བླ་མ་དགོངས་འདུས་སྒྲུབ་ཆེན་གདན་ས་རྫོགས་ཆེན་དུ་སླར་གསོ་བྱུང་བ།

WechatIMG2889.jpeg

ཁར་སང་རྫོགས་ཆེན་གདན་ས་ནས་གཏེར་ཆེན་སངས་རྒྱས་གླིང་པའི་བླ་མ་དགོངས་འདུས་སྒྲུབ་ཆེན་ལོ་ངོ་དྲུག་ཅུ་རེ་གཉིས་ལ་ཆད་སོང་བ་སླར་གསོ་བྱུང་ནས་ཚོགས་སྒྲུབ་ཡོངས་སུ་གྲོལ། སྤྱིར་བླ་མ་དགོངས་འདུས་ཀྱི་ཆོ་ག་འདོན་ཚུལ་ལ་སྔ་རབས་བྱ་ཁྱུང་པའི་ཆོག་སྒྲིག་སོགས་དང་ཕྱིས་སུ་འཇམ་དགོན་ཀོང་སྤྲུལ་ཟིན་བྲིས་སོགས་ཡིག་ཆ་མང་ནའང་། ད་ལམ་རིག་འཛིན་འཇིགས་མེད་གླིང་པའི་དགོངས་འདུས་རྣམ་དཔྱད་ཀྱི་དགོངས་པ་ལྟར། བདག་བསྐྱེད་ཨ་ནུའི་ལུགས་ལུས་དཀྱིལ་ལྟར་སྒོམ་པ་ལས་བྱང་མེ་ཕྲེང་དང་། མདུན་བསྐྱེད་མ་ཧཱའི་ལུགས་ཕྱི་དཀྱིལ་ལྟར་བཀོད་པ་མངོན་རྟོགས་རིན་ཕྲེང་། ཨ་ཏི་ཡོ་གའི་དགོངས་པས་བདག་མདུན་ཟུང་འཇུག་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་འདྲེན་པ་སྟེ། ཡོ་ག་གསུམ་རྫོགས་ཀྱི་དགོངས་ལྟར་གཞིར་བཞག་ཅིང་། དེ་ཉིད་དུ་ཉིན་ཆོག་ཚོགས་བསྐང་གཙོ་བོར་མཛད་པ། 

WechatIMG2891.jpeg

འདིར་སྒྲུབ་ཆེན་བདུན་སྒྲུབ་ཀྱི་ལུགས་སུ་རྒྱལ་ཐོ་དཀྱིལ་ཆོག་ཚེ་སྒྲུབ་སོགས་སྒྲུབ་ཁོག་དང་པྲ་ཁྲིད་དབང་ཆོག་སོགས་ལས་ཁ་སྣོན་བླང་དོར་དང་། གཞན་གྲུབ་དབང་རྫོགས་ཆེན་པའི་སྒྲུབ་པ་ཆེན་མོའི་མཐོང་བརྒྱུད་ཕྱག་བཞེས་ཀྱིས་ཟུར་རྒྱན་ནས་ཆོག་གཞུང་རྒྱས་བསྡུས་རན་པ་ཕྱག་ལེན་ཚང་བར་གསར་དུ་སྒྲིག་པ་ཡིན་ལ། སླད་ཕྱིན་སྙིང་ཐིག་པ་དང་རྫོགས་ཆེན་ཆོས་བརྒྱུད་པ་དག་གིས་ཆོ་ག་ཕྱག་ལེན་འདི་བཞིན་མཛད་ན་ཁུངས་ལུང་མིག་བལྟོས་ཕེར་བ་ཡོད་སྙམ། རྫོགས་ཆེན་གདན་སའི་བླ་མ་དགོངས་འདུས་དབང་ལུང་བརྒྱུད་པ་ནི། མཁས་གྲུབ་ཆེན་པོ་ཉི་སྤྲུལ་གཉིས་པ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་སྟག་ཕུ་བྲག་དམར་དགོན་གྱི་ཁྱབ་བརྡལ་སྤྲུལ་སྐུ་དཔའ་བོ་རྡོ་རྗེ་ལས་དབང་ཁྲིད་ཚར་གཅིག་དང་། ཕྱིས་སུ་སྒྲགས་ཡང་རྫོང་ནས་གྲུབ་ཆེན་ཐུགས་མཆོག་རྡོ་རྗེ་ལས་དབང་ལུང་ཚར་གཅིག་གསན་པ། དེ་ཉིད་ཀྱིས་རྫོགས་ཆེན་རུ་དམ་གདན་ས་རུ་རྫོགས་ཆེན་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ་དགུང་ལོ་བརྒྱད་བཞེས་པ་ལ་ཆོས་བཀའ་ཡོངས་རྫོགས་ཕུལ། དེ་ནས་བླ་རབས་དགུ་ཡིས་བདག་ཅག་གི་འཁོར་ལོའི་མགོན་པོ་སྐྱབས་རྗེ་འབྲུག་པ་རིན་པོ་ཆེ་ལ་ཉེ་བར་བརྒྱུད་པ་སྟེ་ཞིབ་པ་བརྒྱུད་འདེབས་གསར་བྲིས་ལྟར་རོ། ངེས་དོན་པའི་སྐུ་དུས་ནས་ལོ་སྟར་ཆད་མེད་ཀྱི་སྒྲུབ་ཆེན་ད་ལམ་སླར་གསོ་བྱུང་བ་ཕྱིན་ཆད་ཀྱང་ལོ་སྟར་ཆགས་སུ་ཆད་པ་མེད་པའི་རེ་སྨོན་ཞུ། ལེགས་བྱས་འདི་ཡིས་གསང་ཆེན་བཀའ་གཏེར་གྱི་བསྟན་པ་ཕྱོགས་སུ་དར་རྒྱས་དང་། དུས་ཀྱི་རྒུད་པའི་ནད་མུག་འཁྲུགས་རྩོད་བཟློག་པར་ཤོག་ཅེས། སྨོན་པ་ཤུགས་དྲག་དང་བཅས་བསྟན་འཛིན་ལུང་རྟོགས་ཉི་མས་ཞུ།།

WechatIMG2901.jpeg

WechatIMG2887.jpeg

WechatIMG2895.jpeg

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།