མཁའ་འགྲོ་མ་མདོ་ཟླ་གསལ་དབང་མོ་མཆོག་སྐུ་ཞི་བར་གཤེགས་པ།

WechatIMG1192.jpeg

༄༅། །འདུས་བྱས་རྟག་པ་མིན་པའི་རང་གཟུགས་འགྱོད་གདུང་གི་གནས་ཚུལ་ཐོན་པ་ཞིག་ལ། མདོ་མཁྱེན་བརྩེ་སྐྱབས་མགོན་ཡེ་ཤེས་རྡོ་རྗེའམ་མཁྱེན་བརྩེ་ཧེ་རུ་ཀའི་སྐུ་རུས་གདུང་རྒྱུད་ཀྱི་ཀ་བ་གཅིག་པུ། མདོའི་མཁའ་འགྲོ་རྗེ་བཙུན་མ་ཟླ་གསལ་དབང་མོ་མཆོག དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་ཞག་བདུན་ལ་ཉེ་བར་ཐུགས་དམ་ལ་བཞུགས་པའི་དེ་རིང་གི་ཐོ་རེངས། རྫོགས་ཆེན་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་གྱི་རྗེ་བཙུན་མ་རང་ཉིད་ཀྱི་བཞུགས་ཤག་བདེ་ཆེན་དགའ་འཁྱིལ་ནས་ཐུགས་དམ་དཀྲོགས་ཏེ། རྣམ་རྒྱལ་རྩེའི་ཡང་སྟེང་ཐུགས་ཆེན་ལྷ་ཁང་དུ་གདན་འདྲེན་ཞུས་ནས་དེ་གར་དེ་རིང་བརྩིས་པའི་ཉིན་ལྔའི་རིང་ལ་དད་ལྡན་དམ་གཙང་ཕོ་མོ་སུ་བྱུང་ལ་གདུང་མཇལ་གྱི་གོ་སྐབས་སྤྲོད་རྒྱུ་རེད། 

WechatIMG1196.jpeg

ཁོང་ནི་ལོ་འདིར་དགུང་གྲངས་དགུ་བཅུར་སོན་པའི་བོད་ཀྱི་བཙུན་མའི་རྒྱན་མཆོག མཁས་བཙུན་གྲུབ་པ་མཆོག་ལྡན་གྱི་སྨན་རམས་པ། དུས་ཀྱི་རྒུད་པའི་རླུང་འཚུབ་རླབས་དྲག་གི་ཉམས་སད་ནང་དམ་པའི་རང་གཤིས་གསེར་བཞིན་མ་འགྱུར་བའི་དགེ་བའི་བཤེས་གཉེན་དམ་པ། རང་ཚུགས་རྣམ་དཔྱོད་ཀྱི་སྲོག་དང་ལྡན་པའི་བོད་ཀྱི་མི་རབས་སྔོན་མའི་མི་བཟང་གི་དཔེ་མཚོན་ཞིག་ཀྱང་ངོ་།། དུས་རབས་ཉི་ཤུ་པའི་དུས་སྟོད་གངས་ལྗོངས་རྒྱལ་བསྟན་དར་ཞིང་རྒྱས་པའི་སྒང་གི་རིས་མེད་དམ་པའི་སྐྱེས་ཆེན་སྤྱི་དང་། ཁྱད་པར་རྫོགས་ཆེན་མཁན་ཆེན་ཐུབ་བསྟན་སྙན་གྲགས། འཇིགས་མེད་རྟ་མགྲིན་ཡོན་ཏན་མགོན་པོ། རྫོགས་ཆེན་ཡིད་བཞིན་ནོར་བུ་སྐུ་ཕྲེང་དྲུག་པ་ཨོ་རྒྱན་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་སོགས་ཀྱི་ཞབས་ལ་གཏུག་སྟེ། ཐོས་པས་མཐའ་རྒྱ་བཙལ། བསམ་པས་ཞུན་ཐར་བཅད། བསྒོམས་པས་ཉམས་སུ་ལེན་པའི་སློབ་མའི་ཐུ་བོ། དེང་དུས་ཉིན་མོའི་སྐར་མ་བཞིན་དཀོན་པའི་དམ་པ་དེ་དག་གི་དངོས་སློབ་ཀྱི་ཡ་གྱལ་ཞིག་གོ། ང་དགུའི་དུས་ཟིང་སྐབས་རྫོགས་ཆེན་ཕོ་བྲང་གི་གཡུལ་འཁྲུགས་དྲག་པོའི་ནང་སྐུ་ལ་མདའ་མཚོན་གྱིས་མ་ཚུགས་པའི་ངོ་མཚར་རྣམ་ཐར་སོགས་བརྒྱུད། ཕྱིས་སུ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་གསོ་རིག་སློབ་གསོའི་གལ་ཆེའི་མཛད་འགན་ཉེ་སྔོན་བར་བཞེས། ཆོས་བརྒྱད་ལམ་ཁའི་རྡོ་བཞིན་བོར་བའི་རྣལ་འབྱོར་མ་མཆོག་སྐུ་ཚེ་ཧྲིལ་པོ་ཐོས་བསམ་སྒོམ་སྒྲུབ་དང་གཞན་ཕན་གྱི་མཛད་པས་མཐར་ཕྱིན་པ་ཞིག་སྟེ། ཞིབ་པར་རྣམ་ཐར་ལོ་རྒྱུས་མུ་འགོད་དག་ལས་གསལ་ཞིང་། ཞལ་སློབ་མི་རབས་གསར་པས་གཙོས་པའི་ཁོང་གི་རྗེས་འཇུག་དང་། ཁོང་ལ་ཉེ་རྒྱང་རིང་གསུམ་ནས་དད་མོས་དང་དགའ་ཞུས་བྱ་མཁན་དག་གིས། ཁོང་རང་ཉིད་འཚོ་བཞུགས་དང་མི་གཉིས་པའི་གསང་གསུམ་འདྲ་འབག་གསོན་པོ་ཁོང་གི་སྐུ་ཚེའི་མཛད་པས་གསལ་བའི་དགོངས་འདུན་སྙིང་བཅང་གིས་དེ་བཞིན་རྗེས་སུ་སློབ་པ་བླ་མ་མཆོད་པ་ཀུན་གྱི་མཆོག་དང་། མཛད་བཟང་རྗེས་དྲན་ཐམས་ཅད་ཀྱི་རབ་ཡིན་པ་སྨོས་མ་དགོས། ཁོང་གི་དྲི་མ་མེད་པའི་རྣམ་ཐར་མཛད་འཕྲིན་གྱིས་གངས་ལྗོངས་རིས་བྲལ་ཡོངས་རྫོགས་རྒྱལ་བསྟན་ལ་གཟི་བྱིན་གསར་པ་ཞིག་བསྣན་པ་མ་ཟད། བོད་ཀྱི་བུད་མེད་སྤྱི་དང་ཡང་སྒོས་བཙུན་མའི་སྡེ་ཚོགས་ལ་མཛེས་རྒྱན་སོ་མ་ཞིག་ཀྱང་བསྣན་པས་ན། ཡི་ཆད་སྐྱོ་གདུང་གི་འཁུན་སྒྲ་རེ་ཞིག་སྤོབས་ཉམས་འཛུམ་བག་གི་བསུ་མར་གྱུར་པའི་གཏམ་འདི། རབ་གནས་ས་ཁྱི་ཧོར་ཟླ་༡༡པའི་ཚེས་༢༠ཏེ་སྤྱི་ཟླ་༡༢པའི་ཚེས་༢༧ཉིན་རྫོགས་ཆེན་པདྨ་ཐང་གཞུང་ལས་ལས་འཛིན་ཁང་ནས་སྤེལ།

WechatIMG759.jpeg

WechatIMG1206.jpeg

WechatIMG1205.jpeg

WechatIMG1199.jpeg