༄༅།དགོངས་བརྡ་སྙན་བརྒྱུད་རིག་འཛིན་བླ་མའི་ཚོགས། །ཞི་ཆགས་ཁྲོ་ཚུལ་ཡི་དམ་དཀྱིལ་འཁོར་ལྷ། །གནས་གསུམ་མཁའ་འགྲོ་བཀའ་སྡོད་དམ་ཅན་ལ། །དངོས་པོ་ཀུན་གྱིས་བཏུད་དེ་ཕྱག་བགྱིའོ། །
དེ་ཡང་ཁ་བ་རི་བའི་ཆོས་རིག་གི་སྒྲོན་མེ་སྣུན་ཟད་དུ་ཕྱོགས་ཤིང་། རྒྱལ་བསྟན་སྤྱི་དང་སྔ་འགྱུར་བཀའ་མའི་རིང་ལུགས་རྒྱུན་ཆད་པར་ཉེ་བའི་དུས་ཀྱི་མར་ཤམ་འདིར། ཐེག་དགུའི་ཡང་བཅུད་ནང་རྒྱུད་ཡོ་ག་གསུམ་གྱི་བསྟན་རྒྱུན་སླར་གསོ་རྒྱུན་སྐྱོང་གི་ཆེད་དུ་དམིགས་ཏེ། གྲུབ་དབང་རྫོགས་ཆེན་སྔ་འགྱུར་བཀའ་གཏེར་སྒྲུབ་འཕྲིན་ཉམས་གསོ་དར་སྤེལ་ཚོགས་པས། སྔ་ཕྱིར་བཀའ་མའི་དཀྱིལ་འཁོར་དང་གཏོར་མའི་དཔེ་རིས། ཟིན་བྲིས་གསར་འགོད་དང་ཆོག་འཕྲིན་པར་བསྐྲུན། ཕྱག་བཞེས་ཁྲིད་སྦྱང་དང་དཔྱད་བསྡུར་བགྲོ་གླེང་སོགས་བགྱི་བ་སྣ་མང་བྱས་ཤིང་། འདི་ལོར་ཆོས་རྗེ་སྨིན་གླིང་ཡབ་སྲས་ཀྱིས་མཛད་པའི་བཀའ་མའི་འཕྲིན་ཆོག་ཡོངས་མཐོང་བ་བརྒྱུད་པའི་ཕྱག་བཞེས་བཞིན་ཐེངས་དང་པོར་བཀླག་ཆོག་ཏུ་བཀོད་ཅིང་པར་དུ་བསྐྲུན་པར་ཉེ་བ་སྟེ། དེ་ཡང་སྔ་ལམ་འབྲུག་ཆེན་མཐུ་སྟོབས་རྣམ་རྒྱལ་མཆོག་ལ་བགྱི་བ་འདིའི་ཆེད་འགན་བསྐུལ་བ་བཞིན་ཁོང་དང་མཁན་པོ་བསམ་འཕེལ། དབུ་ཆེན་བསོད་སྦྱིན། མཆོད་སྒྲོལ་མ་མགོན་ལྷན་རྒྱས་ནས་ལོ་བསྟུད་མར་ལྷག་བསམ་ཆེར་བསྐྱེད་སྐུ་ངལ་དང་ལེན་གྱིས་རྨང་གཞིའི་དཔེ་སྒྲིག་གྲུབ་ཅིང་། ད་ལམ་ངོས་དང་བཅས་པས་ཡང་དུ་སྔར་ཡོད་བཀའ་མའི་ལས་བྱང་སྒྲུབ་ཁོག་དཀྱིལ་ཆོག་སོགས་ཡིག་ཆ་རྙིང་པ་ཁག་ཏུ་ཁུངས་འཚོལ་དཔེ་བསྡུར་དང་། མཁས་གྲུབ་གོང་མ་དག་གི་ཚད་ཐུབ་མཐོང་བརྒྱུད་ཟིན་བྲིས་དག་ལ་ཞིབ་པར་དཔྱད་ནས། ཁ་བསྐངས་འཁྲུགས་སྡེབ། མཆན་འདེབས་སྐུང་ཕུད་། དག་ཞུས་དཔེ་སྒྲིག་སོགས་ཟླ་ངོར་ཉེ་བའི་དུས་ཡུན་ལ་བརྩོན་པ་ཆེར་བསྐྱེད་བགྱིས་པའི་འབྲས་བུར་བཀླག་ཆོག་ཏུ་གྲུབ་པ་སྟེ། འདི་ཙམ་གྱིས་ཀྱང་སྙིང་པོའི་བསྟན་རྒྱུན་སླར་གསོ་དར་སྤེལ་ལ་ཕན་པའི་རེ་བ་འཆང་བཞིན་པ་ལགས་ན་དབྱིིངས་བཞུགས་རྩ་གསུམ་རྒྱལ་བས་མཐུན་འགྱུར་དང་། སྔ་འགྱུར་རྙིང་མའི་ཆོས་སྡེ་ཆེ་ཕྲ་ཡོངས་ནས་སྙིང་པོའི་བསྟན་པའི་རྣམ་བཞག་མཁྱེན་ཅིང་། འབྲེལ་བ་བཞི་ལྡན་རིང་བརྒྱུད་བཀའ་མའི་བསྟན་རྒྱུན་ཕྱོགས་བཅུ་ཐ་གྲུ་ཀུན་ཏུ་ཁྱབ་པར་སྤེལ་བའི་གསོལ་སྨོན་དང་། བགྱི་བ་འདིའི་དབུ་འཛིན་ལས་སྒྲུབ་པ་ཡོངས་ལ་ཡང་དུ་བཀའ་དྲིན་ཆེ་ཞུ་བཅས། ། བསྟན་འཛིན་ལུང་རྟོགས་ཉི་མས་སྒྱུར་བྱེད་ས་ཕག་ལོའི་ཧོར་ཟླ་གསུམ་པའི་ཡར་ཚེས་ལ། འཕགས་པ་ཀུན་ཏུ་བཟང་པོའི་གནས་ཆེན་གླང་ཆེན་འགྱིང་པའི་རི་བོའི་མགུལ། སྤྲིན་གྱི་ལྡིང་ཁང་སྐྱིད་གླིང་ནས་མཇུག་གྲུབ་པ་དང་མཉམ་དུ་དང་བའི་བློས་ཆེད་དུ་བརྗོད་པ་ཀུན་ནས་དགེ་བར་གྱུར་ཅིག་གུ།།
གསང་ཆེན་ཏན་ཏྲིའི་ཆོས་ཚུལ་བདུད་རྩིའི་བཅུད། །
མཐའ་དག་ལྗོངས་འདིར་བབ་པའི་བཤད་སྒྲུབ་རྒྱུན། །
དུས་ཀྱི་མཐར་ཡང་ཉམས་མེད་ཡར་གྱི་ཟླས། །
འཕེལ་བའི་ཆུ་མཚོ་ཇི་བཞིན་རྒྱས་གྱུར་ཅིག །
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།