འཁོར་ལོ་རིན་པོ་ཆེ་ནི། རྒྱུ་གསེར་ལས་བྱས་པའི་རྩིབས་སྟོང་དང་ལྡན་པ། རྒྱ་ཚད་དཔག་ཚད་ལྔ་བརྒྱ་ཡོད་པ་དང་། བསོད་ནམས་ཀྱི་མཐུས་གྲུབ་ཅིང་ནམ་མཁའ་ལ་འཕགས་ཏེ་ཉི་མ་གཅིག་ལ་དཔག་ཚད་འབུམ་བགྲོད་པ། རྒྱལ་ཆེན་བཞིའི་གནས་དང་གླིང་བཞིའི་གནས་གང་དུའང་སྡང་བའི་དགྲ་ལས་རྣམ་པར་རྒྱལ་ངེས་པའི་བགྲོད་བྱེད་དང་མཚོན་ཆ་གཅིག་ཆོག་ཅིག་ཡིན་པར་གསུངས། དེ་ཕྱིར་འཁོར་ལོ་དམ་པའི་ཆོས་ཀྱི་མཚོན་བྱེད་དེ་དོན་ཡང་དགྲའི་མཐར་ཐུག་བདག་འཛིན་འཇོམས་བྱེད་ཡིན་པས་སོ། །
ནོར་བུ་རིན་པོ་ཆེ་ནི། རྒྱུ་བཻཌཱུརྱ་ལས་གྲུབ་པའི་ཟུར་བརྒྱད་པ། འོད་ཟེར་ཁ་དོག་ལྔ་འཕྲོ་བས་དཔག་ཚད་བརྒྱའི་བར་དུ་སྣང་བས་གསལ་བ་དང་། ཚ་བའི་ཚེ་བསིལ་བ་དང་། གྲང་བའི་ཚེ་དྲོ་བར་བྱེད་པ། གང་དུ་ཡོད་པའི་སར་ནད་དང་དུས་མིན་འཆི་བ་སོགས་མི་འབྱུང་ཞིང་ཡིད་ལ་གང་བསམ་གྱི་འབྱོར་བ་འཕེལ་བར་བྱེད་པ་ཞིག་སྟེ་སྔོན་གྱི་ལོ་རྒྱུས་དག་ཏུ་གསལ་བ་ལྟར་རོ། །
བཙུན་མོ་རིན་པོ་ཆེ་ནི། རྒྱལ་རིགས་སུ་སྐྱེས་པའི་བུད་མེད་གཟུགས་དང་ལང་ཚོ་ལྟ་ན་སྡུག་ཅིང་། ལུས་ལ་དྲི་བཟང་གི་ངད་དང་ལྡན་ཞིང་། ཁ་ནས་ཨུད་པ་ལའི་དྲི་འབྱུང་བ། གང་དུ་གནས་པའི་སར་བཀྲེས་སྐོམ་མི་འབྱུང་ཞིང་སྐྱེ་བོ་ཀུན་གྱི་ནད་དང་། སེམས་ཀྱི་ཉོན་མོངས་མཐའ་དག་ཞི་བར་བྱེད་པ་ཞིག་གོ །
ཁྱིམ་བདག་རིན་པོ་ཆེ་ནི། རྒྱལ་བ་མུ་ཏིག་མདངས་ལྡན་གྱིས་སངས་རྒྱས་ལ་གསེར་སོགས་ཕུལ་བ་དང་འདྲ་བའི་ནོར་ལྡན་བསོད་ནམས་ཅན་གྱི་ཡོན་ཏན་དང་ལྡན་པ་ཞིག་སྟེ་མགོན་མེད་ཟས་སྦྱིན་ལྟ་བུ་ཡིན་ནོ། །
བློན་པོ་རིན་པོ་ཆེ་ནི། གཞན་ལ་མི་འཚེ་ཞིང་ཆོས་བཞིན་དུ་སྤྱོད་པ་དང་། འཇིག་རྟེན་གྱི་ལས་ལ་མཁས་ཤིང་སྐྱོ་ངལ་མེད་པ། རང་གང་གི་བློན་དུ་གྱུར་པའི་འཁོར་བསྒྱུར་གྱིས་བསྒོ་མི་དགོས་པར་ཤེས་ནས་སྒྲུབ་ཅིང་། དམག་དཔུང་ཁ་ལོ་སྒྱུར་བ་སོགས་རྒྱལ་པོའི་བྱ་བ་མཐའ་དག་ལ་མཁས་ཤིང་བྱེད་པ་ཞིག་གོ །
གླང་བོ་རིན་པོ་ཆེ་ནི། ཡན་ལག་བདུན་དང་ལྡན་ཞིང་མདོག་དཀར་ལ་བོངས་ཆེ་བ་དང་། གླང་བོ་ཕལ་བ་སྟོང་གི་སྟོབས་དང་ལྡན་པས་ཉིན་གཅིག་ལ་དཔག་ཚད་མང་བོར་བགྲོད་པ་དང་། ལུས་ལས་དྲི་ཞིམ་པོ་འབྱུང་བ་དང་དལ་གྱིས་བགྲོད་ཅིང་སྲོག་ཆགས་གཞན་ལ་མི་གནོད་པ། ཅི་ཡང་ཤེས་པས་ཕ་རོལ་གྱི་རྒོལ་བ་ལས་རྒྱལ་བར་བྱེད་པ་སྟེ་སྔར་རྒྱལ་བ་ཚངས་དབྱངས་པས་གཟིགས་པ་དེ་འདྲའོ། །
རྟ་མཆོག་རིན་པོ་ཆེ་ནི། ཁ་དོག་དཀར་ཞིང་མངོན་པར་ཤེས་པ་དང་ལྡན་པ། རྫུ་འཕྲུལ་གྱིས་འཕུར་ནུས་པ་དང་། ཞོན་པ་པོ་གནོད་པ་ཐམས་ཅད་ལས་སྐྱོབ་པ། མགྱོགས་པའི་རྩལ་དང་གཟུགས་མཛེས་པ་སོགས་ཀྱི་ཡོན་ཏན་མང་བོ་དང་ལྡན་ལ། སྤྱིར་རྟ་མཆོག་གི་མཚན་ཉིད་ཤིན་ཏུ་མང་བ་བསྟན་འགྱུར་གྱི་ཁྲོད་དུ་བཞུགས་པ་ལྟར་རོ། །
འཛམ་བུ་ཆུ་བོའི་གསེར་ལས་ལེགས་བྱས་ཤིང་། རྩིབས་སྟོང་ལྡན་པའི་དཔག་ཚད་ལྔ་བརྒྱ་བ། ཉི་མ་གཉིས་པ་ལྟ་བུར་མཁར་འཕགས་ཏེ། དཔག་ཚད་འབུམ་ལམ་ཉི་མ་གཅིག་གིས་གཅོད། དེའི་མཐུས་ནམ་མཁའི་ལམ་ལས་དཔུང་ཚོགས་བཞི། གླིང་བཞི་ལྷ་གནས་དང་བོར་བགྲོད་བྱེད་པའི། འཁོར་ལོ་རིན་ཆེན་ཕུལ་བས་འགྲོ་བ་ཀུན། ཆོས་ཀྱི་སྲིད་ལ་དབང་བསྒྱུར་ཐོབ་པར་ཤོག རིན་ཆེན་བཻཌཱུརྱ་ཡི་ཟུར་བརྒྱད་ལས། །སྤྲོས་པའི་འོད་ཀྱིས་དཔག་ཚད་བརྒྱ་ཡི་བར། །མཚན་མོའང་ཉིན་མོ་བཞིན་དུ་སྣང་བྱེད་ཅིང་། ཚ་བས་གདུངས་ཚེ་འོད་ཀྱིས་བསིལ་བ་སྟེར། །དེར་ནི་དུས་མིན་འཆི་དང་ནད་རྣམས་སེལ། །ཡིད་ལ་གང་བསམས་ཕལ་ཆེར་འབྱུང་འགྱུར་བའི། །ནོར་བུ་རིན་ཆེན་ཕུལ་བས་འགྲོ་ཀུན་གྱི། །ཆོས་ལྡན་རེ་བ་ཡིད་བཞིན་འགྲུབ་པར་ཤོག ། ཡིད་འོང་ལྟ་ན་སྡུག་པའི་བུད་མེད་ནི། །ལུས་དང་ཁ་ནས་དྲི་ཞིམ་རབ་ཏུ་འབྱུང་། །གང་གིས་རེག་ལ་བདེ་བ་མཆོག་སྟེར་ཞིང་། །གླིང་དེར་བཀྲེས་སྐོམ་མྱ་ངན་སེལ་བར་བྱེད། །བུད་མེད་སྐྱོན་ལྔ་སྤངས་ཤིང་ཡོན་ཏན་ནི། །རྣམ་པ་བརྒྱད་དང་རབ་ཏུ་ལྡན་གྱུར་པའི། །བཙུན་མོ་རིན་ཆེན་ཕུལ་བས་འགྲོ་བ་ཀུན། །ཟག་མེད་བདེ་བ་ལ་ཆེ་ལ་སྤྱོད་པར་ཤོག ། །གཞན་ལ་མི་འཚེཕ་ཆོས་མ་ཡིན་པ་སྤངས། །ཡང་དག་ཐ་སྙད་ལས་ལ་སྐྱོ་བ་མེད། །ས་ཡི་བདག་པོའི་ཡིད་ལ་བསམས་པ་རྣམས། །མ་སྨྲས་པར་ཡང་ཤེས་ནས་སྒྲུབ་པར་བྱེད། །དཔུང་རྣམས་འགྲོ་དང་གནས་དང་ལྡོག་པ་ཡི། །བྱ་བ་ཀུན་ལ་རབ་ཏུ་མཁས་གྱུར་པའི། །བློན་པོ་རིན་ཆེན་ཕུལ་བས་འགྲོ་བ་ཀུན། །རྒྱལ་བའི་དགོངས་པ་ཇི་བཞིན་སྐོང་བར་ཤོག ། ཡནལག་བདུན་ལྡན་གངས་ཀྱི་རི་བོ་འདྲ། །རང་བཞིན་གླང་བོ་སྟོང་གི་སྟོབས་དང་ལྡན། །ཉི་མ་གཅིག་གིས་འཛམ་གླིང་ལན་གསུམ་འཁོར། །ཅང་ཤེས་སྐུད་པ་ཡིས་ཀྱང་དཀྲི་བར་ནུས། །གཞན་ལ་མི་གནོད་མི་འཁྲུག་དལ་གྱིས་འགྲོ། །ཕ་རོལ་སྡེ་ལས་རྒྱལ་བར་བྱེད་པ་ཡི། །གླང་བོ་རིན་ཆེན་ཕུལ་བས་འགྲོ་བ་ཀུན། །ཐེག་པ་མཆོག་གི་བཞོན་པས་བགྲོད་པར་ཤོག ། མེ་ཏོག་ཀུ་མུ་ད་བཞིན་རབ་ཏུ་དཀར། །ལྷ་ཡི་གཙུག་རྒྱན་ནོར་བུ་སོགས་ཀྱིས་བརྒྱན། ། མདོག་དང་དབྱིབས་དང་བོངས་ཚོད་ཕུན་སུམ་ཚོགས། །བསྒོ་ན་ཉིན་གཅིག་འཛམ་གླིང་ལན་གསུམ་འཁོར། །ལུས་ལ་ནད་མེད་གཟི་བརྗིད་ཆེན་པོ་ཅན། །ཡོངས་སུ་ངལ་བ་མེད་པའི་བཞོན་པ་ནི། །རྟ་མཆོག་རིན་ཆེན་ཕུལ་བས་འགྲོ་བ་ཀུན། །རྫུ་འཕྲུལ་མཆོག་གི་ཤུགས་དང་ལྡན་པར་ཤོག ། རྡོ་རྗེ་རིན་ཆེན་མཐོན་ག་མརྒད་དང་། །གསེར་དང་དངུལ་དང་སྦུག་ལ་སོགས་པ་ནི། །ཟད་པ་མེད་པས་ས་ཕྱོགས་རབ་འགེངས་པ། །དེ་ཡི་འབྱོར་བ་ཤིན་ཏུ་བརྟན་པ་སྟེ། །གཡོ་དང་སྒྱུ་མེད་གཞན་ལ་གནོད་པ་མེད། །སྐྱེ་བོ་ཐམས་ཅད་རབ་ཏུ་དགའ་འགྱུར་བའི། །ཁྱིམ་བདག་རིན་ཆེན་ཕུལ་བས་འགྲོ་བ་ཀུན། །གསུང་རབ་རིན་ཆེན་མཛོད་ཀུན་འཛིན་པར་ཤོག ། རིན་ཆེན་སྣ་བདུན་འབུལ་བའི་ཚིགས་བཅད་རྣམས་ནི། མདོ་དྲན་པ་ཉེར་བཞག་ལས་གསུངས་པའི་དོན་བསྡུས་པར་གསུངས་པ་ལྟར་རོ། །
《ནང་བསྟན་ལྷ་ཚོགས་ཆེན་མོ》ལས་བཤུས།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།