སྟོད་མངའ་རིས་གངས་མཚོ་གནས་གསུམ་གྱི་ལམ་ཡིག་མདོར་བསྡུས་ཀུན་གསལ་མེ་ལོང་།

WechatIMG728 1.jpeg

༡  ༄༅། །གངས་མཚོ་གནས་གསུམ་གྱི་ལམ་ཡིག་མདོར་བསྡུས་ཀུན་གསལ་མེ་ལོང་ལས་གངས་རིན་པོ་ཆེ་གནས་སྐོར་ལམ་ཡིག་ཅེས་བྱ་བ། 


བླ་མ་དང་དཔལ་ཧེ་རུ་ཀ་ཡབ་ཡུམ་ལ་ཕྱག་འཚལ་ལོ་བརྩེ་བས་རྗེས་སུ་བཟུང་དུ་གསོལ། 

གངས་རིན་པོ་ཆེ་གནས་སྐོར་ལམ་བཤད་པ་ལ་གསུམ།

དང་བོ། གནས་ཀྱི་ལམ་ཐག གངས་རིན་པོ་ཆེ་ནི་སངས་རྒྱས་ཤཱཀྱ་ཐུབ་པས་ལུང་གིས་ཟིན་པའི་དཔལ་འཁོར་ལོ་སྡོམ་པའི་གནས་མཆོག་ཏུ་གྱུར་པ་ཞིག་ཡིན་ལ་འཛམ་གླིང་གནས་ཆེན་ཉེར་བཞིའི་གཙོ་བོའང་ཡིན། སངས་རྒྱས་བཅོམ་ལྡན་འདས་དངོས་སུ་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་རི་བོ་གངས་ཅན་བྱ་བའང་ཡིན་ནོ། 

WechatIMG743.jpeg

 《 1926  ལོའི་པར།  》

དེང་སང་ས་ཚིགས་ཀྱི་དབང་དུ་བྱས་ན་གངས་རིན་པོ་ཆེ་ནི་འཛམ་གླིང་གི་ལྟེ་བའི་རྡོ་རྗེ་གདན་ཡིན་ལ། ཆོས་ཚིགས་ཀྱི་དབང་དུ་བྱས་ན་རྒྱ་གར་རྡོ་གདན་ནི་འཛམ་གླིང་གི་ལྟེ་བ་ཡིན་ནོ། །དེ་ལ་ལུང་དང་རིག་པའི་སྤྲོས་པ་དོར་ནས་གནས་སྐོར་རང་ལ་འགྲོ་བའི་ལམ་ཡིག་གོ་བདེ་བར་འགོད་པ་ལ། ཐོག་མར་ཉི་མ་ལྷ་ས་ནས་ལམ་མགོ་ཚུགས་ཏེ་འགྲོ་བའི་དབང་དུ་སྟངས་ན། ལྷ་ས་ནས་མངའ་རིས་ལ་འགྲོ་བའི་ལམ་གཉིས་ཡོད་དེ་གཅིག་ལྷོ་ལམ་དང་གཅིག་ནི་བྱང་ལམ་ཡིན་འདུག ལྷོ་ལམ་ཉེ་ལ་བྱང་ལམ་རིང་བར་བཤད། བྱང་ལམ་ནི་ཡུ་གུར་རམ་ཞིན་བོད་གཞུང་ལམ་ཆེན་མོ་ལ་སོང་ན་ལྷ་ས་ནས་རྒྱལ་རྩེ་བར་སྤྱི་ལེ་༢༥༠ དང་། རྒྱལ་རྩེ་ནས་གཞིས་ཀ་རྩེ་བར་༩༠ །གཞིས་ཀ་རྩེ་ནས་ལྷ་རྩེ་བར་༡༥༡ །ལྷ་རྩེ་ནས་ར་དགའ་བར་༢༤༡ ར་དགའ་ནས་མཚོ་ཆེན་བར་༢༤༩ །མཚོ་ཆེན་ནས་སྒེར་རྩེ་བར་༧༦༠ །སྒེར་རྩེ་ནས་དགེ་རྒྱས་བར་༣༧༠ །དགེ་རྒྱས་ནས་སེང་གེའི་གྲོང་བར་༡༡༩ །སེང་གེའི་གྲོང་ནས་མོན་ཚེར་བར་༩༣༧ །མོན་མཚེར་ནས་གངས་རི་དར་ཆེན་བར་༦༨ ཡོད་བསྡོམས་པས་སྤྱི་ལེ་༣༢༣༥ ཡོད་དོ། ལྷོ་ལམ་ནི་གཞུང་ལམ་རྙིང་བ་ཡིན་དེར་སོང་ན་ལྷ་ས་ནས་རྒྱལ་རྩེ་བར་སྤྱི་ལེ་༢༥༠ །རྒྱལ་རྩེ་ནས་གཞིས་ཀ་རྩེ་བར་༩༠ །གཞིས་ཀ་རྩེ་ནས་ལྷ་རྩེ་བར་༡༥༡ །ལྷ་རྩེ་ནས་ས་དགའ་བར་༢༩༣ །ས་དགའ་ནས་འབྲོང་པ་བར་༡༤༥ །འབྲོང་པ་ནས་བར་ཀ་བར་༣༨༧ །བར་ཀ་ནས་དར་ཆེན་བར་༢༢ ཡོད་བསྡོམས་པས་སྤྱི་ལེ་༡༣༣༨ ཡོད་དོ། 

7671623377250_.pic_hd.jpg

  གཉིས་པ། གངས་ཏི་སེའི་གནས་སྐོར་ལམ་བཤད་པ་ལ་གསུམ། དང་བོ་གནས་བཤད་པ་ལ། གནམ་ཚིགས་མི་འགྱུར་སྐར་མ་ཨ་བརྟན། ས་ཚིགས་མི་འགྱུར་གངས་དཀར་ཏི་སེ། ཞེས་བཤད་པ་བཞིན་གངས་དཀར་ཏི་སེ་ནི། བདེ་མཆོག་འཁོར་ལོ་སྡོམ་པ་ཡབ་ཡུམ་གྱི་སྒྲུབ་གནས་ཁྱད་པ་ཅན་ཡིན་ལ། དཔལ་འཁོར་ལོ་སྡོམ་པའི་རྩ་བཤད་ཀྱི་རྒྱུད་ལས་གནས་ཆེན་ཉེར་བཞི་དང་དུར་ཁྲོད་བརྒྱད་དངོས་འཛིན་སྐབས་ཧི་མ་ལ་ཡ་ནི་གངས་ཏི་སེ་ལ་འདི་ལ་ངོས་བཟུང་བ་ནི་ས་སྤྱོད་ཀྱི་གནས་བརྒྱད་ཀྱི་ནང་མཚན་དུ་གསུངས་སོ། ཨ་མྱེས་ངག་དབང་ཀུན་དགའ་བསོད་ནམས་ཀྱི་བདེ་མཆོག་ཆོས་འབྱུང་ལས། ཧི་མ་ལ་ཡ་ནི་གངས་ཅན་ཏེ། རྒྱ་གར་བྱང་ཤར་བོད་གངས་ཅན་ལ་དངོས་འཛིན་པ་ཡང་ཡོད། ཁ་ཅིག་གངས་ཏི་སེ་ན་རྡོའི་ལིངྒ་ཁྲུ་གང་ཙམ་གཅིག་ལས་ཆུ་འབབ་པ་དེ་ལ་ངོས་འཛིན། ཞེས་གསུངས། གངས་ཏི་སེ་ཞེས་པ་རྒྱ་གར་བས་གངས་ཞེས་པ་ཁ་བ་ལ་ངོས་བཟུང་བ་དང་ཏི་སེ་ནི་བསིལ་བའི་དོན་ལ་ངོས་བཟུང་ངོ་ཞེས་བཤད།  འདི་ལ་གང་ཟག་རང་རང་གི་རྒྱུ་ཚོད་མཐོ་དམན་དང་མཐུན་པའི་མཐོང་སྣང་མི་འདྲ་བ་རྣམ་པ་བཞི་འབྱུང་སྟེ། དང་བོ་ལམ་ལ་མ་ཞུགས་པའི་གང་ཟག་རྣམས་ཀྱི་སྣང་ངོར། གངས་རི་མཐོ་ཞིང་བརྗིད་ཆགས་པ་རྒྱལ་པོ་གདན་བཞུགས་ལྟ་བུ་ལ། ཤར་དུ་རི་བོ་སྤོས་ངད་ལྡན། ལྷོར་དབྱངས་ཅན་ཕོ་བྲང་སྨན་ནག་སྙིལ་གྱི་གངས་རི། ནུབ་ཏུ་སྒྲོལ་མའི་བཞུགས་གནས་རི་བོ་རྩེ་བརྒྱད། བྱང་དུ་ལྷ་བཙན་ཕོ་བྲང་ཟ་འོག་གུར་ཆེན་སོགས་རི་ཕྲན་རྣམས་བློན་པོ་འདུད་པའི་རྣམ་པ་ཅན་དུ་གཟིགས། གཉིས་པ་ཕྱི་རོལ་མི་སྟེགས་པ་རྣམས་ཀྱི་ལུགས་ལ། ཕྱི་གངས་རི་ཤེལ་གྱི་མཆོད་རྟེན་ལྟ་བུ་ལ། ནང་ལྷ་ཆེན་མ་ཧཱ་དེ་ཝ་དང་ལྷ་མོ་ཨུ་མ་ཡབ་ཡུམ་གྱི་ཕོ་བྲང་གི་བཀོད་པ་ཁྱད་པར་བར་སྣང་། དཔེར་ན་གངས་ཏི་སེ་དབང་ཕྱུག་ཆེན་པོ་དང་། ཏི་ཆུང་ཨུ་མ། གངས་འགྲམ་གྱི་སྤྲེའུ་སྤོས་འཛིན་གྱི་བྲག་དེ་སྤྲེའུ་ཧ་ནུ་མན་ཐ། ལངྒའི་མཚོ་ནག་ལ་སྲིན་པོ་ལངྒ་མགྲིན་བཅུའི་བདག་པོ་མགོན་པོ་བེང་གི་ལྕམ་དྲལ་བཞུགས་པར་གསུངས། དེ་ལ་སོགས་པ་ལ་རིགས་བྱེད་ཀྱི་གཏམ་མང་ངོ་། །གསུམ་པ་ལམ་ཞུགས་ཉན་རང་རྣམས་ཀྱི་ལུགས་ལ། ཕྱི་གངས་རིའི་རྣམ་པ་ལ། ནང་འཕགས་པའི་གནས་བརྟན་ཆེན་པོ་ཡན་ལག་འབྱུང་འཁོར་དགྲ་བཅོམ་པ་ལྔ་བརྒྱ་དང་བཅས་པ་ཏིང་ངེ་འཛིན་ལ་རོལ་བ་བཞུགས་པར་སྣང་། བཞི་བ་ལམ་ཞུགས་ཐེག་པ་ཆེན་པོ་གསང་སྔགས་རྡོ་རྗེ་ཐེག་པའི་རྣལ་འབྱོར་བ་རྣམས་ཀྱི་ལུགས་ལ། ཕྱི་ཏི་སེ་ཐབས་བདེ་མཆོག་གི་རྣམ་པ་ལ། ཏི་ཆུང་གངས་རི་ཤེས་རབ་རྡོ་རྗེ་ཕག་མོ་འཁྱུད་པའི་རྣམ་པ། རི་ཕྲན་ཐམས་ཅད་ལྷ་མོ་རིག་མ་བཅུ་དྲུག་གི་མཆོད་པ་འབུལ་བའི་རྣམ་པ། དར་ལུང་ལྷ་ལུང་རྫོང་ལུང་གསུམ་རྩ་དབུ་རྐྱང་རོ་གསུམ་གྱི་རྣམ་པ། ནང་དཔལ་འཁོར་ལོ་སྡོམ་པའི་གཞལ་ཡས་ཁང་དངོས་ཡིན་པ་ལ་དབུས་སུ་དཔལ་ཧེ་རུ་ཀ་ལྷ་དྲུག་ཅུ་རྩ་གཉིས་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་སུམ་དུ་བཞུགས་པའི་ཚུལ་དབང་ཕྱུག་མི་ལ་རས་པའི་གཟིགས་སྣང་ལྟར་ཤེས་པར་བྱའོ། །གཞན་ཡང་ཏི་སེའི་དཔུང་བའི་ཐད་དུ་དཔལ་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ཁྲ་ལམ་མེར་བཞུགས་ཡོད་པར་གནས་ཡིག་རྣམས་ལས་གསུངས་སོ།

src=http---img1001.pocoimg.cn-image-poco-works-98-2012-1104-03-56432756201211041139223494362143545_001_56432756.jpg&refer=http---img1001.pocoimg.cn&app=2002&size=f9999,10000&q=a80&n=0&g=0n&fmt=jpeg.jpeg

གཉིས་པ། སྐྱེས་བུ་དམ་པ་དུ་མའི་བྱིན་གྱིས་བརླབས་ཚུལ་ནི། རྫོགས་ལྡན་དུས་སུ་སངས་རྒྱས་འཁོར་བ་འཇིག་བྱོན་ཏེ་ཆོས་བསྟན། གཉིས་ལྡན་དུས་སུ་སངས་རྒྱས་གསེར་ཐུབ་བྱོན། གསུམ་ལྡན་དུས་སུ་སངས་རྒྱས་འོད་སྲུང་བྱོན་ཏེ་ཆོས་བསྟན། རྩོད་ལྡན་དུས་སུ་ལྷ་དབང་ཕྱུག་ཆེན་པོ་འཁོར་བཅས་ཀྱིས་ཡུལ་འཛམ་པའི་གླིང་འདིར་གནས་བཅས་ཤིང་བདག་ཏུ་བཟུང་། དེའི་ཚེ་སྟོན་པ་ཐུགས་རྗེ་ཅན་གྱིས་ཐུགས་བརྩེ་བས་གཟིགས་ཏེ་རི་རབ་ཀྱི་རྩེ་གནས་འོག་མིན་སྟུག་པོ་བཀོད་པའི་ཞིང་དུ་དཔལ་ཧེ་རུ་ཀ་ཡབ་ཡུམ་གྱི་ངོ་བོར་བསྐུར་བཞེངས་ཏེ་ལྷ་ཆེན་དབང་ཕྱུག་ཡབ་ཡུམ་འཁོར་བཅས་ཐུགས་འོད་གསལ་ཞི་བའི་དབྱིངས་སུ་བཏུམས་པར་མཛད་དེ་དཔལ་ཧེ་རུ་ཀ་ཡབ་ཡུམ་འཁོར་བཅས་ཀྱི་ངོ་བོར་བྱིན་གྱིས་བརླབས། དེ་རྗེས་སྟོན་པ་ཐུགས་རྗེ་ཅན་འཇིག་རྟེན་འདིར་དངོས་སུ་བྱོན་ནས་སངས་རྒྱས་བཅོམ་ལྡན་འདས་འཁོར་དགྲ་བཅོམ་པ་ལྔ་བརྒྱའི་བསྐོར་བ་ཆུ་རྟ་ལོར་ཕེབས་ཏེ་ཏི་སེ་ཕྱོགས་བཞི་ལ་ཞབས་རྗེས་བཞི་བཞག་སྟེ་བྱིན་གྱིས་བརླབས་པ་དང་། དེའི་རྗེས་སུ་གནས་བརྟན་ཡན་ལག་འབྱུང་འཁོར་སྟོང་དང་སུམ་བརྒྱས་བསྐོར་བ་ཕེབས་ཏེ་བཞུགས། དེའི་རྗེས་སུ་སློབ་དཔོན་པདྨ་འབྱུང་གནས་ཕེབས་ཏེ་བྱིན་རླབས་གནང་། དེའི་རྗེས་སུ་སློབ་དཔོན་སངས་རྒྱས་གསང་བ་ཡེ་ཤེས་ཕེབས་ཏེ་སྒོམ་ལ་བཞུགས། དེའི་རྗེས་པཎྚི་ཏ་ངྷརྨ་པ་ལ་ཕེབས་ཏེ་སྒོམ་སྒྲུབ་བྱས། དེའི་རྗེས་སུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤཱ་ཕེབས་ཏེ་བྱིན་རླབས་གནང་། དེའི་རྗེས་གླིང་གེ་གསར་རྒྱལ་བོ་ཕེབས་པར་བཤད། དེ་ནས་རྣལ་འབྱོར་ཀྱི་དབང་ཕྱུག་རྗེ་མི་ལ་རས་པ་ཕེབས་ཏེ་ཞིང་འདི་བདག་གིར་བཞེས། དེའི་རྗེས་རྒྱལ་བ་རྒོད་ཚང་བ་མགོན་པོ་རྡོ་རྗེ་ཕེབས་ཏེ་བྱིན་རླབས་གནང་། དེ་ནས་རྒྱལ་བ་གཉོས་ལྷ་སྣང་ཕེབས་ཏེ་བྲག་ལ་ཕྱག་རྗེས་བཞག དེ་ནས་རྡོར་འཛིན་གྷུ་ཡ་ཚང་ཕེབས་ཏེ་རྒྱང་གྲགས་དགོན་པ་བཏབས། དེའི་རྗེས་འགྲོ་མགོན་གཙང་བ་རྒྱ་རས་ཕེབས། དེའི་རྗེས་ཞབས་དཀར་ཚོགས་དྲུག་རང་གྲོལ་ཕེབས། ཉེ་དུས་སུ་རྭ་སྒྲེང་སྐུ་འཕྲེང་ལྔ་བའི་དངོས་སློབ་དུང་བརྡ་བླ་མ་ཆོས་དབྱིངས་རང་གྲོལ་ལོ་ངོ་སུམ་ཅུ་ལྷག་ལ་སྒོམ་སྒྲུབ་མཛད། དེ་ལྟ་བུའི་དམ་པ་དུ་མས་བྱིན་བརླབས་དང་སྒོམ་སྒྲུབ་གནང་ངོ་།

7691623377252_.pic_hd.jpg

གསུམ་པ། སྐོར་ལམ་གནས་བཤད་པ་ལ། གནས་སྐོར་ལམ་ལ་སྤྱི་ལེ་༥༢ ཡོད་ལ། གངས་རིན་པོ་ཆེ་མཐོ་ཚད་ལ་མཚོ་ངོས་ནས་སྨིས་༦༧༡༤ ཡོད། གངས་རི་སེང་གདོང་དཀར་མོ་སྐུ་ཡི་གནས། །ལ་ཕྱི་སྟག་གདོང་ཁྲ་མོ་གསུང་གི་གནས། །ཙ་རི་ཕག་གདོང་ནག་མོ་ཐུགས་ཀྱི་གནས། །ཞེས་པ་ལྟར་གནས་གསུམ་དངོས་བཟུང་བ་དང་དེ་ལ་གནས་འདུས་ཀྱང་སོ་སོར་ཡོད་པ་ནི། གངས་རིན་པོ་ཆེ་རྟ་ལོར་བསྐོར་བ་དང་། ལ་ཕྱི་ལུག་ལོར་བསྐོར་བ། ཙ་རི་སྤྲེལ་ལོར་བསྐོར་བ་བཟང་ཞེས་སྲོལ་རྒྱུན་དུ་གནས་སོ། དེ་ཡང་འགྲོ་མགོན་གཙང་པ་རྒྱ་རས་པའི་ཞལ་ལས། ཕྱི་གཞལ་ཡས་ཁང་གི་བཀོད་པ་ཡིན། །ནང་གསང་སྔགས་ལྷ་ཡི་བཞུགས་གནས་ཡིན། །ཏི་སེ་ཤེལ་གྱི་མཆོད་རྟེན་ལ། །སྐོར་ལམ་གསུམ་དུ་ཡོད་པ་དེ། །རྩེ་ལ་དགྲ་བཅོམ་ལྔ་བརྒྱས་བསྐོར། །བར་ན་དཔའ་བོ་མཁའ་འགྲོས་བསྐོར། །མ་དག་རིགས་དྲུག་ཕྱི་ལ་བསྐོར། །ཞེས་གསུངས་པ་བཞིན་གངས་རིན་པོ་ཆེ་ལ་ཕྱི་ནང་གསང་གསུམ་གྱི་སྐོར་ཚུལ་ཡོད་ཀྱང་འདིར་རྗེ་མི་ལ་རས་པ་དང་རྒྱལ་བ་རྒོད་ཚང་བས་སྐོར་ལམ་གཏན་ལ་ལ་ཕབ་པ་ལྟར་སྐོར་འགོ་ནི་ཐོག་མར་དར་ཆེན་ནས་དབུ་བཙུགས་ཏེ། ལྷ་ལུང་མདོར་ཕྱག་འཚལ་སྒང་དུ་ཕྱག་གསུམ་འཚལ་ནས་སྐོར་འགོ་བཟུང་། དེའི་ཤར་ན་ཛམ་སེར་ཕོ་བྲང་ཡོད། དེ་ལས་ཅུང་བགྲོད་པ་ན་གསེར་གཞུང་ཐང་ཡོད། དེ་ན་མངའ་རིས་ཆོས་རྒྱལ་གྱི་དར་ཆེན་ཡོད་དེ་གངས་རིན་པོ་ཆེ་གནས་སྐོར་གྱི་ཐོག་མའི་འཛུལ་སྒོ་ཡིན་པར་བཤད། དེའི་གོང་ན་བྲག་གི་ཆོས་ཁྲིའམ་དཀྱིལ་འཁོར་སྟེང་དུ། ཏི་སེ་ལྷོ་ནུབ་མི་འགྱུར་བའི་གཟེར་ཆེན་སྟོན་པ་སངས་རྒྱས་ཀྱི་ཞབས་རྗེས་ལ་དགྲ་བཅོམ་པ་ལྔ་བརྒྱའི་ཞབས་རྗེས་ཀྱིས་བསྐོར་བ་ཡོད། དེ་ལ་དགྲ་བཅོམ་པ་ལྔ་བརྒྱའི་ཚོགས་གཞུང་ཡང་ཟེར། དེའི་ཡར་ཟུར་ཙམ་ན་ན་རོ་བོན་ཆུང་ཕུག་པ་དང་། དེའི་བྲག་ལྡེབས་སུ་རྗེ་བཙུན་མི་ལའི་ཞབས་རྗེས་གསལ་ཙམ་དང་། ཕུག་པ་དེའི་འོག་ཏུ་སྨན་ཆུ་ནད་སེལ་བྱ་བ་དང་། དེའི་ཡར་སྟེང་བྲག་མཆོད་རྟེན་ལྟ་བུ་གནས་བརྟན་བཅུ་དྲུག་རང་བྱོན་བཞུགས། དེ་ནས་གསེར་གཞུང་གི་ནུབ་ལྷ་གངས་བརྒལ་ཏེ་ཕྱིན་པ་ན། རྫ་རི་ནག་པོ་ཛམ་ནག་གི་ཕོ་བྲང་ཡོད། དེའི་གཡས་ཀྱི་བྲག་ལུང་ཞིག་ཏུ་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྒྲུབ་ཕུག་ཡོད་པ་དང་སྒྲུབ་ཕུག་མང་ཙམ་ཡོད་པ་དང་། སློབ་དཔོན་གྱི་སྒྲུབ་ཆུ་དང་ཕྱག་རྗེས་དང་ཞབས་རྗེས་སོགས་ཡོད། དེའི་བྲག་ལ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་དང་། དེའི་རྩེ་ལ་སྤྱན་རས་གཟིགས་གཙོ་འཁོར་གསུམ་པ་དང་། ཁ་སར་པ་ཎི་རང་བྱོན་བཞུགས་ཡོད། དེའི་བྱང་དངོས་བྲག་ཆེན་པོ་ཟ་འོག་གུར་ཁང་ཞེས་པ་ལ་ཏི་སེ་ལྷ་བཙན་གྱི་ཕོ་བྲང་ཡིན་ལ་དེའི་མགུལ་ན་རས་ཆེན་ཕུག་ཞེས་པ་ཡོད། དེའི་ཉེ་འཁོར་གྱི་རོང་བྲག་གསེབ་རྣམས་སུ་འབྲུག་པ་བཀའ་བརྒྱུད་ཀྱི་སྒྲུབ་ཁང་དང་དགོན་པ་ཡོད། ད་ལྟ་མིང་ལ་གཉན་རི་གོང་ཟེར། གནས་དེའི་རྟེན་གཙོ་རང་བྱུང་ཆོས་སྐུ་འོད་དཔག་མེད་ཡིན་ལ་མིང་ཡང་ནུབ་ཆོས་སྐུ་དགོན་པ་ཟེར་། གཞན་ཡང་ནཱ་རོའི་བའི་ཆོས་དུང་དང་། ཚོགས་ཁྲོ་ཆེན་མོ་དང་། ཐུབ་པ་གསུང་བྱོན་མ་སོགས་བཞུགས། དེ་དང་མི་འགྱངས་ཙམ་ལྷོ་ངོས་ན་ཁྱུང་ཕྲུག་ཅེས་པའི་ཕུག་པར་ཁྱུང་རང་བྱོན་དང་། དེ་དང་ཉེ་བར་སྐྱེ་བདུན་སྒྲུབ་ཆུ་ངོ་མཚར་ཅན་དང་། དགོན་པའི་འོག་ཏུ་རྒྱལ་བ་བྱམས་པའི་ཕོ་བྲང་བྲག་འབུར་དང་། དེ་དང་ཉེ་བར་སྒྲོལ་མའི་ཞབས་རྗེས་ཡོད། དེའི་འདབས་སུ་སློབ་དཔོན་པདྨའི་སྒྲུབ་གནས་གླ་ཆེན་སྦས་ཕུག་ཅེས་པ་ཡོད། དེར་མཚོ་མ་ཕམ་ནས་བརྡོལ་བར་གྲགས་པའི་ཆུ་མིག་དང་། དེ་ནས་ཅུང་བགྲོད་པའི་རི་ལྡེབས་སུ་པདྨ་ཕུག་ཅེས་པའི་སྒྲུབ་ཕུག་དང་། རྡོ་ལེབ་ཆོས་འབྱུང་འདྲ་བའི་སྟེང་ནས་བདུད་རྩིའི་ཆུ་རྒྱུན་འབབ་པ་ཡོད། 

7581623377169_.pic_hd.jpg

དེར་ཡར་ཙམ་ཕྱིན་པ་ན་གཡའ་རི་རྫ་འཕྲེང་ཡན་ཉིན་རྒྱུད་ལ་ཚེ་ལྷ་རྣམ་གསུམ་དུ་གྲགས་པའི་རི་ཆེན་གནམ་དུ་ཟུག་པ་གསུམ་ཡོད་དེ། ཐོག་མར་སྒྲོལ་མའི་ཕོ་བྲང་། བར་དུ་ཚེ་དཔག་མེད་ཕོ་བྲང་རི་ཚེ་བུམ་འདྲ་བ། མཚམས་སུ་གཙུག་ཏོར་རྣམ་རྒྱལ་མའི་ཕོ་བྲང་མཆོད་རྟེན་དབྱིབས་ཅན། དེ་དང་ཉེ་བའི་རི་བྲག་བདུན་ལ་བརྗོད་ཚུལ་མི་འདྲ་བ་གསུམ་ཡོད། དང་བོ་དཔལ་མགོན་བདུན་ཅུ་རྩ་ལྔའི་ཕོ་བྲང་དང་། གཉིས་པ་གྲུབ་ཆེན་བརྒྱད་ཅུའི་ཕོ་བྲང་དང་། གསུམ་པ་གེ་སར་རྒྱལ་པོ་ལ་གླིང་ཕ་སྤུན་བདུན་གྱིས་བསྐོར་བའི་རྣམ་པ་ཅན་ཟེར། བྲག་རི་དེའི་མཚམས་ནུབ་ངོས་ཀྱི་ཆུང་ནི་སྦས་ཕུག་གསང་བ་འབུམ་དགུའི་སྒྲུབ་གནས་ཞེས་པར་སྲུང་མ་ཨེ་ཀ་ཛ་ཏིའི་སྒྲུབ་ཁང་བཅས་ཡོད། དེ་ནས་གཉན་པོ་རི་རྫོང་ནས་གངས་ཆུ་བརྒལ་ཏེ་གྲིབ་ཕྱོགས་སུ་ཡར་ཙམ་ཕྱིན་པའི་བྲག་ལྡེབས་ནས་གངས་རིན་པོའི་བྱིན་རླབས་ཞེས་པའི་འཇའ་ཚོན་སྣ་ལྔའི་ཆུ་རྒྱུན་འབབ་པ་ཡོད། དེ་དང་ཉེ་བར་མགོན་པོ་བེང་ཆེན་གྱི་ཕོ་བྲང་དང་གཏོར་མ་ཡོད། མགོན་པོའི་གཡག་དང་ཁྱི་རུ་གྲགས་པ་ཡོད། ཕོ་བྲང་དེའི་མར་ཟུར་ན་སྤྲེའུ་བྲག་འཛིན་གྱི་རི་ཡོད། རི་འཕྲེང་དེ་དག་གི་རི་སྐེད་ན་བདུད་རྩིས་བཀང་བའི་ཀ་པ་ལ་དང་། དེ་དང་ཉེ་བའི་བྲག་ངོས་ནས་དཀར་འོ་མའི་ཆུ་ཞེས་པ་ཡོད། སྤྲེའུ་སྤོས་འཛིན་ཐད་ཀྱི་བྲག་ངོས་ན་གྲུབ་ཆེན་གཉོས་ལྷ་སྣང་གིས་སྤྱན་རས་གཟིགས་ཐུམ་པར་གཟིགས་པའི་ཕོ་བྲང་དཀར་པོ་ཤེལ་གྱི་སྒྲོམ་བུ་ལྟ་བུ་ཡོད། དེ་དག་གི་ནུབ་ཕྱོགས་སུ་སྒྲོལ་མའི་ཕོ་བྲང་ནས་རྟ་རྐྱང་ངུའི་རྔ་མ་ཞེས་པའི་བསིལ་ཆབ་རྟ་རྔ་རླུང་གིས་གཡོ་བ་ལྟ་བུ་དང་། དེའི་ཡར་ཙམ་ན་ཚེ་དཔག་མེད་རི་གཤམ་དུ་བྲག་གི་སྦུགས་སྟོང་ལས་ཆུ་རྒྱུན་ཆིལ་ཆིལ་ལྷུང་བ་དང། ལམ་ཁར་འབྲུག་མོའི་ཐབ་རྡོ་ཞེས་པ་ཕ་བོང་གུར་ཆེན་ཙམ་ཡོད། དེ་ནས་ཅུང་ཟད་ཕྱིན་ནས་ཤར་ལམ་མགོན་པོའི་གཏོར་མའི་ཐད་ན་གངས་རི་ཏི་སེ་དང་ཏི་ཆུང་ལེགས་པར་མཇལ་བའི་ཏི་སེ་ནུབ་ཕྱོགས་ཀྱི་ཕྱག་འཚལ་སྒང་ཡོད། དེ་དང་ཉེ་བར་ཕ་བོང་ཆེ་བ་གཉིས་ཡོད། དེར་གྱེན་དུ་ཅུང་ཟད་བགྲོད་པའི་ཐང་དཀྱིལ་ན་རྟ་མགྲིན་མགོན་ཁང་ཞེས་པར་ཀླུ་འདུལ་རྟ་མགྲིན་རང་བྱོན་ཡོད། ཉིན་གཉིས་བྱས་ན་དེ་ནས་ཞག་སྡོད་བྱ། ནུབ་བྱང་མི་འགྱུར་བའི་གཟེར་ཞེས་སྟོན་པ་སངས་རྒྱས་ཀྱི་ཞབས་རྗེས་བོལ་ནུབ་མ་ཞེས་པ་ཡོད། དེ་ཐད་ཀྱི་གངས་ལྡེབས་ལ་ཤེལ་འདྲའི་སྒོ་དང་བཅས་སྒོ་མ་བཞིས་སྲུང་བའི་ཚུལ་དུ་འཁོད་པ་དང་། སྐོར་ལམ་ཉིད་དུ་འབྲོང་སྦྲུལ་རྒྱལ་བའི་མྱུ་གུའི་ཕྱག་འཛུབ་ཀྱིས་བཀོད་པའི་ཨ་ལག་ཟེར་བ་ཞིག་སྣང་ངོ་། དེ་ནས་འབྲོང་རྭ་ཕུག་ལ་འབྱོར་ལོ་རྒྱུས་མང་། རྗེ་རྒོད་ཚང་བས་འབྲོང་རྭ་ཕུག་གི་རྒྱབ་རི་བསྐལ་བཟང་སངས་རྒྱས་སྟོང་གི་ཕོ་བྲང་ཡིན་པར་གཟིགས། དེ་ན་བྲག་ངོས་ལ་འབྲོང་རྭའི་རྗེས་དང་། རྗེ་རྒོད་ཚང་བའི་ཞབས་རྗེས་ཡོད། རྗེ་རྒོད་ཚང་བས་ས་ཞག་བཞེས་པས་དེ་ལན་ཤུལ་ལ་དེང་སང་གངས་འཁྱགས་ཟེར། དེར་རྗེ་རྒོད་ཚང་བའི་སྒྲུབ་ཕུག་ལ་དབུའི་ཞྭའི་རྗེས་དང་ཕུག་པའི་མདུན་གྱི་རྡོ་ལ་ཞབས་རྗེས་བྱུང་བ་བཅས་འདུག དེར་འབྲོང་རྭ་དགོན་ཆགས་ཡོད། སེང་གདོང་དཀར་མོ་སྐུ་ཡི་གནས་ཞེས་པ་གཙོ་བོ་འབྲོང་རྭ་ཕུག་ཏུ་གྲགས་པ་འདི་ཡིན་ནོ། འབྲི་ཕུག་རྒྱབ་རིའི་སྐེད་པར་གྲུབ་མཆོག་མི་ཕམ་ཡོངས་འདུས་སྒྲུབ་ཁང་ཞེས་པ་ཡོད། བྲག་གི་ངོས་སུ་གུ་རུ་ཕག་ལ་བཅིབས་པ་རང་བྱོན་དང་། གངས་འཁྱགས་སུ་ཆུ་མིག་དངུལ་བུམ་ཞེས་པ་ཀླུ་རྒྱལ་གཙུག་ན་རིན་ཆེན་གྱི་ཕོ་བྲང་དང་། གངས་རྒྱབ་ཏུ་རིགས་གསུམ་མགོན་པོའི་ཕོ་བྲང་ཞེས་པའི་རི་གསུམ་ཡོད། 

WechatIMG31.jpeg

ཏི་སེ་བྱང་ན་མགོན་པོ་བྱ་རོག་གདོང་ཅན་གྱི་ཕོ་བྲང་དང་། མཁའ་འགྲོ་སྡེ་ལྔའི་ཞབས་རྗེས་ཡོད། དེའི་ཡས་མས་ན་བྱ་རོག་མགྲོན་ཁང་ཞེས་པ་ཡོད། དེ་ཡར་ཙམ་ན་རྗེ་མི་ལ་རས་བའི་ཞབས་རྗེས་ཡོད། དེ་ཡི་ལྟག་གི་རྫ་གསེབ་ན་བསིལ་བའི་ཚལ་ཞེས་པའི་དུར་ཁྲོད་དང་། དེའི་གོང་གི་སྟེང་ཀ་ན་གྲུབ་ཐོབ་གཉོས་ལྷ་སྣང་གི་ཕྱག་རྗེས་གསལ་བོ་དང་། ཨ་དཀར་བོ་རང་བྱོན་ཡོད། དེ་ནས་ཅུང་ཕྱིན་པ་ན་རྗེ་མི་ལ་དང་ན་རོ་བོན་ཆུང་གཉིས་གྱད་ཀྱི་རྩལ་འགྲན་པའི་གྱད་རྡོ་གསུམ་བརྩེགས་ཡོད། དེའི་ཐད་ཀྱི་གཡས་རི་ན་མཁའ་འགྲོ་སེང་གདོང་མའི་ཕོ་བྲང་དང་། དེའི་མགུལ་ན་ལས་ཀྱི་མེ་ལོང་ཞེས་པའི་བྲག་རྡོ་སྒོར་ཟླུམ་ཞིག་ལ།  སྒྲིབ་བ་དག་མིན་གྱི་གཟིགས་སྣང་སྣ་ཚོགས་འཆར་བ་ཡོད་འདུག དེ་ནས་ཅུང་ཙམ་བྱོན་པ་ན་བར་དོའི་ཕྲང་ངམ་ལས་དཀར་ནག་ལ་བལྟ་ས་ཞེས་པའི་རྡོ་གཉིས་བར་བགྲོད་དཀའ་བ་ཡོད། དེ་ལས་ཅུང་ཙམ་སོང་བ་ན་ཤར་ཕྱོགས་སུ་ལྷ་ལམ་དར་ཐག་ཅེས་པ་གྱེན་དང་། དེ་ཡི་སྐེད་པར་རྡོ་མ་ཎི་རང་བྱོན་ཡོད། དེ་དང་ཉེ་བར་སྡུག་ལག་འཁྲུ་བའི་ཆུ་ཕྲན་དང་། བཤན་པའི་ཕྱག་རྗེས་ཞེས་པ་ཡོད།  དེ་ཡི་གོང་གི་སྟེང་ན་སྒྲོལ་མ་ལ་ཞེས་པའི་ཉག་ཁ་དང་ཕོ་བྲང་ཡོད། ཕ་བོང་གི་འཁྲིས་སུ་སྤྱང་ཀིའི་རྗེས་དང་ལྡེབས་ལ་སྤྱན་རས་གཟིགས་རང་བྱོན་ཡོད་ཟེར། ལ་ཡི་ལྡེབས་ན་རྗེ་བཙུན་མི་ལའི་ཞབས་རྗེས་དང་། སྒྲོལ་མའི་ཕོ་བྲང་ལ་མ་སླེབས་ཙམ་ན་གྲུབ་ཐོབ་རིག་འཛིན་གྱི་ཞབས་རྗེས་དང་། ཕོ་བྲང་སྟེང་དུ་རྒྱལ་བ་གཉོས་ཀྱི་ཞབས་རྗེས་ཡོད་པ་ད་ལྟ་རྫུ་འཕྲུལ་དགོན་དུ་བཞུགས་སོ། །སྒྲོལ་མ་ལ་མཐོ་ཚད་ལ་སྨིས་༥༧༤༨ ཡོད། སྒྲོལ་མ་ལ་ཡི་ནུབ་ཕྱོགས་ན་ཆོས་རྒྱལ་ནོར་བཟང་དང་ལྷ་མོ་ཡིད་འཕྲོག་མའི་ཕོ་བྲང་གསལ། སྒྲོལ་མ་ལའི་གཡོན་དུ་བྱང་ཆུབ་མཆོད་རྟེན་དང་། མགོན་པོའི་ཕོ་བྲང་། གནོད་སྦྱིན་གང་བ་བཟང་པོའི་ཕོ་བྲང་དུ་གྲགས་པའི་རི་ཁ་ཤས་ཡོད། ལའི་རྒྱབ་ན་བླ་མ་བཟོད་པ་ཞེས་པའི་ཞབས་རྗེས་དང་། མཁའ་འགྲོའི་རྫིང་བུར་འབོད་པའི་མཚོ་ཆུང་ཡོད། དེ་རྒྱ་གར་བས་ཨུ་མའི་རྫིང་བུར་འདོད་དོ། །དེ་ན་འཕྲེད་ལམ་འདི་ལ་རྒྱལ་བོ་རྟ་མགོ་ཅན་གྱི་འཕྲང་ཞེས་གྲགས། དེ་ནས་ཐུར་དུ་ཅུང་བབས་པ་ན་རྗེ་འབྲུག་པ་འཕྲིན་ལས་ཤིང་རྟའི་ཞབས་རྗེས་ཡོད། དེའི་གཡས་ཀྱི་བྲག་རིའི་ལྡེབས་ན་སེང་གདོང་མ་དང་། ཕྱག་རྡོར། རྟ་མགྲིན་བཅས་ཀྱི་སྐུའི་རྣམ་པ་ཡོད། ད་ལྟ་ལས་ཀྱི་སྟ་རེ་ཞེས་པ་རྟ་མགྲིན་མགོ་ཡིན་པར་གྲགས། དེ་དང་ཉེ་བར་རྗེ་མི་ལ་དང་བོན་ཆུང་གཉིས་ཀའི་ཞབས་རྗེས་མང་བོ་ཡོད། དེ་གཡོན་གྱི་བྲག་རི་མཚོན་ཆ་ལྟ་བུ་ནི་ཡིད་འཕྲོག་ལྷ་མོའི་ཕོ་བྲང་དང་། གཡས་རིའི་བྲག་ནི་གཙང་རས་ཀྱི་མགོན་པོའི་ཕོ་བྲང་ངམ་ཤལ་མ་རི་ཡི་སྡོང་བོ་ཞེས་གྲགས། ཐུར་འབབ་ཀྱི་རྩ་ན་བྱང་ཤར་མི་འགྱུར་བའི་གཟེར་སངས་རྒྱས་ཀྱི་ཞབས་རྗེས་བྲག་ཐོག་མ་ཞེས་པ་ཡོད། དེ་ནས་ཅུང་སོང་བ་ན་སྤང་ཐོག་ཏུ་སློབ་དཔོན་པདྨའི་ཞབས་རྗེས་་ཡོད། དེའི་མན་ཙམ་ན་གཙང་བ་རྒྱ་རས་ཀྱི་ཞབས་རྗེ་དང་། དེའི་ཤར་ཀྱི་རི་ལ་ཁྲོ་བོ་མི་གཡོ་བའི་སྐུ་རང་བྱོན་དང་། རྡོ་རྗེ་ཕག་མོ་རང་བྱོན་བཞུགས། 

7461623377039_.pic_hd.jpg

མཁའ་འགྲོའི་གསང་ལམ་ཐད་ན་ཤར་ཀྱི་ཕྱག་འཚལ་སྒང་ཡོད། གསང་ལམ་མར་ཟུར་ན་བཀྲ་ཤིས་ཚེ་རིང་མའི་ཕོ་བྲང་ཡོད། དེ་ནས་རྫོང་ཆུའི་ཤར་ཕྱོགས་ཆུ་འགྲམ་ན་གཙང་བ་རྒྱ་རས་ཀྱི་ཞབས་རྗེས་གསལ་བོ་ཡོད། དེའི་མར་ཟུར་དུ་སྨན་བླའི་ཕོ་བྲང་དང་། སྨན་ལུང་སྨན་ཆུ། བདུད་རྩི་ཆུ་མིག་བཅས་ཡོད། རི་མགུལ་དུ་སྒྲུབ་ཁང་མང་བོ་ཡོད། ཆུ་འགྲམ་དུ་སྨན་རྡོ་ཁ་དོག་ལྔ་བ་དང་། སྨན་ཁུག་ཅེས་པའི་རྡོ་གུར་ཆུང་ཙམ་ཡོད། དེར་རི་གཉིས་ཡོད་པ་ནི་རྣམ་སྲས་ཕོ་བྲང་དང་། བཀྲ་ཤིས་སྒོ་མང་མཆོད་རྟེན་དུ་གྲགས། དེ་ནས་ཅུང་ཕྱིན་པ་ན་གཙང་སྨྱིན་ཧེ་རུ་ཀའི་ཞབས་རྗེས་གསལ་བོ་ཡོད། སྨན་བླའི་ཕོ་བྲང་གཡོན་ངོས་སུ་ཡེ་ཤེས་ཁྱུང་གི་ཕོ་བྲང་ཡོད། དེ་ལས་གསང་འདུས་ཕོ་བྲང་དང་། ཛམ་ནག་ཕོ་བྲང་། མཆོད་རྟེན་ཆ་བརྒྱད། ལོགས་ན་རྡོ་རྗེ་ཕག་མོ་རང་བྱོན་བཅས་བཞུགས། སྨན་བླའི་ཕོ་བྲང་ཐད་ན་ཀརྨ་བའི་དབུ་ཞྭའི་རྗེས་དང་། ཚུར་ཁའི་རྫ་རི་ནི་ཏི་སེ་ཞིང་སྐྱོང་གི་ཕོ་བྲང་ཡིན། རི་དེའི་ལྡེབས་སུ་རྗེ་མི་ལའི་ཕྱག་མཛུབ་ཀྱིས་ཨ་བརྐོས་པའི་ཕུག་ལ་ཨ་ཕུག་ཅེས་གྲགས། དེའི་མར་ཟུར་དུ་རྫུ་འཕྲུལ་ཕུག་ཡོད། དེར་རྗེ་བཙུན་མི་ལའི་ཕྱག་ཞབས་དབུ་རྗེས་སོགས་ངོ་མཚར་བ་མང་། དེར་རྫུ་འཕྲུལ་ཕུག་དགོན་པ་ཆགས།   

7501623377043_.pic_hd.jpg

དེའི་མར་ཟུར་ཐད་ཀྱི་བྲག་གསེབ་ཏུ་ཏི་སེ་ཤར་ལྷོ་མི་འགྱུར་བའི་གཟེར་སྟོན་པ་སངས་རྒྱས་ཀྱི་ཞབས་རྗེས་དཀར་མོ་ཞེས་པ་བཞུགས། དེའི་འོག་ཏུ་སྐྱེ་བདུན་གྲུབ་ཆུ་དང་། དེ་ནས་སྐོར་ལམ་མར་ཟུར་ན་གྲུབ་ཐོབ་ཀུན་དགའ་བཟང་བོའི་ཞབས་རྗེས་ཟབ་པ་ཡོད། དེའི་སྨད་ན་ས་སྐྱ་གོང་མའི་ཞབས་རྗེས་ཡོད། ལྷ་ཆུའི་མར་ཟུར་ན་ལྷ་གཡག་ཏོལ་བོ་དཀར་བོའི་ཞབས་རྗེས་ཡོད། དེ་ནས་ཅུང་ཕྱིན་པ་ན་ཕ་བོང་གས་པོ་དང་། དེ་ནས་ཅུང་སོང་བ་ན་མཁའ་འགྲོའི་བྲོ་ར་དང་མཁའ་འགྲོ་སྡེ་ལྔའི་ཞབས་རྗེས་ཁ་ཤས་དང་། སྐྱེ་བདུན་སྐུ་ཤ་ཟེར་བའི་རྡོ་ཡོད། དེ་ནས་མར་ཙམ་ན་འཕྲེང་སེར་འཕྲང་དམར་ཞེས་པ་དང་། འབྲི་གུང་གླིང་བའི་ཞབས་རྗེས་དང་ཆིབས་སྣའི་ཞབས་རྗེས་དང་། འདན་མ་མི་རྟ་གཉིས་ཀྱི་རྗེས་དང་། མགོན་པོ་རྡོ་རྗེ་མི་ཁྱི་གཉིས་ཀྱི་རྗེས་དང་། འཕྲང་ལམ་དུ་ཁམས་མོའི་ཕྱག་རྗེས་དང་། སེང་ཆེན་རྒྱལ་བོས་འབྲོང་བཏུལ་བའི་རྗེས་སོགས་ཡོད་དོ། །འཕྲང་འདི་ལ་འཛོམས་མདོའི་སྒོ་ཞེས་ཀྱང་ཟེར། དེ་ནས་བྱེ་རི་དམར་པོ་གཉིས་བར་ན་སྤྱན་རས་གཟིགས་ཀྱིས་བྱིན་གྱིས་བརླབས་པའི་མཛེ་ནད་ཞི་བྱེད་རྡོ་རྗེ་ཕུག་ཞེས་པ་ཡོད། དར་ཆེན་ནས་གྱེན་དུ་ཕྱིན་པ་ན་རྡོར་འཛིན་གྷུ་ཡ་སྒང་བས་བཏབ་པའི་རྒྱང་གྲགས་དགོན་པ་ཞེས་པ་ཡོད། དགོན་དེར་སྔར་དགྲ་བཅོམ་པ་ལྔ་བརྒྱ་ཡོད་པའི་ཏི་སེ་ལྷོ་ཕྱོགས་མི་འགྱུར་བའི་གཟེར་ཆེན་སྟོན་པ་སངས་རྒྱས་ཀྱི་ཞབས་རྗེས་མཐོང་གྲོལ་ཞེས་པ་བཞུགས། དེར་འབྲི་གུང་གླིང་བའི་ཞབས་རྗེས་དང་། ཆོས་ཀྱི་བློ་གྲོས་ཀྱི་ཞབས་རྗེས་ཡོད་གསུངས། དགོན་པའི་གཡས་གཡོན་དུ་སྒྲུབ་ཁང་མང་བར་བཤད། ཞབས་རྗེས་ཞེས་པའི་ལུང་པའི་ཕུའི་རི་རྩེ་ཆོས་ཁྲི་བཤམས་པ་ལྟ་བུ་དེ་ནི། སངས་རྒྱས་ཀྱིས་ཀླུའི་རྒྱལ་བོ་མ་དྲོས་པ་ལ་ཆོས་གསུང་པའི་གནས་ཡིན་པས། སངས་རྒྱས་བཞུགས་ཁྲི་ཞེས་གྲགས། དེའི་འོག་ཏུ་འབྲི་གུང་གླིང་བའི་སྒྲུབ་ཕུག་སོགས་སྒྲུབ་ཁང་མང་བོ་ཡོད་དོ། །དེར་མགོན་ཁང་དགོན་ཟེར་བ་ཡོད། སེ་ལུང་རྒྱབ་ཀྱི་བྲག་རི་ལ་ཤེལ་བྲག་ཅེས་ཟེར། དེའི་སྐོར་ལམ་ལྟག་ན་རྟ་མགྲིན་རང་བྱོན་དང་། བྲག་རི་རྣམས་རྒྱལ་སྲིད་སྣ་བདུན་དབྱིབས་སུ་ཡོད། ཤེལ་བྲག་གི་རྒྱབ་ཏུ་ལུང་བསྟན་ཕུག་ཅེས་པ་ཡོད། ཤེལ་བྲག་མདུན་དུ་སྒྲུབ་ཁང་མང་བོ་ཡོད། ཤེལ་བྲག་རྩེ་ལ་དབང་ཕྱུག་གི་ཕོ་བྲང་དུ་གྲགས་པ་ཡོད། དེའི་ཟུར་དུ་སྤྲེའུ་ཧ་ནུ་མན་ཐ་ཞེས་པའི་བྲག་འབུར་ཡོད་ཅིང་སྤྲེའུ་སྤོས་འཛིན་ཡང་དེ་ལ་ཟེར་རོ། །དེ་འོག་གི་ཕ་བོང་སྦལ་བ་འདྲ་བའི་ཁུང་ནས་གནས་སྒོ་འབྱེད་པའི་ལྡེ་མིག་བཏོན་པའི་ཤུལ་དང་བྱ་རོག་རང་བྱོན་ཡོད་དོ། །ཤེལ་བྲག་གི་ནང་སྐོར་དུ་གྲགས་པའི་སྐུ་སྐེད་ཀྱི་རྡོ་རྗེ་ར་བའི་ནང་དུ་རྡོར་འཛིན་ཚུལ་ཁྲིམས་མགོན་པོས་སྤྱན་སྔ་ཉེར་གཉིས་པའི་གསེར་གདུང་བཞེངས་པ་ནས་བཟུང་གསེར་གདུང་བཅུ་བདུན་བཞེངས་པ་རྣམས་རིག་གསར་སྐབས་འཇིག་སོང་བས་གསར་བཞེངས་འདུན་པ་ཡོད་པར་གསུངས། གསེར་གདུང་མདུན་ངོས་སུ་གནས་བརྟན་ཡན་ལག་འབྱུང་གི་ཕོ་བྲང་དུ་གྲགས་པ་བྲག་རིན་ཆེན་སྤུངས་པ་ལྟ་བའི་རི་དང་། དེའི་གཡོན་གྱི་རི་ལ་ཡེ་ཤེས་མགོན་པོའི་ལྷ་ཚོགས་བཞུགས། དེའི་མ་ཟུར་དུ་མཚོ་ཀ་པ་ལ་ཞེས་པའི་མཁའ་འགྲོའི་གསང་བ་འདུས་པའི་ཁྲུས་ཀྱི་མཚེའུ་གཉིས་ཡོད་དེ། གཅིག་ནི་རཀྟ་ཞེས་པ་དང་། གཅིག་ནི་བདུད་རྩི་ཞེས་པའི་ཁ་དོག་དཀར་བོར་སྣང་ངོ་། 

7591623377170_.pic_hd.jpg

མདོར་ན། གངས་རིན་པོ་ཆེའི་ཁོར་ཡུག་འདི་ན་ཏི་སེ་མི་འགྱུར་བའི་གཟེར་ཆེན་བཞི་ཞེས་སྟོན་པ་སངས་རྒྱས་བཅོན་ལྡན་འདས་ཀྱི་ཞབས་རྗེས་བཞིས་མཚོན་པའི་ཞབས་རྗེས་བཞི་བཅུ་ལྷག་དང་། ཕྱག་རྗེས་གསུམ། དབུ་དང་ནབས་བཟའི་རྗེས། མིང་གྲགས་ལྡན་པའི་སྒྲུབ་ཕུག་བརྒྱད། བྱིན་གྱིས་བརླབས་པའི་སྒྲུབ་ཆུ་བརྒྱད། གནས་ཀྱི་ས་ཚིགས་དགོན་པ་བརྒྱད། ལྷ་སྐུ་རང་བྱོན་སུམ་ཅུ། ཡི་གེ་རང་བྱོན་གཉིས། རང་བྱོན་རི་བོ་བཅུ་བཞི། ཕོ་བྲང་བཅོ་ལྔ། ཕྱག་འཚལ་སྒང་བཞི། མཚོ་དང་མཚེའུ་བཞི། སྨན་གྱི་རི་དང་སྨན་ཆུ་དང་། ས་རྡོ་གངས་སྤོས་སོགས་བྱིན་རླབས་ཆེ་ཞིང་ཕན་ནུས་འཛོམས་པའི་རང་བྱུང་གི་རིན་ཆེན་གཏེར་མཛོད་གཅིག་ཏུ་གྲུབ་ཡོད་ལ། གངས་རིའི་སྐོར་ལམ་ཕྱི་མར་ནུབ་ངོས་སུ་ཆོས་སྐུ་དགོན་པ་དང་། བྱང་དུ་འབྲི་ར་དགོན། ཤར་ལྷོར་རྫི་འཕྲུལ་དགོན། ལྷོར་དར་ཆེན་སྒྲོལ་མ་ལྷ་ཁང་། སྐོར་ལམ་ནང་མར་རྒྱང་གྲགས་དགོན་དང་གསེར་ལུང་དགོན་སོགས་ཡོད་དོ། 

WechatIMG744.jpeg

  གསུམ་པ། གནས་སྐོར་བའི་ཕན་ཡོན་བཤད་པ། འགྲོ་མགོན་གཙང་བ་རྒྱ་རས་ཀྱིས། ཕོ་བྲང་ཆེན་པོ་ཏི་སེ་ལ། །སྐོར་བ་ལན་གཅིག་བསྐོར་གྱུར་ན། །སྐྱེ་བ་གཅིག་གི་སྒྲིབ་བ་འདག །དེ་བཞིན་རིམ་པ་བཅུ་བསྐོར་ན། །བསྐལ་བ་གཅིག་གི་སྒྲིབ་བ་འདག །སྐོར་བ་བརྒྱ་རྩ་སོང་བ་ན། །རྟགས་བཅུ་ཡོན་ཏན་བརྒྱད་རྫོགས་ནས། །ཚེ་གཅིག་སངས་རྒྱས་ཐོབ་པར་འགྱུར། ཞེས་གསུངས། དེང་སང་ངག་སྒྲོས་ལ་སྐོར་ཚད་བཅུ་གསུམ་ཡིན་ཞེས་གནས་ཡིག་རྙིང་བ་ལས་རྒྱུ་མཚན་དང་ལྡན་པའི་སྒོས་གསལ་བཤད་གནང་ཡོད། དུང་བརྡ་བླ་མའི་གངས་བསྟོད་ལས། གངས་མཚོ་གཉིས་ཐོས་པས་ཡིད་ལ་དགའ་ཞིང་མོས་གུས་སྐྱེ། མཐོང་བས་ངན་སོང་གི་སྡུག་བསྔལ་སེལ། དྲན་པས་སྲིད་ཞིའི་འཇིགས་ལས་སྐྱོབ་པ། །ཞེས་སོགས་གསུངས། ཡང་འགྲོ་མགོན་གཙང་བས། གནས་གསུམ་སྐོར་བའི་གང་ཟག་ལ། །དུག་གསུམ་རྒྱབ་སྐྱུར་མི་ཞུའམ། །གནས་གསུམ་འགྲིམ་པའི་བྱ་གཏང་ལ། །འཁོར་གསུམ་ཡང་དག་མི་ཞུའམ། །གནས་གསུམ་བྲག་ལ་བཞུགས་མི་ལ། །གྲུབ་ཐོབ་རིམ་གསུམ་མི་ཞུའམ། །གནས་གསུམ་རི་ལ་སྡོད་མཁན་ལ། །དུས་གསུམ་སངས་རྒྱས་མི་ཞུའམ། །བླ་མ་གོང་མའི་གསུང་རྒྱུན་དེ། །སྐལ་ལྡན་རྣམས་ཀྱི་སྙིང་ལ་ཆོངས། །ཞེས་གསུངས་སོ། །ཞེས་དེ་ལྟར་གངས་རིན་ཆེ་ཞེས་ཡོངས་སུ་གྲགས་པའི་གནས་མཆོག་འདི་ཉིད་ཀྱི་ངོ་མཚར་བའི་ལོ་རྒྱུས་མདོར་བསྡུས་སུ་བརྗོད་པ་ཀུན་གསལ་མེ་ལོང་ཞེས་བྱ་པ་འདི་ནི་མཛོད་པ་དགེ་འདུན་རྒྱ་མཚོ་རུ་འབོད་པས་ཀུན་ལ་ཕན་སེམས་ཀྱིས་ས་བྱི་ལོའི་དགུན་ཟླ་ར་བའི་ཚེས་ཉེར་ལྔ་མཁའ་འགྲོ་འདུ་བའི་དུས་ཆེན་ལ་མཛོད་དགེ་རང་ཤག་ནས་བྲིས་སོ། བཀྲ་ཤིས་པར་གྱུར་ཅིག །། 

དཔྱད་གཞིའི་ཡིག་ཆ། གངས་རི་ཆེན་པོ་ཏི་སེ་མཚོ་ཆེན་མ་དྲོས་པ་བཅས་ཀྱི་སྔོན་བྱུང་གི་ལོ་རྒྱུས་མདོར་བསྡུས་སུ་བརྗོད་པའི་རབ་བྱེད་ཤེལ་དཀར་མེ་ལོང་ཞེས་བྱ་པ། འབྲི་གོང་གདན་རབས་སོ་བཞི་བ་ཆོས་ཀྱི་བློ་གྲོས་ཀྱིས་མཛད་པ། །གནས་ཆེན་གངས་མཚོ་རི་གསུམ་ཆུ་བོ་བཞི་བཅས་པའི་གནས་ཡིག ངག་དབང་འཕྲིན་ལས་གྱིས་མཛད་པ། གངས་མཚོ་གནས་གསུམ་གྱི་ལམ་ཡིག་དང་གནས་བཤད། ཨོའུ་རྒྱ་བློ་བཟང་འཇམ་དཔལ་རྒྱ་མཚོས་མཛད་པ། གངས་དཀར་ཏི་སེ་དང་མ་ཕམ་གཡུ་མཚོའི་གནས་ཡིག་ཅེས་པ། བཅྭོ་ལྔ་ཚེ་རིང་ངམ་ངག་ཆོས་ནས་བསྒྲིགས་སྦྱོར་བྱས་པ། གངས་ཅན་བོད་ཀྱི་གནས་བཤད་ལམ་ཡིག་གསར་མ་ཞེས་པ། ཆོས་འཕེལ་གྱིས་བརྩམས་ཞེས་པ་རྣམས་ལས་སོ།

WechatIMG773.jpeg


༢ གངས་མཚོ་གནས་གསུམ་གྱི་ལམ་ཡིག་མདོར་བསྡུས་ཀུན་གསལ་མེ་ལོང་ལས་མཚོ་མ་ཕམ་གཡུ་མཚོའི་གནས་སྐོར་ལམ་ཡིག་ཅེས་བྱ་བ།


མཚོ་སྐོར་ལམ་བཤད་པ་ལ་བཞི། དང་པོ། གནས་བཤད་པ་ནི། བཀའ་གདམས་གླེགས་བམ་ལས། །གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ཡོད། །མཚོ་དམའ་མོ་གཡུ་ཡི་མཎྜལ་ཡོད། །ཞེས་གསུངས་པ་དང་། མདོ་སྡུད་པ་ལས། མཚོ་འདི་ལ་ཀླུའི་རྒྱལ་པོ་མ་དྲོས་པ་གནས་ཤིང་། དེའི་མཐུ་དཔལ་ལས་འཇིག་རྟེན་ཁམས་འདིར་ཆར་ཆུ་འབབ་པར་གསུངས། ཆོས་རྒྱལ་སྲོང་བཙན་སྒམ་པོས། མ་ཕམ་མཚོ་ལ་ཀླུ་རྒྱལ་བྱང་ཆུབ་སེམས། །ཆུ་བོ་ཡོན་ཏན་ཅན་ཡང་དེ་ན་ཡོད། །གསུངས་པ་བཞིན་དངོས་ཡོད་དུ་གནས་སོ། །གཞན་ཡང་ངག་རྒྱུན་ལ། གངས་རིན་པོ་ཆེ་ནི་ཡབ་དང་མཚོ་མ་ཕམ་པ་གཡུ་མཚོ་ནི་ཡུམ་གྱི་ཚུལ་དུ་ཡོད་པར་བཤད། མའི་པང་དུ་བུ་ཉལ་བ་ལྟ་བུ་ཡོད་ཅེས་ངག་རྒྱུན་ལ་བཤད། ཚོ་འདིའི་མིང་ལ་མ་དྲོས་མཚོ་དང་། པདྨ་བླ་མཚོ། མ་ཕམ་གཡུ་མཚོ་ཞེས་རེ་རེ་ལ་བཤད་པ་རེ་སྣང་། 

  གཉིས་པ། མཚོ་སྐོར་ལམ་བཤད་པ་ནི། མངོན་པ་མཛོད་ལས། མ་དྲོས་མཚོ་འདི་ཆུ་ཞེང་དཔག་ཚད་ལྔ་བཅུ་དང་ཆུ་བོ་ཆེན་པོ་བཞིའི་འབྱུང་ཁུངས་སུ་གསུངས་ལ། བློན་པའི་བཀའི་ཐང་ཡིག་ལས་དེ་དང་འདྲ་བར་གསུངས། མཚོ་འདི་མཐོ་ཚད་ལ་མཚོ་ངོས་ལས་སྨོས་༤༦༠༠ ཡོད་པ་དང་། ཆུ་ཞེང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་༣༢༠ ཡོད། གཏིང་ཚད་ལ་སྨིས་༩༢ ཡོད། མཐའ་སྐོར་ལ་ལེ་དབར་༩༦ ཡོད། གངས་རིན་པོ་ཆེའི་མདུན་ནས་མཚོ་ཁ་བར་སྤྱི་ལེ་༢༡ ཡོད། མ་ཕམ་གཡུ་མཚོ་ལ་ཁྲུས་ཀྱི་སྒོ་བཞི་ཡོད་དེ། ཤར་གྱི་ཁྲུས་སྒོ་ལ་གསེར་ཀྱི་རང་བཞིན་བྱེ་མ་སྣ་ལྔ་ཡོད། ལྷོ་ཡི་ཁྲུས་སྒོ་ལ་སྤོས་ལྔ་ཡོད། ནུབ་ཀྱི་ཁྲུས་སྒོ་ལ་བུལ་ལྔ་ཡོད། བྱང་གི་ཁྲུས་སྒོ་ལ་རྡེའུ་སྣ་ལྔ་བཅས་ཀྱི་སྒོ་བཞི་ཡོད་དོ། ཡང་ན། ནུབ་བྱང་རྡེའུ་སྒོ་དང་། བྱང་ཕྱོགས་གཏེར་ཀྱི་སྒོ་ཟེར། མཚོ་ལ་ཁྲུས་བྱེད་ན་ལྷོ་ཕྱོགས་རི་རྩེ་ནས་བྱེད་ལ། མཚོ་གཏེར་འབུལ་ན་གད་པ་གསེར་ཀྱི་བྱ་སྐྱིབས་ནས་འབུལ་དགོས་སོ།

7551623377167_.pic_hd.jpg

ཤར་གྱི་སྐོར་ལམ་དུ་འ་ཝ་སེ་ནི་དང་། ཤར་ལྷོར་རིལ་ཆུང་། ལྷོར་མོན་མོ་རྡོ་ཁུར། ནུབ་ཏུ་ཟེ་ར་ལ་བཅས་ལ་ཕྱག་འཚལ་སྒང་བཞི་ཟེར། །མ་ཕམ་གཡུ་མཚོའི་ཁོར་ཡུག་ཏུ་དགོན་པ་བརྒྱད་ཡོད་དེ། ཤར་དུ་སེ་བ་ལུང་དགོན་པ་འབྲི་གོང་བཀའ་བརྒྱུད། ཤར་ལྷོ་ཉེ་མགོ་དགོན་པ་ས་སྐྱ་བ། ལྷོར་ཁྲུས་སྒོ་དགོན་པ་རི་བོ་དགེ་ལྡན་པ། ལྷོ་ནུབ་ཏུ་འགོ་ཚུགས་དགོན་པ་དགེ་ལྡན་པ། ནུབ་ཏུ་བྱིའུ་དགོན་པ་རྙིང་མ་བ། ནུབ་བྱང་དུ་བྱ་སྐྱིབས་དགོན་པ་འབྲི་གོང་བཀའ་བརྒྱུད། བྱང་དུ་གླང་སྣ་དགོན་པ་འབྲུག་པ་བཀའ་བརྒྱུད། བྱང་ཤར་དུ་བོན་རི་དགོན་པ་དགེ་ལྡན་པ་བཅས་སོ། །མཚོ་སྐོར་རྐྱང་བར་སྤྱི་ལེ་༨༤ ཡོད། མཚོ་སྐོར་དུ་རྐང་ལམ་བདེ་ཞིང་ཆུ་ཆེན་རྣམས་ལ་ཟམ་པ་ཡོད། མགྲོན་ཁང་ཇ་ཁང་སོགས་ཀྱི་གནས་མལ་ཡོད། སྤྱིར་བཏང་མཚོ་སྐོར་ལ་ཉིན་བཞི་དང་གངས་སྐོར་ལ་ཉིན་གཉིས་འགོར། མཚོ་ལ་རྐྱང་ཕྱག་འབུལ་ན་ཉིན་ཉེར་བརྒྱད་དང་། གངས་སྐོར་ལ་ཕྱག་འབུལ་ན་ཉིན་བཅྭོ་ལྔ་འགོར་གྱིན་ཡོད། མཚོ་སྐོར་དགུན་དུས་མང་ལ་གངས་སྐོར་དབྱར་དུས་མང་ཟེར། ངག་རྒྱུན་ལ། སྟོད་མངའ་རིས་སྐོར་གསུམ་གནས་ཀྱིས་འདྲེན། །བར་དབུས་གཙང་རི་བཞི་ཆོས་ཀྱིས་འདྲེན། །སྨད་མདོ་ཁམས་སྒང་དྲུག་བླ་མས་འདྲེན། །ཞེས་གསུངས་པ་ལྟར་གངས་སྐོར་དང་མཚོ་སྐོར་བ་ནི་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་འདུག་གོ།

  གསུམ་པ། དམ་པ་དུ་མས་བྱིན་གྱིས་བརླབས་ཚུལ་ནི། སྟོན་པ་ཤཱཀྱ་ཐུབ་པ་ཁོར་དགྲ་བཅོམ་པ་ལྔ་བརྒྱ་དང་བཅས་པ་རྫུ་འཕྲུལ་གྱིས་ཕེབས་ཏེ་ཀླུའི་རྒྱལ་བོ་འཁོར་དང་བཅས་པ་ལས་ཀྱི་རྒྱུ་བ་ལུང་བསྟན་པའི་མདོ་གསུངས་ཤིང་བྱིན་གྱིས་བརླབས་ཚུལ། འདུལ་བ་ལུང་སྨན་གྱི་གཞི་ལས་གསུངས་སོ། དེའི་རྗེས་སུ་སློབ་དཔོན་པདྨས་བྱིན་རླབས་གནང་། དེ་བཞིན་དུ་ཇོ་བོ་རྗེ་ཨ་ཏི་ཤཱ། རྗེ་མི་ལ་རས་པ། འབྲི་གོང་གླིང་བ། གྲུབ་ཐོབ་སེང་གེ་ཡེ་ཤེས། པཎ་ཆེན་བློ་བཟང་ཆོས་རྒྱན། རྗེ་ཞབས་དཀར་བ་ཚང་སོགས་འདིར་ཕེབས། 

7561623377168_.pic_hd.jpg  


བཞི་བ། མཚོ་མཆོད་པའི་ཕན་ཡོན་ནི། སློབ་དཔོན་པདྨ་འབྱུང་གནས་ཀྱིས། མ་ཕམ་གཡུ་མཚོ་རྟ་ལམ་ཉིན་གཅིག་འཁོར། །ངྷ་ན་ཀོ་ཤའི་མཚོ་ནི་འདི་དང་འདྲ། །ཡིད་གཞུང་དད་པས་སྐོར་བ་སུས་བསྐོར་བ། །སངས་རྒྱས་གཞན་ལས་བཙལ་དུ་མེད་དེ་འཐོབ། །འདི་བསྐོར་མཚམས་མེད་ལྔ་བྱས་བྱང་བར་འགྱུར། །གཡུ་མཚོར་བཀྲུས་མཐོང་བདེ་ཆེན་མཁའ་སྤྱོད་བགྲོད། ཞེས་གསུངས་སོ། ཡང་ན། ཆོས་རྒྱལ་ནོར་བཟང་རྣམ་ཐར་ལས། མཚོ་འདི་ལ་པདྨ་བླ་མཚོ་ཟེར། །མཚོ་བདག་ཀླུ་རྒྱལ་སྣ་ཚོགས་ཟེར། །མཚོ་མིང་པདྨ་བླ་མཚོ་ཟེར་བའི་དོན། །དབྱིབས་ནི་པདྨ་འདབ་བརྒྱ་དང་མཚུངས། །འདབ་མ་རེ་རེ་ཕུ་ནས་ཆུ་རེ་འབབ། །ཆུ་མགོ་རེ་ན་ཀླུ་མཁར་རེ་རེ་ཡོད། །དེ་ལ་ཟླ་རེར་བསངས་དང་ཀླུ་གཏོར་བྱ། །ལོ་རེར་གཏེར་བུམ་སྦས་ཤིང་མཚོ་རྫས་འདེབས། །བྱང་ཕྱོགས་རྗེ་འབངས་སྐྱིད་པའི་ཡོན་ཏན་ཡང་། །མཚོ་དང་ཀླུ་རྒྱལ་དེ་ལ་བརྟེན་ནས་བྱུང་། །ཞེས་དང་། ཡང་དེ་ལས། དེ་མཆོད་པས་རྒྱལ་བོའི་ཆབ་སྲིད་དར། །ལོ་ལེགས་ནད་མེད་མཚོན་གྱི་བསྐལ་བ་ཉམས། །ཕུན་ཚོགས་འདོད་དགུའི་དཔལ་ལ་ལོངས་སྤྱོད་དོ། །ཞེས་སོགས་བྱུང་བས་མཚོ་མཆོད་འདི་ལ་ཕན་ཡོན་ཆེ་བར་གསུངས་སོ། །སྤྱིར་ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཤིང་གསུངས་ཡོད་ཀྱང་། །དམིགས་བསལ་བ་འདི་ལ་ཆོས་རྒྱལ་སྲོང་བཙམ་སྒམ་པོས། ཆུ་བོ་ཡོན་ཏན་ཅན་ཡང་དེ་ན་ཡོད། །ཅེས་གསུངས་བའི་དོན་ནི་མཚོ་འདི་ཆུ་བོ་ཡན་ལག་བརྒྱད་དང་ལྡན་པར་མ་ཟད་འཐུང་བ་དང་འཁྲུས་བྱས་ན་སྡིག་པ་དང་སྒྲིབ་པ་འདག་པར་ཡང་གསུངས་སོ།  

WechatIMG772.jpeg

ཞར་བྱུང་ཁ་འབབ་ཆུ་བོ་བཞི་བཤད་པ་ནི། མངོན་པ་མཛོད་འགྲེལ་ལས། གངས་རི་དེའི་ཕ་རོལ་སྤོས་ངད་ལྡན་པའི་ཚུར་རོལ་མཚོ་མ་དྲོས་པ་ཞེས་བྱ་བ་གང་ལས། ཆུ་བོ་ཆེན་པོ་གངྒཱ་དང་། སིནདྷུ་དང་། སི་ཏ་དང་། པཀྵུ་འབབ་པ་ཡོད་དོ། ཞེས་གསུང་བ་བཞིན་ཆུ་ཆེན་པོ་བཞིའི་འབྱུང་ཁུངས་ཀྱང་མཚོ་མ་ཕམ་གཡུ་མཚོ་ཡིན་པ་རིག་པ་དང་ལུང་མང་དུ་མ་མཆིས་སོ། གཞན་ཡང་མིང་གི་རྣམ་གྲངས་ལ་སེངྒེ་ཁ་འབབ་དང་། རྨ་བྱ་ཁ་འབབ། རྟ་མཆོག་ཁ་འབབ། གླང་ཆེན་འབབ་ཅེས་ཟེར། ངག་རྒྱུན་ལ། གླང་ཆེན་ཁ་འབབ་གུ་གེ་གཞུང་ལ་འབབ། །གུ་གེ་སྟོབས་འབྱོར་ཆེ་བ་དེ་ནས་བྱུང་། །སེང་གེའི་ཁ་འབབ་ལ་དྭགས་ཡུལ་ལ་འབབ། །ལ་དྭགས་དཔའ་རྩལ་ཆེ་བ་དེ་ནས་བྱུང་། །རྟ་མཆོག་ཁ་འབབ་གྲོ་ཤོད་གཞུང་ལ་འབབ། །གྲོ་ཤོད་རྟ་རྩལ་ཆེ་བ་དེ་ནས་བྱུང་། །རྨ་བྱ་ཁ་འབབ་པུ་རངས་ཡུལ་ལ་འབབ། །པུར་མོ་ཁ་དོག་མཛེས་ལྡན་དེ་ནས་བྱུང་། །ཞེས་སོགས་བྱུང་ངོ་། །ཞེས་པ་འདི་ཡང་མཛོད་པ་དགེ་འདུན་རྒྱ་མཚོ་རུ་འབོད་པས་ཀུན་ལ་ཕན་སེམས་ཀྱིས་ས་བྱི་ལོའི་དགུན་ཟླ་ར་བའི་ཚེས་ཉེར་ལྔ་ལ་མཛོད་དགེ་རང་ཤག་ནས་བྲིས་སོ། བཀྲ་ཤིས་པར་གྱུར་ཅིག །། 

7611623377172_.pic_hd.jpg


༣  གངས་མཚོ་གནས་གསུམ་གྱི་ལམ་ཡིག་མདོར་བསྡུས་ཀུན་གསལ་མེ་ལོང་ལས་གནས་པྲེ་ཏ་པུ་རིའི་གནས་སྐོར་བཤད་པ་ཞེས་བྱ་བ། 

པྲེ་ཏ་པུ་རིའི་གནས་བཤད་པ་ལ་དང་བོ། །གནས་འདི་ལ་བཤད་པ་མང་དུ་ཡོད་ཀྱང་སྐབས་འདིར་གསང་སྔགས་བླ་མེད་ལུགས་ལྟར་ན། ཡུལ་ཉི་ཤུ་རྩ་བཞི་ལས། འདི་ནི་ས་འོག་གི་གནས་བརྒྱད་ཀྱི་ཡ་གྱལ་ཡིན་པ་དང་། སྐུ་ཡི་འཁོར་ལོའི་རྩིབས་དང་པོ་པྲེ་ཏ་པུ་རི་ཞེས་ཡོད་ཅིང་གངས་མཚོའི་ནུབ་ངོས་སུ་སྤྱི་ལེ་༦༠ ཕྱིན་པ་ན་སྒར་རྫོང་ཁོངས་མོན་མཚེར་ཞེས་པ་ལ་ཐོན་པ་དང་། དེ་ནས་ལྷོ་ངོས་སུ་སྤྱི་ལེ་༡༠ སོང་བ་ན་གནས་དེ་ལ་ཐོན་པ་ཡིན། མཚན་གཞན་ལ་དྲི་བདག་སྤོས་རིའམ་དྲི་བདའ་སྤོས་རི་ཞེས་འབོད།  གནས་དེ་ནི་དཔའ་བོ་སྟོབས་པོ་ཆེ་དང་། དཔའ་མོ་ཤུགས་ཅན་མའི་གནས་ཡིན་ལ་བདེ་མཆོག་གི་ཕོ་བྲང་དང་ཁྱད་མེད་ཅིང་། འདིའི་གནས་ཀྱི་ལྟེ་བ་བྱང་སེམས་དཀར་པོ་འབབ་པའི་ཆུ་ཚན་ཁོལ་བ་རང་ལ་ངོས་འཛིན་དགོས་པ་དཀར་ཆག་རྙིང་བ་རྣམས་ལས་གསུངས་སོ། །གནས་བདག་ནི་རྡོ་རྗེ་ཕག་མོ་ཡིན་པ་སློབ་དཔོན་པདྨའི་གསུང་ལས། རྡོ་རྗེ་ཕག་མོས་བྱིན་གྱིས་བརླབས་པའི་གནསཿམ་མོ་མཁའ་འགྲོ་ཐམས་ཅད་འདུ་བའི་གླིངཿ གསང་སྔགས་བརྡ་ཡི་རང་སྒྲ་དི་རི་རིཿ གནས་དེར་ཕྱིན་པ་ཙམ་གྱིས་བྱང་ཆུབ་ཐོབཿ ཅེས་གསུངས་པ་བཞིན་རྡོ་རྗེ་ཕག་མོའི་གནས་ཡིན་པ་དངོས་སུ་བརྗོད་ཡོད། འབྲི་གུང་གདན་རབས་སོ་བཞི་བ་ཆོས་ཀྱི་བློ་གྲོས་ཀྱིས། རྒྱལ་ཡུམ་མཁའ་འགྲོའི་དབང་ཕྱུག་ར་ལྦུ་ཧི། །མ་ཚོགས་རྒྱ་མཚོའི་ཚོགས་བཅས་བདེ་སྟོང་གི། །ཉམས་དགའི་རོལ་གར་རྩེན་པ་ས་འོག་གནས། །སྔགས་སྤྱོད་པྲེ་ཏ་པུ་རིར་གསོལ་བ་འདེབས། ཞེས་གསུངས། གནས་སྟོད་ན་སློབ་དཔོན་པདྨའི་སྒྲུབ་ཕུག་དང་། བར་ན་རྗེ་རྒོད་ཚང་བའི་སྒྲུབ་ཕུག སྨད་དུ་རྡོ་རྗེ་ཕག་མོའི་སྒྲུབ་ཕུག་བཅས་གཙོ་བོ་སྒྲུབ་ཕུག་གསུམ་ཡིན་པར་གསུངས། སློབ་དཔོན་སྒྲུབ་ཕུག་ནི་དགོན་པ་དང་མཉམ་དུ་ཡོད་པ་དང་། དེར་བཞུགས་པའི་རྟེན་གཙོ་རྣམས་ཅུང་བཤད་ན། གུ་རུ་མཚན་བརྒྱད་རང་བྱོན། དེར་སློབ་དཔོན་གྱིས་སྲིན་མོ་ཞིག་བཏུལ་བས་རྣམ་ཤེས་དྲངས་པའི་ཤུལ་དུ་བུ་ག་ཁ་ཕོར་ཙམ་ཡོད། འོག་ཀླུ་ཡི་གྲང་ངར་རྒྱུན་ཆད་མེད་པར་སྟེང་དུ་འོང་བ་ཞིག་ཡོད། 


7451623377038_.pic_hd.jpg

སློབ་དཔོན་པདྨའི་ཞབས་རྗེས། ཡེ་ཤེས་མཚོ་རྒྱལ་གྱི་ཞབས་རྗེས། རྡོ་རྗེ་ཕག་མོ་ལོ་བརྒྱད་ཅན་གྱི་ཞབས་རྗེས། སངས་རྒྱས་གླང་གདུང་གི་ཞབས་རྗེས། ལྷ་མོ་དྲེལ་བྱོན་མའི་ཞབས་རྗེས་སོགས་མཇལ་རྒྱུ་ཡོད། དགོན་པའི་རྒྱབ་རི་སངས་རྒྱས་སྟོང་གི་ཕོ་བྲང་། དགོན་པའི་འཁོར་ཡུག་ཏུ་རང་བྱོན་དང་རྟེན་མཇལ་ཞུ་ས་མང་དུ་ཡོད་ཀྱང་འདིར་རེ་འགའ་སྨྲོས་ན། མགོན་པོ་ཕྱག་བཞིའི་ཕོ་བྲང་། བྱ་ཁྱུང་རང་བྱོན་དེའི་འོག་ཏུ་ས་དཀར་པོ་ཡོད་པ་དེ་ལ་ཁྱུང་ས་ཟེར་དེ་གནམ་མ་མཐོང་བ་བྱས་ནས་བླངས་ན་ཀླུ་ནད་དང་ས་བཙོག་སོགས་ལ་ཤིན་ཏུ་ཕན་པར་གསུངས། བྲག་རྡོ་ཆེ་བ་གཉིས་མཉམ་དུ་ཡོད་པ་དེ་བདེ་མཆོག་ཡབ་ཡུམ་གཉིས་སྐུ་རང་བྱོན་དང་། དེར་བྲག་ཆུང་བ་བཞི་ཡོད་པ་དེ་སྒོ་མ་བཞི་རང་བྱོན། བྲག་སྔོན་པོ་དེ་སྨན་བླའི་ཕོ་བྲང་། རྡོ་ཀ་མ་རུའི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་རང་བྱོན། དེ་སྟེང་དུ་ཕྱག་རྡོར་རང་བྱོན་གསལ་བ། འཕགས་པ་ཤིང་ཀུན་དང་བྱ་རུང་ཁ་ཤོར་མཆོད་རྟེན་རང་བྱོན་སོགས་རིགས་མི་འདྲ་བ་བཅུ་གསུམ་ལྷག་བཞུགས་སོ། །དེ་ནས་གླང་ཆེན་གཙང་བའི་ཕ་རིའི་རྫ་རི་སྨུག་པོ་དེ་མཁའ་འགྲོ་བྱེ་བ་འབུམ་གྱི་ཕོ་བྲང་དང་། དེའི་འོག་གི་ཐང་དཀྱིལ་ནི་མཁའ་འགྲོའི་བྲོ་རྭ་ཡིན་པར་གྲགས། དེས་ནས་གཙང་འགྲམ་དུ་བྲག་དཀར་དམར་འདྲེས་པ་དེ་མཁའ་འགྲོའི་གསང་ལམ་ཟེར། དེ་དང་འབྲེལ་བའི་བྲག་སེར་པོ་ཞིག་དང་སྔོན་པོ་ཞིག་ཡོད་པ་དེ་ཛམ་ལྷ་སེར་པོ་དང་ནག་པོའི་ཕོ་བྲང་དང་། བྲག་རག་པ་དེ་སེང་གདོང་མའི་ཕོ་བྲང་བཅས་ཡིན་པར་གསུངས། དེར་མགོན་ཁང་བཞེངས་ཡོད་པ་དང་། ནང་རྟེན་མང་ཡང་དེར་ཁྱད་འཕགས་ཞིག་ལ་རྡོ་ནོར་བུའི་བཟོ་ཅན་ཞིག་རྒྱལ་བ་རྒོད་ཚང་བས་མ་ཕམ་མཚོ་ལས་གཏེར་བཞེས་པ་རེད་ཟེར། དེར་སྨོན་ལམ་མང་དུ་བཏབ་ན་སྣ་གཅིག་འགྲུབ་པ་ཁོང་གིས་ཞལ་བཞེས་གནང་ཡོད་པ་རེད་ཟེར། གཙང་འགྲམ་དུ་རྟ་ཕག་ཞལ་སྦྱོར་དང་། དེ་ཡི་རྩེ་ལ་མཆོད་རྟེན་མཐོང་བ་རང་གྲོལ་བཞུགས། དེ་ནས་མར་ཙམ་སོང་བ་ན་རྡོ་རྗེ་ཕག་མོའི་སྒྲུབ་ཕུག་ཡོད་ཅིང་དེ་ཡི་ནང་དུ་བྱང་སེམས་དཀར་པོ་ལེན་རྒྱུ་ཡོད། སྔར་སྲོལ་ལྟར་ན་དེ་ལེན་སྐབས་ཁ་བཏགས་འབུལ་བ་དང་། ཊཾ་དཀར་བརྒྱད་བཅས་འབུལ་དགོས་ཟེར། གནས་དགོན་དེ་ཐོག་མར་རྙིང་མ་དང་། ད་ལྟ་འབྲུག་པ་བཀའ་བརྒྱུད་པའི་དགོན་གནས་སུ་གྱུར་འདུག། 

7481623377041_.pic_hd.jpg

  གཉིས་པ། གནས་འདི་སྐོར་བའི་ཕན་ཡོན་ནི། གོང་དུ་བཤད་པ་བཞིན་གངས་རིན་པོ་ཆེ་ནི་དཔལ་འཁོར་ལོ་སྡོམ་པའི་གནས་ཡིན་པ་དང་། གནས་པྲེ་ཏ་པུ་རི་ཡུམ་རྡོ་རྗེ་ཕག་མོའི་གནས་ཡིན་པར་བཤད་ཟིན་པས་དེ་ལ་ཕྱག་སྐོར་བྱས་པའི་ཕན་ཡོན་ཡང་གཅིག་འདྲ་འབྱུང་བར་གསུངས་སོ། །སློབ་དཔོན་པདྨའི་ཞལ་ལས། རྡོ་རྗེ་ཕག་མོས་བྱིན་གྱིས་བརླབས་པའི་གནས། ཞེས་དང་། གནས་དེར་ཕྱིན་པ་ཙམ་གྱིས་བྱང་ཆུབ་ཐོབ། །ཅེས་གསུངས་སོ།

ཞེས་པ་འདི་ཡང་མཛོད་པ་དགེ་འདུན་རྒྱ་མཚོ་རུ་འབོད་པས་ཀུན་ལ་ཕན་སེམས་ཀྱིས་ས་བྱི་ལོའི་དགུན་ཟླ་ར་བའི་ཚེས་ཉེར་ལྔ་ལ་མཛོད་དགེ་རང་ཤག་ནས་བྲིས་སོ། །བཀྲ་ཤིས་པར་གྱུར་ཅིག །། 


དཔྱད་གཞིའི་ཡིག་ཆ། གངས་རི་ཆེན་པོ་ཏི་སེ་མཚོ་ཆེན་མ་དྲོས་པ་བཅས་ཀྱི་སྔོན་བྱུང་གི་ལོ་རྒྱུས་མདོར་བསྡུས་སུ་བརྗོད་པའི་རབ་བྱེད་ཤེལ་དཀར་མེ་ལོང་ཞེས་བྱ་པ། འབྲི་གོང་གདན་རབས་སོ་བཞི་བ་ཆོས་ཀྱི་བློ་གྲོས་ཀྱིས་མཛད་པ། །གནས་ཆེན་གངས་མཚོ་རི་གསུམ་ཆུ་བོ་བཞི་བཅས་པའི་གནས་ཡིག ངག་དབང་འཕྲིན་ལས་གྱིས་མཛད་པ། གངས་མཚོ་གནས་གསུམ་གྱི་ལམ་ཡིག་དང་གནས་བཤད། ཨོའུ་རྒྱ་བློ་བཟང་འཇམ་དཔལ་རྒྱ་མཚོས་མཛད་པ། གངས་དཀར་ཏི་སེ་དང་མ་ཕམ་གཡུ་མཚོའི་གནས་ཡིག་ཅེས་པ། བཅྭོ་ལྔ་ཚེ་རིང་ངམ་ངག་ཆོས་ཀྱིས་སྒྲིགས་སྦྱོར་བྱས་པ།

གངས་ཅན་བོད་ཀྱི་གནས་བཤད་ལམ་ཡིག་གསར་མ་ཞེས་པ། ཆོས་འཕེལ་གྱིས་བརྩམས་ཞེས་པ་རྣམས་ལས་སོ།


རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།