དཔལ་ནཱ་ལེནྡྲའི་གཙུག་ལག་རིག་གཞུང་ཆེན་མོ་དབུ་འབྱེད་འགྲེམ་སྤེལ།

WechatIMG2635.jpeg

སློབ་གཙོ་བསྟན་འཛིན་ལུང་རྟོགས་ཉི་མ་རིན་པོ་ཆེ།

དཔལ་ནཱ་ལེནྡྲའི་གཙུག་ལག་རིག་གཞུང་ཆེན་མོ་ནི། རྫོགས་ཆེན་ཤྲཱི་སེང་ནཱ་ལེནྡྲ་མཐོ་རིམ་ནང་བསྟན་སློབ་གླིང་གི་མཁན་རབས་བཅུ་དགུ་པ་མཁན་ཆེན་གཞན་ཕན་ཆོས་ཀྱི་སྣང་བས་འཕགས་ཡུལ་མཁས་པའི་གཞུང་ཆེན་རྩ་བ་ལ་རང་འགྲེལ་དང་འགྲེལ་ཆེན་གྲགས་ཆེ་བ་དག་གིས་རྒྱས་བསྡུས་འཚམ་པའི་མཆན་འགྲེལ་དང་འགྲེལ་མཆན་མཛད་དེ། སློབ་གླིང་འདིའི་རྩ་བའི་སློབ་དེབ་ཏེ་ཡིག་ཆར་གཏན་ལ་ཕབ་པ་ཞིག་སྟེ།  

IMG_2593.JPGརིས་སུ་མ་ཆད་པའི་མཁྱེན་སྤྱན་ཡངས་པོས་བོད་ཤར་ཕྱོགས་སུ་འཕགས་པའི་ཡུལ་གྱི་ནཱ་ལེནྡྲའི་ཤེས་རིག་ལྷད་མེད་བསྐྱར་གསོ་དར་རྒྱས་མཛད་པའི་ཐུགས་བསྐྱེད་མཛད་རྗེས་གཞན་མཚུངས་བྲལ་བས་ཀུན་གྱིས་མཁྱེན་ཆུབ་ལྟར་རྒྱལ་བསྟན་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་གངས་རིའི་ལྗོངས་སུ་སྟོང་ལོ་ཕྱེད་དང་གཉིས་ཙམ་ཟིན་པའི་བརྒྱུད་རིམ་ནང་། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་དང་བཤད་བརྒྱུད་འདེགས་པའི་བཀའ་ཆེན་བཅུའི་རིང་ལུགས་མཁས་གྲུབ་བརྒྱུད་མར་བྱོན་པས་སོ་སོའི་གྲུབ་མཐའི་བཞེད་ཕྱོགས་རྩལ་དུ་བཏོན་པའི་དགོངས་འགྲེལ་བསྟན་བཅོས་རི་བོའི་གཏོས་དང་མཉམ་པ་བརྩམས་ཤིང་། འཆད་རྩོད་ཀྱིས་ཞིབ་པར་གཏན་ལ་ཕབ་ཏེ་སྒྲུབས་པས་ཉམས་སུ་བཞེས་པ་འདི་འདྲ་བ་འཛམ་གླིང་ནང་བསྟན་ལོ་རྒྱུས་ནང་བྱུང་བ་མེད་ཅེས་རྒྱལ་སྤྱིའི་ཞིབ་འཇུག་པ་དག་གིས་མགྲིན་གཅིག་ཏུ་གླེང་། འོན་ཀྱང་རིང་པོར་མ་སོང་བར་ཆོས་བརྒྱུད་རང་རང་གི་ཡིག་ཆ་ཁོ་ན་ལ་རྩལ་འདོན་གཙིགས་སུ་བཟུང་སྟེ་རྒྱ་གར་མཁས་པའི་ལེགས་བཤད་རྣམས་དགོས་གལ་བྱུང་ཚེ་ལུང་དུ་འདྲེན་པ་ཙམ་ལས་འཆད་ཉན་དང་སླབ་གཞིའི་ཡིག་ཆ་མཛད་པའི་ཆོས་སྡེ་གཅིག་ཀྱང་མེད་པའི་སྣང་ཚུལ་དུ་གྱུར། དེ་འདྲའི་ལོ་རྒྱུས་གནས་བབ་ཁྲོད་མཁན་ཆེན་གཞན་དགའ་ནི་བོད་ཀྱི་མཁས་པ་སྐར་ཚོགས་ཀྱི་གྲངས་ལྟར་མང་བའི་དབུས་སུ་ལོ་རྒྱུས་ཀྱི་ཁ་ཕྱོགས་བསྒྱུར་ནུས་པའི་ཤིང་རྟའི་སྲོལ་འབྱེད་པའམ་གསར་གཏོད་པ་ཞིག་དང་། ཁོང་གི་རྒྱ་གཞུང་ཆེན་མོ་བཅུ་གསུམ་ཆ་ལག་དང་བཅས་པའི་བསྟན་བཅོས་ནི་གངས་ཅན་གྱི་ལྗོངས་སུ་རྒྱ་གར་མཁས་པའི་ལེགས་བཤད་བསྟན་པ་སྔ་དར་གྱི་རྗེས་སུ་ཡང་དུ་གཟིམ་མལ་ལས་སྐུ་བཞེངས་པ་ཞིག་དང་། རྒྱ་གཞུང་དྲི་མ་མེད་པའི་འཆད་ཉན་གྱི་སྲོལ་ཕྱེས་པས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་གཙང་མ་བོད་མདོ་ཁམས་ཀྱི་ཕྱོགས་ནས་བསྐྱར་གསོ་གཞིར་བཞེངས་སུ་བསླངས་པ་ཞིག་ཅིས་མ་ཡིན། དེས་ན་དམ་པ་ཉིད་ཀྱི་ཞལ་སྔ་ནས། བསིལ་ལྡན་ཁ་བ་ཅན་གྱི་རྒྱལ་ཁམས་སུ་སྐྱེས་ཀྱང་། །རྒྱ་གར་མཁས་པའི་ལེགས་བཤད་འཁྲུལ་མེད་དུ་བཟུང་ནས། །དམ་ཆོས་མཛོད་ཀྱི་སྒོ་འཕར་ཡངས་པོ་རུ་ཕྱེས་ཏེ། །རེ་ལྟོས་ཅན་གྱི་སྐལ་བཟང་གདུལ་བྱ་ལ་བྱིན་ཡོད། །ཅེས་དང་། ངས་ཆོས་ཕུག་རྒྱ་གར་མཁས་པར་གཏུགས། །ལམ་འཁྲུལ་བར་འགྱུར་གྱི་དོགས་པ་མེད། །ཅེས་སོགས་ཐུགས་སྤོབས་རྒྱས་པའི་གསུང་བྱོན་པ་བཞིན་ནོ། །ད་ལམ་ཡང་ཆོས་གྲྭ་ཆེན་མོའི་འཛིན་གྲྭ་ཁག་གི་རྩ་བའི་སློབ་ཚན་ཆོས་གྲྭ་ཆེན་མོའི་སྔར་སྲོལ་ལྟར་དཔལ་ནཱ་ལེནྡྲའི་རྒྱ་གཞུང་གཙང་མ་མཁན་ཆེན་གཞན་ཕན་སྣང་བའི་མཆན་འགྲེལ་ཁག་གཞིར་བཞག་སྟེ། ཡན་ལག་གི་སློབ་ཚན་དུ་ཀུན་མཁྱེན་རོང་ཀློང་རྣམ་གཉིས་དང་། འཇམ་མགོན་ས་པཎ། རྗེ་བདག་ཉིད་ཆེན་པོ་སོགས་རིས་སུ་མ་ཆད་པའི་ཚད་ཐུབ་མཁས་པའི་ལེགས་བཤད་རྨད་དུ་བྱུང་བ་དག་གིས་ཟུར་བརྒྱན་པ་བཅས་ཆོས་གྲྭའི་སླབ་གཞི་དེབ་ཕྲེང་བཅུ་ཕྲག་བཞི་ལྷག་ཅིག་གཏན་ལ་ཕབ་པ་སྟེ། རིག་གཞུང་འདིའི་དཔེ་སྒྲིག་དག་ཞུས་སོགས་ཐོག་མཐའི་བྱ་བར་རྫོགས་ཆེན་ཤྲཱི་སེང་ནཱ་ལེནྡྲའི་སློབ་གླིང་གི་༧སློབ་གཙོ་བསྟན་འཛིན་ལུང་རྟོགས་ཉི་མ་མཆོག་གིས་ལམ་སྟོན་འོག་མཁན་ཆེན་ཁྲི་རྒན་ཟུར་གཙོའི་མཁན་སྐྱོར་རྣམས་དང་སློབ་དོན་ཁང་གི་ལས་འཛིན་ཡོངས་ནས་འབད་པས་བསྒྲུབས་པ་ལགས་སོ། །

WechatIMG29.jpeg

WechatIMG29.jpeg

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།