སྟོད་ལུང་མཚུར་ཕུ་དགོན་པ།

u=2528659061,3190008366&fm=26&gp=0.jpg

དེ་ནི་སྟོད་ལུང་བདེ་ཆེན་རྫོང་གི་ཁོངས་སུ་གནས་ཡོད་ཅིང། རྒྱབ་རི་པདྨ་ཁྱུང་རྫོང་དང་མདུན་རི་ནགས་ཀྱིས་ཕྱུག་པ་ལས་བྱ་སྣ་ཚོགས་ཀྱི་སྐད་སྙན་པར་སྒྲོགས་པ། བྲག་རི་ལ་ཐུབ་པ་རིགས་དྲུག་གི་རང་བྱོན་འབུར་འཐོན་ཡོད་པ། ཤར་རི་དར་དཀར་ཡོལ་བ་ལྟ་བུ་བྲེས་པ། ནུབ་རི་སྒྲོལ་མ་དཀར་པོའི་དབྱིབས་ལྡན་གྱི་གནས་དེར་ཀརྨ་པ་དུས་གསུམ་མཁྱེན་པས་དགུང་ལོ་ལྔ་བཅུ་པ་རབ་བྱུང་གསུམ་པའི་ས་ཡོས(༡༡༥༩)ལོ་ལ་ས་དེར་ཕེབས་ནས་བྱིན་གྱིས་བརླབས། བྲག་དེ་རྒྱབ་ཡོལ་དུ་བྱས་ནས་རྟེན་འབྲེལ་གྱི་ཚུལ་དུ་གཟིམས་སྤྱིལ་ཆུང་ངུ་ཞིག་བཞེངས་ཏེ་ཡུན་མི་རིང་ཙམ་བཞུགས། དེ་ནས་ཁམས་སུ་ཕེབས་ནས་ཀརྨ་པ་གནས་ནང་སོགས་སུ་སྒྲུབ་པ་མཛད། ཀརྨ་དགོན་ཕྱག་བཏབ། དེ་རྗེས་དབུས་སུ་ཕེབས་ནས་དགུང་ལོ་བརྒྱད་ཅུ་པ་རབ་བྱུང་གསུམ་པའི་ས་བྱ(༡༡༨༩)ལོར་སྟོད་ལུང་མཚུར་ཕུ་དགོན་པ་ཕྱག་བཏབ། གུང་ཐང་བླ་མ་ཞང་གིས་མཆོད་ཁང་གོང་གི་ཀ་རུ་མ་གདུགས་ཁམས་གསུམ་ཟིལ་གནོན་སོགས་སྣ་གསུམ་ཕུལ། 

u=2568016810,473688044&fm=26&gp=0.jpg

དེ་ནས་ཀརྨ་པ་རིམ་བྱོན་གྱི་གདན་ས་གཙོ་བོ་ཞིག་ཏུ་གྱུར། སྐུ་འཕྲེང་གཉིས་པ་ཀརྨ་པཀྴིའི་དུས་སུ་ཉེ་གནས་ལྡན་སྒོམ་གྱིས་མཚུར་ཕུར་མཆོད་ཁང་ཆེན་པོ་དང་དྲི་གཙང་ཁང་ཁྱམས་ར་དང་བཅས་པ་བཞེང་ས་ཏེ་རྒྱ་བསྐྱེད་བཏང། དགོན་པ་འདིར་བཞུགས་པའི་རྟེན་གསུམ་དང་རིག་དངོས་སྐོར་ནི། ཟངས་རག་ལས་ལུགས་སུ་བླུགས་པའི་ལྷ་ཆེན་པོ་འདོམ་བཅུ་གསུམ་པ་དེ་ལོ་གསུམ་གྱི་ནང་དུ་གྲུབ། ཐུབ་དབང་དེའི་ནང་བཞུགས་སུ་དེ་བཞིན་གཤེགས་པའི་རིང་བསྲེལ་བྲེ་གང། མཉམ་མེད་དྭགས་པོ་ལྷ་རྗེའི་ཐུགས་ལྗགས་སྤྱན་གསུམ། དགྲ་བཅོམ་པ་ཉི་མ་གུང་པའི་ཚེམས། རྗེ་བཙུན་མི་ལ་རས་པའི་གསོལ་ཞལ་དང་ཕྱག་འཁར། དབོན་སྟོན་སྐྱེར་སྒང་པའི་སྣམ་སྦྱར། མཆོག་ཟུང་གི་ལྷུང་བཟེད། འཁར་གསིལ། སྣམ་སྦྱར། གསེར་དངུལ་འབའ་ཞིག་ལས་བྲིས་པའི་བཀའ་འགྱུར་པོ་ཏི་བརྒྱ་དང་ལྔ་བཅུ། ཚོགས་དུང་དཀར་པོ་རྒྱང་གྲགས་མ་སོགས་འཇིག་རྟེན་ན་རྙེད་དཀའ་བ་མང་པོ་བཞུགས། ལོ་རྒྱུས་ཐོག་བཤད་སྲོལ་ལ། ལྷ་ཆེན་དེ་བཞེངས་ཟིན་ནས་གཡོན་དུ་ཅུང་ཟད་ཡོ་བ་ལ་ལྷ་བཟོ་རྣམས་ཀྱིས་བཅོས་ཐབས་བྲལ་བས་གྲུབ་ཐོབ་ཆེན་པོ་པཀྴི་རང་གིས་རླུང་རོ་ལན་གསུམ་བུས་ནས་ཡོ་བ་བསྲང་པས་བྱིན་རླབས་ཆེ་ཞེས་ཟེར། གྲུབ་ཐོབ་རང་ཉིད་ཀྱིས་རབ་གནས་མཛད་དེ་ལྷ་ཆེན་དཔལ་འབར་འཛམ་གླིང་རྒྱན་གཅིག་ཅེས་མཚན་གསོལ། སྤྱན་རས་གཟིགས་དང། རྒྱལ་བ་རིགས་ལྔ་རྣམས་ཀྱི་སྐུ་ཆེན་པོ་རེ་རེ་བཞེངས། རྗེ་དུས་གསུམ་མཁྱེན་པའི་གདུང་རྟེན་བཀྲ་ཤིས་འོད་འབར། ཀརྨ་པཀྴིའི་གདུང་རྟེན་བཀྲ་ཤིས་ལྷུན་གྲུབ་གཉིས་སུ་རང་རང་གི་ཐུགས་ལྗགས་སྤྱན་གསུམ་བཞུགས། གཡས་གཡོན་དུ་སེམས་དཔའ་ལྡེམ་སྐུ་གཉིས་དང་བཅས་པ། ཕྱིས་སུ་ཐུགས་རྗེ་ཆེན་པོའི་ལྷ་ཁང་ནང་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ་བཅས་བཞུགས། རྩེར་གཉྫིར་ཆེན་མོ་གསེར་བྱ་ཁུང་གི་གཏེར་ནས་བྱུང་བའི་གསེར་བྱ་ཟུང་དང་བཅས་པ་བཙུགས། ཀརྨ་ཉིན་བྱེད་དབང་པོའི་རྣམ་ཐར་ལས་སྟོན་པའི་སྐུ་བརྙན་ཀ་བརྒྱད་མའི་གཟིམ་ཆུང་སྦུག་མ་སྒར་ཆེན་ནང་དུ་བཞུགས་ཞེས་གསུངས། ཞྭ་དམར་རྟོགས་ལྡན་གྲགས་སེང་བས་ཀརྨ་རང་བྱུང་རྡོ་རྗེ་ཕུལ་བའི་དུང་དཀར་དེ་ཕྱིས་གསེར་ལྗང་བརྡུངས་ཀྱི་གཤོག་པ་བཟོས་ཏེ་རྡོ་རྗེ་གདན་གྱི་ཚོགས་དུང་དང་ལྷན་ཅིག་གན་དྷོ་ལའི་མཆོད་རྫས་ལ་ཡོད། རབ་བྱུང་བདུན་པའི་མེ་ཕག(༡༤༠༧)ལོར་ཏཱ་མིང་གོང་མ་ཡུང་ལོས་ཀརྨ་པ་དེ་བཞིན་གཤེགས་པ་མཆོད་གནས་སུ་གདན་དྲངས་ཏེ་ནན་ཅིན་དུ་བཞུགས་རིང་ཆོས་གསུངས་པའི་སྐབས་དང་ཆོས་ཀྱི་མཛད་སྒོ་གནང་སྐབས་ཐམས་ཅད་དུ་ཉིན་རེ་བཞིན་ངོ་མཚར་གྱི་སྣང་བ་དུ་མ་བྱུང་བ་རྣམས་གོང་མ་ཉིད་ཀྱི་བཀས་ཉིན་སོ་སོའི་ལེའུ་ཆེ་བཀོད་པར་རི་མོ་མཁན་མཁས་པས་གཟུགས་བརྙན་རི་མོར་བྲིས་ནས། རྒྱ་ཧོར་བོད་ཡུ་གུར་ཏུཀྵི་སྟེ་ཡིག་རིགས་ལྔའི་ཁ་བྱང་བཏབ་པའི་སིའུ། ཐང་ཡུག་དྲིལ་དུ་མ་བྱས་ཏེ། རྗེའི་དྲུང་ཉིད་དུ་ཕུལ་བ་ཕལ་ཆེར་འཐོར་ཡང་ཡུག་དྲིལ་གཅིག་སྒར་ཆེན་དུ་བཞུགས་པ་རིག་གནས་གསར་བརྗེའི་གོང་བར་དུ་ཡོད་མུས་ཡིན་པ་ནི་དེ་སྔོན་མཚུར་ཕུར་གནས་མཇལ་དུ་ཕེབས་པའི་མཁས་དབང་མང་པོས་གཟིགས་མྱོང་ཡོད། མཚུར་ཕུ་དགོན་པ་ནི་ཀརྨ་དུས་གསུམ་མཁྱེན་པས་ཕྱག་བཏབ་པ་ནས་བཟུང་ད་ལྟའི་བར་ལོ་བརྒྱད་བརྒྱ་ཙམ་གྱི་ལོ་རྒྱུས་ལྡན་པ་དེ་རབ་བྱུང་བཅུ་དྲུག་པའི་མེ་རྟ་ལོར་ཤུལ་མེད་དུ་ཡོང་ཡང། ད་ལྟ་ཉམས་གསོ་བྱེད་བཞིན་པ་ལགས་སོ། །

u=1808381953,803962687&fm=26&gp=0.jpg

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།