༄༅། ། གྲུབ་དབང་རྫོགས་ཆེན་པའི་གསུང་འཕྲིན།


WechatIMG45.jpeg

༄༅།།དཔལ་གསང་ཆེན་སྔ་འགྱུར་རྙིང་མའི་ཆོས་སྡེ་ཆེ་ཕྲ་སྤྱི་དང་། གྲུབ་དབང་རྫོགས་ཆེན་པའི་ཆོས་བརྒྱུད་དགོན་ལག་ཡོངས་ལ་གསོལ་བ།  

གངས་ལྗོངས་རྒྱལ་བསྟན་ཡོངས་ཀྱི་ཕྱི་མོ་གསང་ཆེན་སྔ་འགྱུར་བའི་བསྟན་པ་རིན་པོ་ཆེ་ནི་མདོ་སྔགས་ཆོས་ཚུལ་ཚང་ལ་མ་ནོར་བའི་བཤད་སྒྲུབ་བསྟན་པའི་བཀའ་སྲོལ་མཐའ་དག་ཡོངས་སུ་རྫོགས་པ་རྒྱ་མཚོ་ལྟ་བུ་ལས། ཟབ་ལས་ཡང་ཟབ་སྙིང་པོའི་ཡང་ཞུན་ནང་རྒྱུད་ཡོ་ག་མདོ་སྒྱུ་སེམས་གསུམ་ནི་ཡིད་བཞིན་གྱི་ནོར་བུ་ལྟ་བུར་ངེས་ན། འདི་ཉིད་ཀྱི་གཞུང་ཤིང་སྔ་འགྱུར་བཀའ་མའི་རྒྱུད་བཤད་སྨིན་གྲོལ་སྒྲུབ་འཕྲིན་བཅས་ཆུ་བོ་བཞིའི་རིང་ལུགས་སྤྱི་དུས་ཀྱིས་ཉམས་པར་ཕྱོགས་ཤིང་། ཁྱད་པར་བཀའ་མའི་སྒྲུབ་འཕྲིན་ཕྱག་བཞེས་ཀྱི་རྒྱུན་ཆོས་རྗེ་སྨིན་གླིང་བ་ནས་གྲུབ་དབང་རྫོགས་ཆེན་པར་བརྒྱུད་པ་གནའ་དུས་ཀཿདཔལ་སོགས་ཁམས་ཀྱི་གདན་ས་ཆོས་སྡེ་ཁག་ལ་ཅི་རིགས་འཕེལ་བར་བྱུང་ནའང་། སྔར་ནས་དགོན་སྡེ་ཆེ་ཕྲ་ཡོངས་ལ་རྒྱ་ཁྱབ་ཏུ་མ་ཚུགས་པ་དང་།   དེང་དུས་རྐྱེན་དབང་སྣ་ཚོགས་པས་ཉམས་པ་ནས་ཉམས་པར་ཕྱོགས་པའི་སྣང་ཚུལ་ཚབ་པོ་ཆེ་མངོན་ཕྱིར། ངོས་གྲུབ་དབང་རྫོགས་ཆེན་པའི་གདན་ས་འདི་ཉིད་དུ་ལོ་འགའི་ཡར་སྔོན་ནས་༼སྔ་འགྱུར་བཀའ་གཏེར་སྒྲུབ་འཕྲིན་ཉམས་གསོ་ཚོགས་པ།༽སྒྲིག་འཛུགས་ཀྱིས་རྡུལ་ཚོན་གདངས་དབྱངས་ཕྱག་རྒྱ་གར་འཆམ་བཅས་ཀྱི་ཆོག་ཡིག་ཟིན་བྲིས་སྔར་ཡོད་དཔྱད་བསྡུར་དཔེ་སྐྲུན་དང་། མཐོང་བརྒྱུད་ཕྱག་ལེན་འཁྲུལ་མེད་རྒྱུན་གནས་ཆེད་ལྷན་ཐབས་དཔེ་རིས་གཟུགས་བརྙན་སོགས་གསར་དུ་བྱས་པ་ལེགས་པར་གྲུབ་ཅིང་། ད་ལམ་ཡང་སྔ་འགྱུར་རྙིང་མའི་དགོན་སྡེ་གང་དུ་བསྟན་པའི་ཡང་བཅུད་བཀའ་མའི་སྒྲུབ་འཕྲིན་སྔར་ནས་མ་ཚུགས་པའམ་དུས་ཀྱིས་ཉམས་ཆག་ཏུ་སོང་བ་སླར་གསོའི་སྒོ་ནས་ནང་བརྒྱུད་སྡེ་གསུམ་གྱི་བསྟན་རྒྱུན་རྒྱ་ཁྱབ་ཏུ་འཕེལ་བར་དམིགས་ཏེ། འདི་ལོ་མེ་བྱ་ཟླ་བ་བཞི་བའི་ཚེས་བདུན་ཏེ་ཕྱི་ལོ་ཟླ་བ་དྲུག་པའི་ཚེས་གཅིག་ནས་ཟླ་བ་གཅིག་གི་དུས་རིང་ལ་སྔ་འགྱུར་བཀའ་མའི་སྒྲུབ་འཕྲིན་ཕྱག་བཞེས་གར་འཆམ་དང་བཅས་པའི་སློབ་སྦྱོང་འཛིན་གྲྭ་འཐུས་ཚང་འཛུགས་འཆར་ལགས་ན། བསྟན་པའི་རྣམ་བཞག་མཁྱེན་ཅིང་སྔ་འགྱུར་བཀའ་མའི་ཟབ་ཆོས་གཙིགས་སུ་འཛིན་པའི་དགོན་སྡེ་ཆེ་ཕྲ་རྣམས་ནས་སློབ་སྦྱོང་པ་འོས་འགབ་མི་སྣ་གཏོང་གནང་དང་། ཕྱིན་ཆད་དགོན་སྡེ་གང་དུ་སྔ་འགྱུར་བའི་ཕ་ཆོས་བཀའ་མའི་སྒྲུབ་འཕྲིན་ཕྱག་བཞེས་ཚུགས་པ་བྱུང་ན་རྙིང་མའི་ཆོས་བརྒྱུད་མཚན་དོན་དང་ལྡན་པ་འགྱུར་ཕྱིར། སྒྲུབ་འཕྲིན་གསར་འཛུགས་ཀྱི་ཐུགས་བསྐྱེད་མངའ་བ་ཡོངས་ལ་འདི་ནས་ཕྱག་བཞེས་སློབ་ཁྲིད་དང་མཐུན་འགྱུར་ཞབས་ཞུ་ཅི་འབྱོར་བྱེད་པ་ལགས་ན་དེ་བཞིན་དགོངས་དབྱིངས་སུ་མངའ་བ་མཁྱེན་ཞེས།། 

གྲུབ་དབང་རྫོགས་ཆེན་པ་བསྟན་འཛིན་ལུང་རྟོགས་ཉི་མར་འབོད་པས་སྤེལ།།