་བདུན། སྡེ་སྣོད་འཛིན་པ་སློབ་ཚོགས་བརྒྱད་བརྒྱ་ལྷག་ལ་དེང་རབས་ཀྱི་ཆ་རྐྱེན་ལྡན་པའི་བཞུགས་ཤག་དང་གསོལ་ཆས། སློབ་དོན་ཁང་དང་། ཆོས་ཁྲིམས་ཁང་། གཞུང་དོན་ཁང་བཅས་ལས་ཚན་སྡེ་གསུམ། རྒྱལ་སྤྱི་ནང་བསྟན་འདྲེན་སྤེལ་ལྟེ་གནས་བཅས་ལས་གྲུབ་པའི་བོད་ཁུལ་གྱི་ནང་བསྟན་སློབ་གླིང་ཚད་ལྡན་མིག་དཔེར་འོས་པ། ཕྱི་ནང་གི་མཐུན་རྐྱེན་འཛོམས་ཤིང་ཚད་གཞི་ལྡན་ཤོས་དེ་ཆགས་ཡོད་ཅིང་། མ་འོངས་པར་བོད་ཀྱི་ཆོས་རིག་སླར་གསོ་དར་རྒྱས་ལ་གསོན་ཤུགས་བསྐྲུན་ནུས་པའི་ནང་བསྟན་མཐོ་སློབ་གལ་ཆེན་ཞིག་ཏུ་གྲུབ་ཡོད།།

WechatIMG1616.jpeg


རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།