སྤྱོད་འཇུག་གསར་འགྲེལ་བྱང་ཆུབ་ལམ་གྱི་གསལ་སྒྲོན་ཐེངས་དང་པོ་རྫོགས་ཆེན་ཤྲཱི་སེང་དུ་གསུངས་པ།

IMG_6581.JPG

ཉེ་ཆར་གྲུབ་དབང་༸རྫོགས་ཆེན་པ་བསྟན་འཛིན་ལུང་རྟོགས་ཉི་མ་ཁོང་ཉིད་ཀྱིས་བརྩམས་པའི་སྤྱོད་འཇུག་གསར་འགྲེལ་ཐེག་ཆེན་བྱང་ཆུབ་ལམ་གྱི་གསལ་སྒྲོན་ཆེན་མོའི་གཞུང་བཟང་གླེགས་བམ་གཉིས་སུ་བཞུགས་པ། བོད་རྒྱལ་ལོ་༢༡༤༧ ལོ་ཟླ་བརྒྱད་པའི་ཚེས་གསུམ་སྟེ་ཕྱི་ལོ་2020 ཟླ་9 ཚེས་20ནས་ཐེངས་དང་པོའི་ཁྲིད་ལུང་རུ་དམ་རྩ་བའི་གདན་ས་རྫོགས་ཆེན་ཤྲཱི་སེང་ནཱ་ལེནྡྲ་མཐོ་རིམ་ནང་བསྟན་སློབ་གླིང་དུ་མཁན་ཆེན་ཁྲི་པ་གཙོས་ཆོས་གྲྭའི་མཁན་སྤྲུལ་དང་བཤད་སྒྲུབ་ལས་གསུམ་གྱི་དགེ་འདུན་འདུས་པ་རྣམས་ལ་ཉིན་བཅུ་བདུན་གྱི་རིང་གསུངས་ཤིང་མཇུག་ལེགས་པར་གྲུབ།

IMG_4240 2.jpg

དེ་ཡང་མདོ་སྔགས་གཞུང་ལུགས་རབ་འབྱམས་མཐའ་དག་ལ་ཐོས་བསམ་རྣལ་མ་མཛད་དེ་མཁྱེན་དཔྱོད་བློ་གྲོས་ཀྱི་ཡོན་ཏན་མངའ་ཞིང་། འཛམ་གླིང་ཤར་ནུབ་དང་གནའ་དེང་གི་ཤེས་བྱའི་གནས་ལ་གཞན་དྲིང་མི་འཇོག་པར་གོ་རྟོགས་ཀྱི་ཡོན་ཚད་མཐོ་བ། ཚུལ་གནས་ཐོས་བསམ་སྒོམ་པའི་གནས་ལ་འཇུག་ཅིང་རྒྱང་མཐོང་ཡེ་ཤེས་ཀྱི་སྤོབས་པའི་གཟེངས་མཐོ་བ། བསིལ་ལྡན་ཁ་བ་རི་བའི་ཆོས་དང་རིག་གནས་ལ་ལྷག་བློ་འཇོན་ནུས་ལྡན་པའི་སྐྱེས་ཆེན་དམ་པ། གྲུབ་དབང་རྫོགས་ཆེན་སྐུ་རབས་བདུན་པ་བསྟན་འཛིན་ལུང་རྟོགས་ཉི་མ་མཆོག་གིས་ལྗགས་རྩོམ་མཛད་པའི་《 སྤྱོད་འཇུག་གསར་འགྲེལ་བྱང་ཆུབ་ལམ་གྱི་གསལ་སྒྲོན་ 》ནི་སྔར་མེད་གསར་དུ་འཁྲུངས་པའི་བྱང་ཆུབ་ཀྱི་ལྗོན་ཤིང་བཟང་པོ་ཞིག་ཡིན་ལ།  སྤྱོད་འཇུག་གསར་འགྲེལ་འདིའི་ཁྱད་ཆོས་གཙོ་བོ་གོ་བདེ་བའི་ཚིག་གིས་རྩ་བ་འགྲེལ་བ་དང་རྩ་བའི་ཚིག་རྣམས་འགྲེལ་བར་ཡོད་པ།  རྫོགས་ཆེན་དཔལ་སྤྲུལ་རིན་པོ་ཆེའི་ཞལ་རྒྱུན་རྣམས་རྩལ་དུ་བཏོན་ནས་ཉམས་ལེན་སྒོམ་རིམ་དང་འབྲེལ་བ། མདོ་དང་བསྟན་བཅོས་ཀྱི་ཁུངས་ལུང་རྒྱས་པ།  སྐབས་དང་སྐབས་སུ་ནང་བསྟན་སྤྱི་དང་ཐེག་པ་ཆེན་པོའི་ལྟ་སྤྱོད་དེང་རབས་བསམ་བློ་དང་མཐུན་པར་ངོ་སྤྲད་པ་སོགས་དང་། རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་རྣམ་ཐར་སྔོག་འདོན་རྩོམ་ལམ་གསར་པའི་གསོན་ཉམས་དང་ལྡན་པ། གཞན་ཡང་བཟོད་པའི་ལེའུ། བསམ་གཏན་ལེའུ། ཤེས་རབ་ལེའུ་བཅས་ལ་གོ་བདེ་བའི་ཁྱད་ཆོས་སོགས་བཞུགས་པར་མངོན་པས་དཔྱོད་ལྡན་སྐྱེ་བོ་ཀུན་གྱིས་བསྟོད་བསྔགས་ཀྱི་ཡུལ་དང་གཟུར་གནས་མཁས་མང་རྒྱ་མཚོའི་ཐོས་བསམ་དང་ཞིབ་འཇུག་གི་རིག་གཞུང་རྩ་ཆེན་ཞིག་ཡིན་ལ། ཁྱད་པར་ཐེག་ཆེན་ནང་བའི་ལྟ་གྲུབ་ཀྱི་གཞུང་གནད་ནས་གནའ་དེང་གི་ཚད་མཐོའི་སློབ་གསོའི་མན་ངག་ཐམས་ཅད་གཅིག་ཏུ་དྲིལ་ཏེ་ཚིག་འབྲུ་རེ་རེ་ལ་འགན་ཁུར་གྱི་གོ་རྟོགས་དང་གཞན་ཕན་གྱི་བསམ་བློས་ཕྱུག་པ། མི་གཞིའི་མཛེས་པ་ཇི་སྙེད་ཀྱི་རིན་ཐང་ནི་ཤེས་རབ་དང་བྱམས་བརྩེའི་སྦྱོང་བདར་ཉིད་དུ་བསྟན་པའི་གདམས་ཚིག་ཅིག་དང་།  འཛམ་གླིང་རང་བཞིན་ཅན་དུ་ཞལ་ཕྱོགས་ནས་རྗེས་རབས་གཞོན་སྐྱེས་ཚོར་ཕ་ནོར་བུ་ལ་བསྩལ་བའི་བོད་ཀྱི་ཆོས་དང་རིག་གཞུང་གི་དར་ཆ་མཐོན་པོ་ཞིག་ཡིན་ཕྱིན། ཕྱི་རབས་བསྐལ་བའི་མཐར་ཡང་ཉམས་པར་མེད་པ་གདུལ་བྱའི་བགོ་སྐལ་བཟང་པོར་གནང་བ་ཉིད་ནི་དུས་ནས་དུས་སུ་རྒྱལ་སྲས་སེམས་དཔའ་ཆེན་པོའི་རིན་ཐང་ལྷག་པར་མངོན་སྲིད་ཅིང་ཇི་སྲིད་འགྲོ་བའི་ཁམས་ལ་གཞན་ཕན་བྱམས་བརྩེ་དང་ཤེས་རབ་ཀྱིས་རྟག་ཏུ་འཚོ་བར་གྱུར་ཅིག །

དམ་པ་ཁོང་གི་མཛད་འཕྲིན་རྒྱས་ཤིང་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུ། 

IMG_6580.JPG

WechatIMG2841.jpeg

WechatIMG2840.jpeg

2020 ལོར་སྤྱོད་འཇུག་གསར་འགྲེལ་བྱང་ཆུབ་ལམ་གྱི་གསལ་སྒྲོན་ཐེངས་དང་པོ་རྫོགས་ཆེན་ཤྲཱི་སེང་ཧར་གསུང་སྐབས་པར་དུ་བསྒྲོན།》

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།