སྤྱོད་འཇུག་ཆེན་མོའི་གསར་འགྲེལ་བྱང་ཆུབ་ལམ་གྱི་གསལ་སྒྲོན་བརྩམས་པའི་གླེང་གཞིའི་བྱུང་བ་བརྗོད་པ།

WechatIMG2661.jpeg            

འགྲེལ་བ་ཇི་ལྟར་བརྩམས་པའི་ཚུལ་གླེང་གཞིའི་བྱུང་བ་བརྗོད་པ།

དཔལ་ནཱ་ལེནྡྲའི་སློབ་དཔོན་ཆེན་མོ་ཤཱནྟི་དེ་བའམ་རྒྱལ་སྲས་ཞི་བ་ལྷས་མཛད་པའི་བྱང་སེམས་སྤྱོད་འཇུག་ཆེན་མོའི་གཞུང་ནི་ནང་བསྟན་སེམས་ཁམས་རིག་པའི་ཚབ་མཚོན་གཞུང་ལུགས་གནའ་དེང་གཉིས་སུ་གྲགས་ཆེ་བ་ཞིག་སྟེ། སྤྱི་ལོ་ཉིས་སྟོང་བཅོ་ལྔ་ལོའི་སྟོན་པ་སངས་རྒྱས་ཀྱི་འཁྲུངས་སྐར་དུས་སྟོན་ལ་རྒྱ་གར་སྲིད་བློན་མཆོག་གི་གཏམ་བཤད་ལས། རྒྱ་གར་ཡུལ་དུ་སྐུ་འཁྲུངས་པའི་ནང་པའི་སེམས་ཀྱི་ཞི་བདེའི་སློབ་དཔོན་རླབས་ཆེ་བ་གཉིས་ཡོད་པ་སྟེ། གཅིག་ནི་སྟོན་པ་ཤཱཀྱ་མུ་ནེ་དང་། ཅིག་ཤོས་དེ་རྒྱལ་སྲས་ཞི་བ་ལྷ་རེད། བདག་ཉིད་ཆེན་པོ་འདི་དག་གཤེགས་ནས་ལོ་སྟོང་ཕྲག་གི་གྲངས་སུ་སོང་ཡང་ཁོང་ཚོའི་གསུང་གི་ནུས་པས་དུས་རབས་ཉེར་གཅིག་པའི་མིའི་རིགས་ལ་བརྗོད་མཐའ་ཡས་པའི་ཕན་བདེ་སྦྱིན་གྱིན་ཡོད་པ་རེད་ཅེས་དང་། འཕགས་པའི་ཡུལ་གྱི་གཞུང་ལུགས་རྣམས་ལས་བྱང་སེམས་སྤྱོད་འཇུག་ལ་འགྲེལ་བ་བརྒྱ་རྩ་བརྒྱད་ཡོད་པ་ཞ་ལུའི་མཁས་མཆོག་བུ་སྟོན་གྱིས་གསུངས་པ་དང་། ད་ལྟ་བོད་ཡིག་བསྟན་འགྱུར་ཁྲོད་དུ་འགྲེལ་བ་རྒྱས་བསྡུས་བརྒྱད་ཙམ་བཞུགས་ཤིང་དེ་ལས་ཆ་ཚང་བ་དང་ཞིབ་པ་ཤེར་འབྱུང་བློ་གྲོས་ཀྱི་འགྲེལ་བ་ཡིན་ལ་བོད་འགྲེལ་ཕལ་མོ་ཆེའི་ཁུངས་ཀྱང་འདི་ཉིད་ཡིན། བོད་ཀྱི་མཁས་པས་འགྲེལ་བ་ལ་ཐོག་མ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྲེལ་བ་ལྟ་བུ་ཡིན་པར་སྣང་ཞིང་དེ་ནས་ཕྱྭ་གཙང་གཉིས་དང་མཁས་མཆོག་བུ་སྟོན། རྒྱལ་སྲས་དངུལ་ཆུ་ཐོགས་མེད་སོགས་སྔ་རབས་ཀྱི་མཁས་པས་མཛད་པའི་འགྲེལ་བ་མང་བ་མ་ཟད། ཕྱིས་སུ་ས་དགེ་བཀའ་རྙིང་གི་མཁས་པས་མཛད་པའི་འགྲེལ་བ་དང་དེ་འབྲེལ་གྱི་ལེགས་བཤད་བསྡོམ་པས་བརྒྱ་ཕྲག་ལ་ཉེ་བ་ཡོད་པ་འདིས་གནའ་ནས་ད་ལྟའི་བར་འཕགས་བོད་གཉིས་སུ་སྤྱོད་འཇུག་ནི་འགྲོ་དོན་ཕྲིན་ལས་རྒྱས་ཤིང་དར་ཁྱབ་ཆེས་ཆེ་བའི་གཞུང་དེ་ཡིན་པར་མཚོན་ཐུབ། དེ་ལྟ་ནའང་འགྲེལ་བ་ཕལ་མོ་ཆེ་ཞིག་གིས་ཚིག་གི་འབྲུ་འགྲེལ་ཚུལ་གཅིག་ཁོ་ན་སྔ་རྗེས་ཕྱི་འབྲང་ལ་ནན་ཏན་བྱས་པས། ཁོག་དབུབ་གཞུང་གི་གོ་དོན་གཙོ་བོར་མ་མཛད་པ་དང་དངོས་ཤུགས་ཚིག་ནུས་ཀྱི་གོ་བ་གཞན་བསླང་མ་ནུས་པ་ལྟ་བུ་སྣང་། འགའ་ཞིག་གིས་གཞུང་དོན་ལེའུ་བྱེ་བྲག་པའི་དཀའ་གནད་ལ་གྲུབ་མཐའ་ནང་ཁུལ་གྱི་འཛིན་མཚམས་ལྟ་གྲུབ་དགག་སྒྲུབ་གཙིགས་སུ་བཟུང་བར་མཛད་པས་ཆེད་མཁས་དཔྱད་ཞིབ་པ་ཁོ་ནའི་སྤྱོད་ཡུལ་དུ་གྱུར། ད་དུང་ཡུལ་དུས་ཁོར་ཡུག་བྱེ་བྲག་པའི་སྤྱི་ཚོགས་བསམ་བློའི་འདུ་ཤེས་ཀྱི་སྒྲོམ་གཞིའི་རྒྱར་ཚུད་པའམ་དེར་བསྟུན་གྱི་འགྲེལ་བཤད་ཕྱོགས་རེ་བ་མཛད་ཡོད་པ་སྨོས་ཅི་དགོས། སངས་རྒྱས་པའི་ལེགས་གསུང་སྤྱི་དང་སྤྱོད་འཇུག་གི་ཚིག་དོན་ནི་གནའ་དེང་དུས་རབས་མི་འདྲ་བའི་སྤྱི་ཚོགས་འཕོ་འགྱུར་ཁྲོད་མིའི་རིགས་ཀྱི་བསམ་སྤྱོད་འདུ་ཤེས་ཇི་ལྟར་བརྗེས་ཀྱང་། རྗེས་ལུས་དང་བེད་མེད་དུ་མི་འགྱུར་བར་མ་ཟད་ནམ་དུའང་དུས་རབས་དེའི་སྔོན་ཐོན་བསམ་བློ་དང་མདུན་སྐྱོད་སློབ་སྟོན་གྱི་ནུས་པ་རྫོགས་མཐའ་མེད་པ་སྔོག་འདོན་བྱེད་དུ་ཡོད་པ་ནི་ཆེས་རླབས་ཆེ་བ་ངོ་མཚར་བའི་གནས་ཏེ། གཞུང་འདིའི་བརྗོད་བྱ་གཙོ་བོ་སྟོང་དང་རྟེན་འབྱུང་ནི་ནམ་དུའང་དངོས་པོའི་ཆོས་ཉིད་ཉག་གཅིག་དང་། ཞི་བདེ་དང་གཞན་ཕན་གྱི་བསམ་སྤྱོད་ནི་དུས་ཀུན་ཏུ་འགྲོ་བ་མིའི་རིགས་ཀྱི་འཚོ་ཐབས་དང་བདེ་སྐྱིད་ཀྱི་འབྱུང་རྩ་འགྱུར་མེད་དེ་ཡིན་པས་ཅིའི་ཕྱིར་མིན། ཉེ་བའི་ལོ་འགའི་སྔོན་རིགས་མི་གཅིག་པའི་དེང་རབས་མི་སྣ་སྐོར་ཞིག་ལ་སྤྱོད་འཇུག་གི་གཞུང་འཆད་པར་འདོད་པས་འགྲེལ་བ་འགའ་ལ་མཇལ་ཡང་ཡིད་ཚིམ་པ་ཞིག་མ་བྱུང་བ་ནི་རང་ཉིད་ཀྱི་མོས་ཁམས་དང་མ་མཐུན་པའི་སྐྱོན་ཁོ་ནར་ཡིན་དུ་མཆི། གང་ལྟར་དུས་རབས་འདིའི་མིའི་བསམ་བློའི་འགྲོ་སྟངས་ཀྱི་ཉོན་མོངས་འདུལ་ཞིང་ལྟ་སྤྱོད་དགེ་བར་བསྒྱུར་བ་དང་། ཁྱད་པར་མ་འོང་བོད་ཀྱི་ན་གཞོན་རྨང་གཞིའི་བོད་ཡིག་གི་ཤེས་ཚད་ལྡན་པ་རྣམས་ལ་ནང་བསྟན་རིག་པའི་རྨང་གཞིའི་ལྟ་གྲུབ་གོ་བདེའི་ཚིག་སྦྱོར་གྱིས་ངོ་འཕྲོད་ཐུབ་ཅིང་། རྒྱལ་སྲས་སེམས་དཔའ་ཆེན་པོ་དཔལ་སྤྲུལ་རིན་པོ་ཆེ་སོགས་བླ་མ་བརྒྱུད་པའི་མན་ངག་ཉམས་ལེན་དང་སྦྱར་བའི་གསར་འགྲེལ་ཞིག་ཡོད་ན་ཅུང་ཟད་དོན་དུ་འགྱུར་རེའི་ལྷག་པའི་བསམ་པས་རྩོམ་པ་ལ་ཞུགས་པ་སྟེ། གཞུང་གི་བསྡུས་དོན་ས་བཅད་སྔ་རབས་མཁས་པའི་དགོངས་པ་ལྟར་དཔལ་སྤྲུལ་རིན་པོ་ཆེའི་རྒྱས་བསྡུས་འཚམ་པར་མཛད་པ་ལ་གཞིར་བཞག་ཅིང་བསམ་གཏན་ལེའུའི་སྐབས་རང་ཉིད་ཀྱིས་རྩ་བའི་གོ་བ་ལེན་ཕྱོགས་ལྟར་ཅུང་ཟད་མི་འདྲ་བ་བྱུང་། རིག་གཞུང་དཔྱད་ཞིབ་པའི་ལུགས་ཀྱི་ལུང་རིགས་དགག་སྒྲུབ་ཀྱི་སྤྲོས་པ་དོར་ཏེ་གཙོ་བོ་གཞུང་ཡོངས་དང་ལེའུ་སོ་སོའི་ཁོག་དབུབ་གོ་དོན་དཀྱུས་གཅིག་ཏུ་སྦྲེལ་ནས་གོ་བ་ལེན་ཐུབ་པ་དང་མན་ངག་ལུགས་ཀྱི་ཉམས་སུ་ལེན་ཚུལ་རྩལ་འདོན་བྱས་ཤིང་། བློ་གསར་བུ་དག་གིས་རྩ་ཚིག་སོ་སོའི་ཐད་ཀྱི་འགྲེལ་བ་དང་འགྲེལ་ཚིག་སོ་སོའི་ཐད་ཀྱི་རྩ་བ་ངོས་བཟུང་བདེ་བ་དང་གོ་དོན་བློ་ལ་འཇག་པའི་ཆེད་རྩ་བའི་ཚིག་ལོགས་སུ་ཐོག་མར་བཀོད་ཅིང། ཚིག་གི་འབྲུ་འགྲེལ་བ་ཁོ་ན་གཙོ་གནད་དུ་མ་བཟུང་ནའང་བྱེད་འབྲེལ་སོགས་ཚིག་འཕྲད་རྒྱང་རིང་ཐུང་དང་རྗེས་འཇུག་ལ་ལྟོས་པའི་ཁྱད་པར་ཙམ་ལས་རྩ་བའི་ཡིག་འབྲུ་རྣམས་ཇི་བཞིན་མ་ཆད་པར་གོ་བདེ་བའི་ཚིག་སྦྱོར་གྱིས་འགྲེལ་བའི་ནང་དུ་མངོན་པར་བྱས།  གཞན་སྤྱོད་འཇུག་གཞུང་གི་ཁུངས་སམ་རྒྱབ་རྟེན་ཐེག་པ་ཆེན་པོའི་མདོ་ལུང་རྣམས་མེད་དུ་མི་རུང་བའི་རིན་ཐང་དུ་མཐོང་ཞིང་བསྟན་བཅོས་གཞན་གྱི་ལུང་དག་ཀྱང་ཟུར་རྒྱན་དུ་དྲངས་པས་ཡིག་ཚོགས་ཅུང་ཟད་མང་བར་གྱུར། 

WechatIMG292.jpeg

གཞུང་འདིར་ཐོས་བསམ་བྱས་པའི་ཉིང་དགོས་སྙིང་པོ་ཉམས་ལེན་རང་རྒྱུད་ལ་འབྱོར་བ་ཡིན་ཕྱིར་དཔལ་སྤྲུལ་སེམས་དཔའ་ཆེན་པོའི་སྒོམ་རིམ་སོགས་བླ་མ་བརྒྱུད་པའི་མན་ངག་ཉམས་ལེན་སྟོན་པའི་གསུང་རྣམས་བསྡོམས་སུ་བཀོད་ཅིང་། རིགས་མི་གཅིག་པའི་སྐྱེ་འགྲོ་དག་ལ་ནང་བསྟན་ཆོས་ཀྱི་རྨང་གཞིའི་ལྟ་གྲུབ་ཤེས་བྱ་ངོ་སྤྲོད་པའི་ཆེད་དང་། གཞུང་གོང་འོག་གི་འབྲེལ་དང་རྒོལ་སྔ་ཕྱིའི་གླེང་གཞི་སོགས་གོ་བདེ་བའི་མཚམས་སྦྱོར་ཅི་རིགས་ཀྱང་སྐབས་དང་སྐབས་སུ་མ་སྤྲོས་ཐབས་མེད་དུ་གྱུར་བས་འགའ་ཞིག་ལ་ཉོབ་པའི་ཚོར་བ་སྟེར་སྲིད་ཀྱང་ཁ་ཤས་ལ་ཕན་པའི་རེ་བ་བྱེད་ཀྱིན་ཡོད། སྤྱོད་འཇུག་གཞུང་གི་བསྟན་དོན་གཙོ་བོ་སྐྱེ་བོ་གང་ཞིག་གིས་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་སྦྱོར་བ་ཕར་ཕྱིན་དྲུག་གི་ཉམས་ལེན་ཐེག་པ་ཆེན་པོའི་གཞུང་ལམ་ནས། འབྲས་བུ་བྱང་ཆུབ་ཆེན་པོ་སངས་རྒྱས་ཀྱི་གོ་འཕང་ཐོབ་སྟེ་སེམས་ཅན་སྨིན་ཅིང་གྲོལ་བའི་གཞན་དོན་རླབས་པོ་ཆེ་ལ་ཇི་ལྟར་སྤྱོད་པའི་ཚུལ་བསྟན་བྱ་གཙོ་བོར་མོད་ཀྱང་། ད་དུང་ཞོར་དུ་སྐྱེས་བུ་ཆུང་ངུའི་ལམ་མི་ཆོས་ཀྱི་བསླབ་བྱ་གཞན་ཕན་གྱི་བསམ་སྤྱོད་དང་ཞི་བདེའི་ལྟ་བ།འདྲ་མཉམ་གྱི་འདུ་ཤེས་དང་ཀུན་ཕན་གྱི་དགེ་ལས། བག་ཡོད་ཀྱི་ཀུན་སྤྱོད་དང་ཚུལ་མཐུན་གྱི་གུས་ལུགས། བཟོད་སྒོམ་གྱི་ངང་རྒྱུད་ཀྱིས་ཀུན་དང་འགྲོགས་མཐུན། ཆོག་ཤེས་ཀྱི་སེམས་ཁམས་དང་གྲོན་ཆུང་གི་འཚོ་བ་ནས། ཕྱི་ཡི་ལོངས་སྤྱོད་ལ་མ་བརྟེན་པར་ནང་སེམས་ཀྱི་བདེ་སྐྱིད་འཚོལ་ཐབས་དང་།  མི་ཚེའི་རིན་ཐང་དང་ཚེ་སྲོག་གི་ལྟ་བ་སོགས་རིག་གཞུང་དང་ལག་ལེན་ཟུང་སྦྲེལ་དུ་སྟོན་པའི་གཞུང་ལུགས་རྨད་དུ་བྱུང་བ་ཞིག་ཡིན་པ་སྟེ། སུ་ཞིག་གིས་ལེགས་བཤད་འདི་ཉིད་ལ་གཏིང་ཟབ་མོའི་ཐོས་བསམ་སྒོམ་གསུམ་བྱས་ན་སྨོས་ཅི་དགོས་ཏེ་ཐ་ན་དཔེ་ཀློག་ཆ་ཚང་ཞིག་བྱས་པས་ཀྱང་མི་ཚེ་ལ་འགྱུར་བ་དང་། ཚེ་སྲོག་ལ་སྙིང་རྗེ་དང་ཤེས་རབ་ཀྱི་འོད་སྣང་འབར་ཐུབ་པའི་ཡིད་ཆེས་དང་རེ་བ་བྱེད་ཆོག་པར་འདོད། 

WechatIMG291.jpeg

ངོས་རང་ལོ་ན་བཅུ་གསུམ་ཙམ་ལ་སོན་པའི་ཉིན་ཞིག་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭ་ལ་མཇལ་བསྐོར་དུ་ཕྱིན་པ་ཡིན་ལ། སྐབས་དེར་གླིང་རྒྱབ་ཀྱི་དབྱར་ཀའི་སྤང་ཐང་ཉམས་དགའ་བ་དེར་སྐྱོར་དཔོན་ཞིག་གིས་སློབ་མ་བཅུ་ཚོགས་ཙམ་ལ་བསྐྱར་ཁྲིད་བྱེད་བཞིན་པ་དང་ཁེལ་ཞིང་། རྒྱང་ནས་ཟུར་ཉན་བྱས་པས་རྒྱལ་སྲས་ཞི་བ་ལྷ་ཁྲི་ཐོག་ནས་འཕགས་ཏེ་ནམ་མཁའ་ལ་ཇེ་མཐོ་ཇེ་མཐོར་སོང་བའི་གཏམ་རྒྱུད་བཤད་པ་ཐོས། དུས་དེར་ཡིད་ལ་ངོ་མཚར་བ་དང་ཉམས་དགའ་བའི་ཚོར་བ་ཞིག་སྟེར་བ་དང་བསྟུན་ཤིན་ཏུ་གོ་དཀའ་བར་གྲགས་པའི་ནང་བསྟན་གྱི་རིག་གཞུང་ལ་འབྱུང་འགྱུར་ཐོས་བསམ་བྱས་ན་དེ་འདྲའི་དཀའ་བ་མ་ཡིན་སྙམ་པའི་སྤོབས་པ་ཞིག་སྐྱེས་ཀྱང་དེ་ཙམ་སླ་མོ་ཞིག་མིན་པ་ཕྱིས་སུ་ད་གཟོད་རྟོགས་པ་བྱུང་། སྐབས་དེའི་རྣམ་པ་དེང་དུས་ཀྱང་ཡིད་ངོར་གསལ་པོར་དྲན་ཐུབ་པ་མ་ཟད་དེ་ནི་རྟེན་འབྲེལ་ཤིན་ཏུ་ལེགས་པའི་མཚན་ལྟས་ཤིག་ཡིན་པ་རང་གིས་ཡིད་ཆེས་བྱེད་བཞིན་ཡོད། དེ་ནས་མི་རིང་བར་ཆོས་གྲྭར་ཞུགས་ཏེ་དཔལ་སྤྲུལ་རིན་པོ་ཆེའི་དངོས་སློབ་མཁན་ཆེན་ཀུན་བཟང་དཔལ་ལྡན་གྱི་ཞལ་སློབ་བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མའི་དངོས་སློབ་མཁན་ཆེན་ཟླ་ཟེར་གྱི་མདུན་ནས་སྤྱོད་འཇུག་ཐོག་མར་ཞུས་ཏེ་གཞུང་འདི་ཉིད་ལ་ཐོས་བསམ་བྱེད་པའི་བསོད་ནམས་ཀྱི་སྐལ་བ་མངོན་དུ་གྱུར་པ་ནས། ཕྱིས་སུ་ཡང་འགྲེལ་བ་ཁ་ཤས་ཀྱི་བཤད་ཁྲིད་ཐོབ་ཅིང་གཞན་ལ་འཆད་ཁྲིད་ཐེངས་འགའ་བྱེད་པའི་སྐལ་བ་བྱུང་། ད་ལམ་ལྷོ་བརྒྱུད་ནང་བསྟན་པའི་རྒྱལ་ཁབ་ལངྐའི་ཡུལ་ལམ་སེང་ག་ལའི་གླིང་གི་དཔལ་གྱི་རི་བོ་མ་ལ་ཡའི་ནགས་ཀྱི་ཚལ་དུ་བསྙེན་མཚམས་ལ་གནས་པའི་ཐུན་བར་རྣམས་སུ་གོ་བདེ་བའི་གཞུང་འགྲེལ་འདི་ཉིད་བརྩམས་པས་གྲུབ་པ་སྟེ། ཅི་སྟེ་རང་དང་སྐལ་བ་མཉམ་པ་དག་ལ་ཕན་པའི་འབྲས་བུ་དང་དགེ་བ་སྲིད་པ་གྱུར་ན་བདེ་གཤེགས་རྒྱལ་བ་སྲས་དང་བཅས་པ་ནས་བརྒྱུད་ལྡན་བླ་མ་དམ་པ་དག་གི་དམིགས་པ་མེད་པའི་ཐུགས་དགོངས་ཡོངས་སུ་རྫོགས་ཤིང་། འགྲོ་བ་ཀུན་གྱི་རྒྱུད་ལ་བྱམས་དང་སྙིང་རྗེས་དྲངས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འཁྲུངས་ཏེ་གནས་སྐབས་འཛམ་གླིང་ཀུན་འཚེ་མེད་ཞི་བདེའི་དཔལ་གྱིས་འབྱོར་བ་དང་། མཐར་ཐུག་སྡུག་ཀུན་འཁོར་བའི་གནས་ལས་ཐར་ཏེ་གཏན་བདེ་བླ་མེད་བྱང་ཆུབ་ཆེན་པོའི་གོ་འཕང་མཆོག་ཉིད་ཐོབ་ཅིང་། འཁོར་བ་མ་སྟོང་བར་རླབས་ཆེན་བྱང་ཆུབ་མཆོག་གི་སྤྱོད་པ་རྒྱ་མཚོ་ལ་རྟག་ཏུ་བསླབ་པར་ཤོག་ཅིག་གུ་ཞེས་ཡོངས་སུ་བསྔོ་ཞིང་སྨོན་པའོ།། །།  བྷོ་ཊའི་ཡུལ་གྱི་ཐེག་པ་ཆེན་པོའི་ཆོས་སྨྲ་བའི་དགེ་སྦྱོང་བསྟན་འཛིན་ལུང་རྟོགས་ཉི་མས། ལྷོ་བརྒྱུད་གནས་བརྟན་པའི་ལུགས་སུ་སྟོན་པའི་འདས་ལོ་ཉིས་སྟོང་ལྔ་བརྒྱ་དྲུག་ཅུ་རེ་གསུམ་པ། བོད་རབ་བྱུང་བཅུ་བདུན་པའི་ལྕགས་བྱི་ལོའི་ཆོས་འཁོར་དུས་ཆེན་ལ་བྲིས་པ་ཀུན་ནས་དགེ་བར་གྱུར་ཅིག་གུ།། །།

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།