རྣམ་འདྲེན་བཞི་བ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །
རྒྱ་གར་ཡུལ་སྤྱི་བཤད་པ།
རྒྱ་གར་ནི་ད་ལྟ་ཨེ་ཤེ་ཡ་ལྷོ་མའི་སྐམ་ས་ཆེན་པོ་ཞིག་དང་གླིང་ཕྲན་ཞིག་ཡིན། ས་དབྱིབས་ནི་བྱང་ངོས་ཡངས་ཤིང་རྒྱ་ཆེ་ལ། ལྷོའི་ཟུར་རིང་བས་ཟུར་གསུམ་སོག་པའི་དབྱིབས་སུ་ཆགས་ཡོད། ནུབ་ཕྱོགས་སུ་ཨ་རབ་ཀྱི་མཚོ་གླིང་དང་། ཤར་ཕྱོགས་སུ་བྷང་ག་ལའི་མཚོ་ཁུག ལྷོ་ཕྱོགས་སུ་ཧིན་དུ་རྒྱ་མཚོ་ཆེན་པོ་ཡོད། བྱང་ངོས་སུ་ཧི་མ་ལ་ཡའི་རི་བརྒྱུད་མཚམས་མ་ཆད་པར་ཡོད། ད་ལྟ་ཧིན་ཏུ་ཞེས་འབོད། སྔོན་ཆད་ཡུལ་གྲུ་དྲུག་གནས་པའི་ཕྱོགས་ལ་རྒྱ་གར་ཞེས་འབོད་ལ། དེའི་སྔོན་ལ་བྷར་ཏའི་ཡུལ་ཞེས་འབོད། སིངྒ་གླིང་བས་འཛམ་གླིང་ཞེས་འབོད། ད་ལྟ་མངའ་སྡེ་བཅུ་གཅིག་ཡོད། རྒྱ་གར་ཞེས་པའི་དོན་ནི་བི་ཧ་ར་ཞེས་འདུག་ཅིང་། ཨོཏན་ཏ་བྷ་པུ་རའི་ཤུལ་ཀྱི་གྲོང་དེ་ལ་ད་དུང་ཡང་བི་ཧ་ར་ཤ་བ་རི་ཞེས་འབོད་ཡུལ་དབུས་ཡིན། འཕགས་ཡུལ་ཞེས་པ་དང་རྒྱ་གར་ཞེས་པ་ཨརྱབརྟའི་ཡུལ་ཞེས་པ་དང་གཅིག་ཏུ་སོང་ཡོད།
མི་རིགས་ནི།
དང་བོ། བནྡ་དང་། ད་བི་ཌ། ཨརྱ་ཎ། དབྱ་སི་ལན། མོངྒོལ་སོགས་གཙོ་བོར་ཡོད་ལ་གཞན་མི་རིགས་བརྒྱ་ཕྲག་འགའ་ཡོད་པར་བཤད།
རིག་གནས་ནི།
ཕྱི་ལོ་གོང་རོལ་གྱི་ལོ་སྟོང་གསུམ་ཡས་མས་སུ་བྱུང་ཡོད་ལ། སངས་རྒྱས་བྱོན་པའི་བར་ལོ་གཉིས་སྟོང་ལྔ་བརྒྱས་ཆོད་ཡོད། དེ་ལ་དང་པོ། ཧ་ར་པ་པཱའི་རིག་གནས་ཟེར་ཀྱིན་ཡོད་དེ་ནི་ཕྱི་ལོ་གོང་རོལ་གྱི་ལོ་ ༢༣༠༠ ནས་ ༡༧༥༠ བར་བྱུང་བ་ཡིན་ཀྱི། ཧིན་དུ་ཆུ་བོའི་འབབ་རྒྱུན་དུ་བྱུང་བས་ཧིན་དུའི་རིག་གནས་ཡང་ཟེར་།
བནྡ་པའི་རིག་གནས་གནའ་བོའི་རིག་གནས་སུ་རྩི་བ་དང་། མཁས་པ་ལ་ལས་གདོད་མའི་མི་རིགས་ཡང་ཟེར་།
ད་བི་ཌའི་རིག་གནས་ནི་ལོ་ལྔ་སྟོང་གོང་རོལ་ལ་དར་ཡོད་པ་དང་། རྗེས་སུ་མི་རིགས་དེ་གཉིས་རྒྱ་གར་ལྷོ་ཕྱོགས་ལ་སྐྲད་འདུག
ཨརྱ་ཎ་ནི། ཕྱི་ལོ་གོང་རོལ་གྱི་ལོ་ ༢༠༠༠ སྔོན་ལ་བྱང་ཕྱོགས་ནས་དར་བར་བཤད་མཁན་གུ་ཡུ་ཐུ་ཏུ་ཨར་ཀྱིས་བཤད་ལ། ཧྥེར་ཀུའུ་སང་གིས་ལོ་ ༣༠༠༠ གོང་རོལ་ཡིན་པར་སྨྲ་ལ། བོ་ལ་བེ་ཟེར་བ་ཡིས་ལོ་ ༡༥༠༠ སྔོན་ལ་ཐོན་པ་ཡིན་པར་བཤད་ཡོད།
དབྱི་སི་ལན་ཆོས་ལུགས་པ་ནི། ད་ནས་ལོ་༧༠༠ གོང་རོལ་ཏུ་རྒྱ་གར་ལ་བདག་ཏུ་བཟུང་བ་དང་ཆོས་ཀོ་རན་དང་རིག་གནས་སྤེལ་བཏང་ཡོད་པ་རེད།
མོངྒོལ་པ་ནི། ད་ནས་ལོ་༤༦༠ གོང་ལ་རྒྱ་གར་ལ་དབང་སྒྱུར་ཁོ་བོ་ཚོའི་ཆོས་དང་རིག་གནས་མུ་སལ་མན་པ་ཡིན།
སྐད་རིགས་ནི།
སཾ་སྐྲྀ་ཏའི་སྐད་དང་། པར་སིག་སྐད་དང་། ལ་ཏིང་སྐད་གསུམ་ནི་འབྱུང་ཁོངས་གཅིག་ཡིན། རིམ་གྱིས་འཕེལ་འགྱུར་བྱུང་བས་ཡུལ་མི་རང་བཞིན་པའི་སྐད་ནི་པཱ་ལིའི་སྐད་དུ་འདོད། ཡུལ་སྐད་མི་འདྲ་བ་བསྡོམས་པས་ ༢༣༠ ལྷ་ཡོད་མོད་དེ་ལ་གཙོ་བོ་བཅུ་གསུམ་ཡོད། ད་ལྟ་རྩ་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་ཐུན་མོང་དུ་སྤྱོད་པའི་སྐད་རིགས་ནི། ཧིན་དུའི་སྐད་ཡིག་དང་། པཱ་ལའི་སྐད་རིགས་སོགས་བཅུ་ཡོད་དོ། །
ཡི་གེ་བྱུང་བ་ནི།
སྔོན་ཡི་གེ་མེད་པ་ནས་ཡོད་པ་དང་ཡོད་པ་ནས་རིམ་བཞིན་འགྱུར་བའི་རང་བཞིན་ཅན་ཏུ་གྱུར་། དེ་ལ་དང་བོ། །ཡི་གེ་བྱུང་བ་ནི་གཟུགས་དབྱིབས་ཅན་གྱི་སྒྲ་ལས་བྱུང་ལ། གཉིས་པ། མཁས་པ་རྣམས་ཀྱིས་བཟོས་པའི་དབྱངས་གསལ་ཅན་གྱི་ཡི་གེ་བྱུང་། དེ་གཉིས་ལས་གཉིས་པ་ཨེ་རྗེབ་པ་རྣམས་ཀྱིས་རྒྱུན་བཟུང་བ་ལས། རྒྱ་གར་ནུབ་ཕྱོགས་སུ་ཁརོཥྚའི་ཡི་གེ་བྱུང་། དེ་ལས་ཨུ་རི་སུའི་ཡི་གེ་བྱུང་། སྤྱིར་རྒྱ་གར་ལ་ཡིག་རིགས་དྲུག་བཅུ་རྩ་བཞི་བྱུང་ལ་དེ་དག་གི་རྩ་བ་ནི་སྟོན་པ་བཞུགས་དུས་ཀྱི་མ་ག་ངྷའི་ཡི་གེ་ཡིན་པར་མངོན་ལ་དེ་ལ་བྲམ་ཟེ་ཡི་གེའམ་ཚངས་པའི་ཡི་གེར་འབོད་དོ། །དེ་ལས་ཡ་ཝ་ནའི་ཡི་གེ་བྱུང་ལ། དེ་ལས་རོ་མན་སོགས་ཀྱི་ཡི་གེ་ཕྱི་མོ་བྱུང་ངོ་།། ཁ་རོཥྚའི་ཡི་གེ་དང་རྒྱ་ནག་ཡི་གེ་གཉིས་ལས་གཞན་པའི་ཡི་གེ་ཕྱི་མོ་ནི་བྲམ་ཟེའི་ཡི་གེའམ་ཚངས་པའི་ཡི་གེ་ལས་བྱུང་བར་མངོན་ལ། བོད་ཀྱི་ཡི་གེའང་གུབྟའི་ཡི་གེ་ལ་དཔེ་བྱས་ནས་དར་བར་མངོན། ད་ལྟ་རྒྱ་གར་གཞུང་ཡིག་ནི་ཧིན་དུའི་ཡེ་གེ་ཟེར་བ་ཡིན་ལ་དེ་ལ་དེ་བ་ན་ག་རའི་ཡི་གེའང་ཟེར་སྔོན་གྱི་ལཛྙ་དང་ཝཏུའི་ཡིག་གཟུགས་ལ་རིགས་སོ།། ལཛྙ་དང་ཝཏུ་ནི་རྒྱ་གར་ཀྱི་དུས་རབས་བར་མ་ཞིག་ལ་དར་བར་མངོན། མ་གངྷའི་ཡི་གེ་དང་གུབྟའི་ཡི་གེ་གཉིས་ཅུང་མི་འདྲ་ས་ཡོད་ལ་གུབྟའི་ཡི་གེ་དེའི་རྗེས་སུ་བྱུང་བ་ཞིག་རེད། སེངྒ་ལའི་གནས་བརྟན་སྡེ་པ་ལ་མ་གངྷའི་སྐད་དང་ཡི་གེ་གཉིས་ཀ་དར་ཡོད་པར་མངོན།
ཆོས་ལུགས་ནི།
རྒྱ་གར་ན་མི་རིགས་མང་ལ་ཆོས་ལུགས་ཀྱང་སྣ་ཚོགས་ཞིག་ཡོད། དེ་ལས་ཨརྱཎའི་ཆོས་ལུགས་ནི་ཁུངས་དག་ལ་རྩི་ལ་དེ་ནི་རིག་བྱེད་ལ་རྟེན་ནས་བྱུང་བའི་བསམ་བློ་དང་དད་མོས་ཤིག་ཡིན། ཧིན་དུའི་ཆོས་ལུགས་ཕྱི་ལོ་དུས་རབས་གཉིས་པ་ནས་གསུམ་པའི་བར་བྱུང་བའི་གདོད་མའི་བྲམ་ཟེའི་ཆོས་ལུགས་ལས་རྣམ་པ་ཅུང་ཟད་རྗེས་པའི་ཆོས་ཤིག་རེད། དེ་ལ་ནུབ་གླིང་བ་རྣམས་ཀྱིས་ཧིན་དུའི་ཆོས་ལུགས་ཞེས་མིང་བཏགས་པ་ཡིན་འདུག སྤྱིར་ཆད་སྨྲ་གཅིག་དང་རྟག་སྨྲ་བཅུ་གཅིག་གྲགས་ཞེས་ཀུན་མཁྱེན་རིན་པོ་ཆེས་གསུངས་ཡོད་པ་བཞིན་ཡོད་ལ། དེ་ལས་ཀྱང་འཛམ་གླིང་ན་སྙན་པ་ཆེ་བའི་ནང་བ་སངས་པའི་ཆོས་ལུགས་ཀྱང་ཡུལ་འདི་ནས་བྱུང་བ་ཡིན་འདུག །མདོར་བསྡུས་ན་ཕྱི་རོལ་བ་དང་ནང་བ་བའི་ཆོས་ལུགས་གཉིས་སུ་འདུ་བ་རེད། དེ་ལ་དང་བོ་ནི། བྲམ་ཟེ་ཆོས་ལུགས་བྱུང་བར་འདོད་ལ་དེ་ལ་རིག་བྱེད་བཞི་ཟེར་བའི་ཆོས་ཀྱི་སྡོམ་ཞིག་ཀྱང་ཡོད། དང་པོ། ངེས་བརྗོད་རིག་བྱེད་ནི་གཙོ་བོ་ལྷ་ལ་བསྟོད་པ་ལྟ་བུའི་ཚིགས་བཅད་མང་བོ་ཡོད་པ་བསྡོམས་པས་ཚིགས་བཅད་ ༡༠༥༨༠ ཡོད་པར་འདོད།
གཉིས་པ། སྙན་ངག་རིག་བྱེད་ནི་སྙན་ཚིག་བསྡུས་པ་དབྱངས་སུ་གྱེར་ནས་འདོན་པའི་རིགས་ཡིན་ལ། འདི་ལ་བསྟོད་ཚིགས་ ༡༨༡༠ ཡོད་མོད་བསྐྱར་བཟླས་བླངས་ན་ ༡༥༤༩ ཡོད་པར་འདོད།
གསུམ་པ། མཆོད་སྦྱིན་རིག་བྱེད་ནི་མཐོ་རིས་ཀྱི་ཆེད་དུ་མཆོད་སྦྱིན་བྱེད་པའི་ཆོ་ག་དང་། རིགས་སྔགས་སྨོན་ཚིག་རྣམས་གཙོ་བོར་བསྟན་ཡོད།
བཞི་བ། སྲིད་སྲུང་རིག་བྱེད་ནི་དམག་ཟློག་པའི་ཆེད་དུ་རིམ་གྲོ་དང་ནད་ཡམས་ཞི་བ་དང་སྦྱིན་སྲེག་དང་། བགེགས་སྐྲོད་པ་སོགས་ཀྱི་སྔགས་དང་མན་ངག་གི་སྐོར་སྣ་ཚོགས་ཡོད་པར་བཤད། ངེས་བརྗོད་རིག་བྱེད་ལས་བཤུས་པའི་ཚིགས་བཅད་༡༢༠༠ ཡོད་པར་བཤད། ཡང་ཆོས་ལུགས་དེའི་རིགས་རུས་གཙོ་བོར་འཛིན་པས་མི་ལ་རིགས་བཞིར་དབྱེ་བ་ཡོད། དང་བོ་བྲམ་ཟེ། གཉིས་པ་རྒྱལ་རིགས། གསུམ་པ་རྗེའུ་རིགས། བཞི་བ་དམངས་རིགས་སུ་ཕྱེ་ཡོད།
གཉིས་པ་ནང་སངས་རྒྱས་པ་ནི། ཕྱི་ལོའི་གོང་རོལ་ལོ་ངོ་ལྔ་བརྒྱ་ཡས་མས་ཞིག་ལ་སངས་རྒྱས་ཤཱཀྱ་ཐུབ་པ་འཁྲུངས་༦༢༥-༥༤༢ ནས་གསར་གཏོད་བྱས་པ་ཞིག་རེད། དེ་ལ་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པའི་གང་ཟག་ཡིན་ན་ནང་བ་སངས་རྒྱས་པ་ཡིན་པས་ཁྱབ་གསུངས་ཡོད་པ་དང་། སྤྱིར་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་གསུང་ཡོད་པ་ཚུར་བསྡུས་ན་སྡེ་སྣོད་གསུམ་དུ་འདུ་ལ་དེ་ཡང་ཚུར་བསྡུས་ན་ལམ་བསླབ་བ་གསུམ་གྱི་ནང་དུ་འདུ་ལུགས་ཀྱང་གསུངས་ཡོད།
རྒྱལ་རབས་ནི།
མང་བོས་བཀུར་བའི་རྒྱལ་རབས་ནས་རྩིས་ན། མང་བོས་བཀུར་པ་ནས་བརྩམས་དགྲ་ཅན་འཛིན་ཡན་ལ། །རྒྱལ་རབས་འབུམ་ཕྲག་བཅུ་དྲུག་ཁྲི་དྲུག་སྟོང་། །ལྔ་བརྒྱ་བཅུ་གསུམ་སོང་ཞེས་མཁས་པ་དག་གིས་གསུངས་སོ།། །སངས་རྒྱས་བཞུགས་པའི་དུས་ཀྱི་རྒྱལ་བོ་སྔ་ཕྱི་རྣམས་ནས་རྩིས་ན་ལེགས་པར་སེམས་ལ། སྐབས་དེར་ཡུལ་དབུས་མ་ག་ངྷ་རུ་རྒྱལ་བོ་པདྨ་ཆེན་པོའི་བུ་གཟུགས་ཅན་སྙིང་བོ་དང་། ཀོ་ས་ལར་གཉན་ཡོད་དུ་རྒྱལ་བོ་ཚངས་བྱིན་གྱི་བུ་གསལ་རྒྱལ། བད་ས་ལར་ཀེའུ་ཤམ་བྷིར་དམག་བརྒྱ་བའི་བུ་ཤ་ར་བྷ། འཕགས་རྒྱལ་དུ་མུ་ཁྱུད་ཐ་ཡས་ཀྱི་བུ་སྟུམ་པོ་རབ་སྣང་དང་། སེར་སྐྱ་ན་རྒྱལ་བོ་ཟས་གཙང་ལ་བུ་དོན་གྲུབ་འཁྲུངས་པ་སོགས་གསལ། གཞན་ཡང་དེའི་མཐའ་ན་གྲོང་ཁྱེར་ཆེན་པོ་བཅུ་དྲུག་ཡོད་པར་མདོ་ལས་གསུང་ཡོད།
མ་གངྷའི་རྒྱལ་རབས།
སྟོན་པ་བཞུགས་དུས་ཡུལ་དབུས་ན་རྒྱལ་བོ་གཟུགས་ཅན་སྙིང་བོ་གཙོ་ལ། དེས་ནས་རྒྱལ་བོ་ཟབ་རྒྱལ་ཡང་མངའ་ཐང་ཆེ། གཞན་རྣམས་རྒྱལ་ཕྲན་ལྟ་བུར་གྱུར་། གཟུགས་ཅན་སྙིང་བོས་མགངྷ་རུ་ལོ་༥༢ ལ་རྒྱལ་ས་བཟུང་། ཆབ་འོག་ན་མགངྷ་དང་། ཨངྒངྷའི་ཕྱེད། གཡ། ཝརཎསི། ཆུ་མོ་གངྒ་བར་། ཕྱིས་སུ་ཀོ་ས་ལའི་ཕྱེད་འདུས། དེའི་བུ་མ་སྐྱེས་དགྲས་ལོ་ ༣༢ བཟུང་། དེའི་རིང་ལ་བཀའ་བསྡུ་དང་བོ་མཛད། དེའི་བུ་འཆར་ཀས་ལོ་ ༡༦ བཟུང་། དེ་བུ་མ་འགག་པས་ལོ་༤ བཟུང་། དེའི་བུ་བུ་ཎ་ནས་ལོ་༤ ལ་བཟུང་། ཀླུ་སྦྱིན་གྱིས་ལོ་༢༤ ལ་བཟུང་། དེའི་བློན་པོས་ལོ་༡༨ ལ་བཟུང་། དེ་ནི་སུ་སཾན་གའི་རྒྱལ་བརྒྱུད་དུ་གྲགས་པ་དེ་བཙུགས། དེའི་བུ་ཀ་ལ་ཨ་ཤྭ་ཀས་ལོ་༢༨ ལ་བཟུང་། དེའི་རིང་ལ་དགེ་སློང་འབུམ་ཕྲག་གཉིས་ལས་བདུན་བརྒྱ་བསལ་ཏེ་བྱེ་མ་ཅན་གྱི་ཀུན་དགའ་ར་བར་སྡེ་གནོད་གསུམ་ཟླ་བ་བརྒྱད་རིང་བསྡུས་པ་ལ་བཀའ་བསྡུ་གཉིས་པ་ཟེར། དེའི་བུ་ཀོ་ར་བུ་བྱ་བ་སོགས་བཅུ་གསུམ་ཡོད་པས་ལོ་ཁ་ཤས་ལ་བཟུང་། དེ་དུས་སུ་རིགས་ངན་ལས་མཆེད་པའི་ནནྟའི་རྒྱལ་རབས་དགུ་བྱུང་བ་སྟོབས་ཆེ། དང་བོ་མ་ཧཱ་པདྨ་ནནྟ་དང་། མཐའ་མ་ངྷནྱནནྟ་བྱུང་། བར་སྐབས་དེར་ཨེ་ལེག་ཟན་ཏྲར་ཞེས་པའི་མདག་དཔོན་དེའི་རྒྱ་གར་ནུབ་བྱང་ལ་དབང་བསྒྱུར་མི་ཁྲི་བརྒྱད་བསད་རང་ལོ་སུམ་ཅུ་ནང་འདས།
མཽརྱའི་རྒྱལ་རབས།
དེ་ནས་དེ་དང་དུས་མཉམ་དུ་མཽརྱའི་རྒྱལ་རབས་ཕྱི་ལོ་སྔོན་གྱི་ལོ་༣༢༣ ལ་བཙུགས། དང་བོ་ཙནྡྲ་གུབྟར་གྲགས་པ་དེ་ནི་ནནྡའི་རྒྱལ་རིགས་ལས་སྐྱེས་ཀྱང་ཡུལ་ནས་བསྐྲད་པས་དྲི་ཟའི་ཡུལ་དུ་བསྡད། བྲམ་ཟེའི་ཙན་ཀའམ་ཀཻཏུལྱ་བྱ་བ་ལ་གྲོགས་བསྒྲིགས། མགངྷར་དབང་སྒྱུར་ལོ་ ༢༥ ལ་བཟུང་། རྒྱལ་བོ་དེའི་དམག་སྡེ་ནི། རྐང་ཐང་འབུམ་དྲུག གླང་ཆེན་དགུ་སྟོང་། རྟ་སུམ་ཁྲི། ཤིང་རྟ་བ་མ་ངེས། བསྡོམས་པས་ཁྲི་དམག་བདུན་ཅུ་ཡོད་པར་བཤད། ཡ་བ་ནའི་སོ་བོན་མེགྷ་སྠན་བྱ་བ་སྐབས་དེར་མགངྷར་ཡུན་རིང་བོར་བསྡད་པའི་མཐོང་ཐོས་རྣམས་ཡི་གེར་བྲིས་པ་དེ་ད་ལྟ་མེ་ལོང་ལྟ་བུར་གྱུར་། ཙནྡྲའི་བུ་སིན་དྷུ་ས་རས་ལོ་༢༥ལ་བཟུང་། དེའི་བུ་ལྷ་རྣམས་ཀྱི་དགའ་བོ་མཐོང་ན་དགའ་བ་ཆོས་རྒྱལ་མྱ་ངན་མེད་འཁྲུངས་སོ། །རྒྱལ་བོ་སིན་དྷུ་ས་ར་ལ་བཙུན་མོ་དྲུག་ཅུ་ཙམ་ལ་བུ་བརྒྱ་དང་གཅིག་ཡོད་པར་བཤད། ཨཤྭ་ཀས་འཕགས་རྒྱལ་ན་རྒྱལ་ཕྲན་བྱས་ནས་བསྡད་། སྐབས་དེར་བེག་ར་རཱཤོ་ཀས་མྱ་ངན་མེད་མ་གཏོགས་པའི་སྤུན་གོ་དགུ་བོ་བསད་དེ་རང་ཉིད་ཀྱིས་ཁྲི་བཟུང་ལོ་ ༤ ལ་བཟུང་། དེ་ནས་ཆོས་རྒྱལ་མྱ་ངན་མེད་ལ་ཁྲི་ཐོབ་སྟེ་ཁོས་དགྲ་བཅོམ་པ་མཽ་གལའི་བུ་བླ་མར་བསྟེན་ནས་ནང་བསྟན་ཆོས་ལུགས་ལ་བྱས་རྗེས་ཆེན་པོ་བཞག ཕྱི་ལོའི་གོང་རོལ་ལོ་༢༧༡ ལ་ཁྲི་བཟུང་ཞེས་གསལ། ཀལིངྒ་ལ་དམག་རྒྱབ་པས་མི་ཁྲི་དུ་མ་བསད་པས་འགྱོད་པ་ཆེན་པོ་སྐྱེས། དེའི་འགྱོད་བཤགས་ལ་བཀའ་བསྡུ་གསུམ་པ་མཛད། དགེ་སློང་ས་ཡ་བརྒྱད་དང་། འཕགས་ལམ་ཐོབ་པ་འབུམ་ཕྲག་གཅིག དགེ་སློང་མ་འབུམ་དགུ་ཅུ། ཡེ་ཤེས་ཐོབ་པ་སྟོང་ཕྲག་གཅིག་བཅས་ལ་མཆོད་པས་བསྙེན་བཀུར་བྱས། རང་གི་བུ་མཧེནྜ་དང་བུ་མོ་སངྒ་མི་ཏྲ་གཉིས་རབ་ཏུ་བྱུང་བཅུགས། མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་བཞེངས། མཆོད་རྟེན་གཅིག་ད་ལྟ་ཡེ་མ་ཉམས་པ་ཞིག་སན་ཅིའི་ཡུལ་དུ་ཡོད། བལ་ཡུལ་གྱི་བྱ་རུང་ཁ་ཤོར་ནི་ཙརཀཥྚ་ཟུར་ཆག་པར་བཤད། ལོ་༣༧ ལ་རྒྱལ་ས་སྐྱ་ནར་བུར་བསྐྱངས། དེའི་བུ་ཛལཽཀ་ཁ་ཆེ་ཡུལ་དུ་རྒྱལ་བོ་རང་སྐྱ་བར་བསྡད། དེའི་རྗེས་སུ་ཨཤྭཀའི་ཚ་བོ་ཀུ་ན་ལའི་བུ་ཤིང་རྟ་བཅུ་བ་དང་དང་ས་མ་པྲ་ཏི་གཉིས་སྐྱ་ནར་བུར་སྲིད་བཟུང་མཐའ་ནས་སིལ་བུར་འཐོར་། རྒྱལ་བརྒྱུད་པ་མཇུག་མ་བྲིཧ་བྱ་བར་གྲགས་པ་དམག་དཔོན་སུངྒཔུཤྱམིཏྲ་བྱ་བས་བསད་དེ་རང་ཉིད་ཀྱིས་ཅོད་པཎ་བཅིངས། མེ་ཏོག་གྲོང་ཁྱེར་དུ་རྒྱལ་ས་བཟུང་། ཕྱི་ལོའི་གོང་རོལ་༡༨༧-༧༣བར་བཟུང་། ཨཤྭཀའི་ལྡོག་ཕྱོགས་ནས་ལངས་ཏེ་ཤངྒ་རྒྱལ་རབས་བཙུགས། ནང་བསྟན་དགོན་པ་༨༠༠ ལྷག་བཤུག བྲམ་ཟེ་བླ་མར་བཀུར་། མཽརྱའི་རྒྱལ་རབས་སྡོམས་པས་རྒྱལ་བོ་བཅུ་ལོ་༡༤༠ ཙམ་སྲིད་བསྐྱངས་པར་གྲགས་སོ། །
སིངྒ་ལའི་རྒྱལ་རབས།
བར་སྐབས་དེར་རྒྱ་གར་ལྷོ་ནས་དང་བོ་སིངྒཔུཥྱམི་ཏྲ་སིངྒ་ལའི་རྒྱལ་བརྒྱུད་དུ་གྲགས་པ་བཙུགས། ཆུ་བོ་ཡ་ན་ད་ནས་བྱང་གི་རི་མཚམས་བར་བཟུང་། དེ་བུ་ཨ་གིནམི་ཏྲ་མ་ལ་ཝའི་ཡུལ་འཕྲོག་ཏེ་རྒྱལ་བོར་བསྐོས། ཀལིངྒ་དབང་དུ་བསྡུ་མ་ནུས། དེའི་ལོ་རྒྱུས་ནག་མོ་ཁོལ་གྱིས་ཟློས་གར་དུ་མཛད་པ་ཞིག་ཀྱང་ཡོད། དེའི་རྗེས་རྒྱལ་བོ་སྟོབས་ཞན་པ་འགའ་བྱུང་། བསུ་དེ་ཝ་བྱ་བའི་བློན་པོ་ཞིག་གི་རྒྱལ་བོ་བསད་ནས་རང་ཉིད་ཁྲིར་འཛེགས། དེའི་རྒྱུད་ལ་ཀནཱའི་རྒྱལ་རབས་ཞེས་གྲགས་ལོ་༤༥ལ་བཟུང་།
ཀུ་ཤ་ནའི་རྒྱལ་རབས།
དེའི་རྗེས་སུ་གྷི་རིག་དམག་དཔོན་ཨནིཏཅོ་བྱ་བ་ནུབ་བྱང་ནས་ཐོན་། དེ་བའི་མག་པ་མེ་ཧྲ་བྱ་བས་སིན་དུ་ཆུ་ལྔའི་ཡུལ་བཟུང་། དེའི་རྒྱུད་པ་རྒྱལ་བོ་མི་ལིནྡ་བྱ་བ་བྱུང་། དགེ་སློང་ཀླུའི་སྡེ་ལ་བཀའ་འདྲི་ཞུས་པ་མི་ལིན་དས་མདོ་ཞེས་པ་བྱུང་། རྒྱལ་ས་ཀ་ལའི་གྲོང་དུ་བྱོས་ཡུན་མ་རིང་།
དེ་ནས་རྒྱ་གར་བྱང་ནས་མཐའ་མི་འབྲོག་པ་ཤཀྐ་བྱ་བའིདམག་སྡེ་ཐོན། ཡུལ་བཅོམ་བརླག་དང་རྡོ་འཇོག་འཕགས་རྒྱལ་སོགས་བཟུང་། མི་རབས་དུ་མ་འདས་རྒྱལ་བོ་གྲགས་ཆེ་བ་རུཏ་བྱ་བ་བྱོན། རྒྱལ་བོ་ཟླ་སྦས་པ་ཤཱཀྱ་གསོད་ཀྱིས་དེའི་རྒྱལ་བརྒྱུད་རྩ་བརླག་བྱོས་སོ། །སྐབས་དེར་ཤཱཀྱ་ན་པྲ་ཐི་ན་སླེབས་ཏེ། ཨོ་རྒྱན་དང་སིན་དུ་སོགས་བཟུང་། དེ་དག་གི་རྒྱལ་བོ་གྲགས་ཆེ་བ་གོནོདབརེ་བྱ་བས་སྲིད་བཟུང་སྐབས། ཨ་རབས་ན་ཀྲྀསྟན་གྱི་སྟོན་པ་ཡེ་ཤེ་ཡང་ཡོད་ཟེར་རྗེས་སུ་དེ་ཡུ་ངེ་བ་རྣམས་བཀྲོངས་ཟེར་།
སྐབས་དེར་སླར་ཡང་བྱང་ནས་ཡུའི་རྩི་བའི་ཡུལ་ནས་འབྲོག་སྡེ་གཞན་ཞིག་སླེབས་དེ་ཤཱཀྱའི་བཟུང་བའི་ཡུལ་འཕྲོག་ལི་ཡུལ་གྱི་བྱང་དང་། ཨོ་རྒྱན་དང་དྲ་ཟའི་ཡུལ་སོགས་བཟུང་། དེ་དག་ལ་ནང་གསེས་ཀྱི་རིགས་ལྔ་མཆིས་པ་ལས་ཀུ་ཤ་ན་དག་མཆོག་ཏུ་གྱུར་། རྒྱལ་བོ་དང་བོ། ཀ་ད་པི་ཤ་བྱ་བ་བྱུང་། ཁ་ཆེ་ཡུལ་ཕྱེད་བར་བཟུང་། དེ་བུ་བི་མ་བ། ཝ་ར་ཎ་སི་ལ་ཐུག་བར་བཟུང་། དེའི་འཕྲོར་རྒྱལ་བོ་གྲགས་ཆེ་བ་ཀནི་ཥྐ་བྱ་བ་བྱུང་། ཕྱི་ལོ་༧༨-༡༢༣ ཕལ་ཆེ་ཡིན་པར་བཤད། ཤར་ཏུ་མགྷ་ངྷ་དང་ནུབ་དུ་སིན་དུ་དང་རྡོ་འཇོག་ཁ་ཆེ་སོགས་དང་བྱང་དུ་ལི་ཡུལ་ཕལ་ཆེར་ཆབ་འོག་ཏུ་བསྡུས། རྒྱལ་ས་པུརུཥཔུར་བྱ་བར་བྱས། མཆོད་རྟེན་ཆེ་བ་ཁྲུ་བཞི་བརྒྱ་ལྷག་པ་ལ་རིན་པོ་སྣ་ཚོགས་ཀྱིས་སྤྲས་པའི་གདུགས་ཉེར་ལྔ་བརྩེགས་པ་བྱས་མཐའ་བསྐོར་དུ་ལེ་བར་གཅིག་དང་ཕྱེད་ཙམ་ཡོད་པ་བཞེངས། དེ་རིང་ལ་བཀའ་བསྡུ་བཞི་བ་བྱོས། ཀཥྞི་ཀའི་གཙུག་ལག་ཁང་བྱ་བ་བཞེངས། སློབ་དཔོན་ཐོགས་མེད་སྐུ་མཆེད་ཡུལ་དེ་ནས་འཁྲུངས། སློབ་དཔོན་ཀླུ་སྒྲུབ་ཡང་སྐབས་དེ་ཙམ་ལ་བྱོན། སློབ་དཔོན་རྟ་དབྱངས་ཡང་སྐབས་དེར་བྱོན། དབུས་ཨེ་ཤི་ཡ་དང་། ཨ་ཕགནིསྠན་དང་། རྒྱ་གར་ནུབ་བྱང་། བྱང་གི་ཨན་ཞི་དང་དབྱི་རག་བར་བཟུང་།
གུབྟའི་རྒྱལ་རབས།
དང་བོ་ཙནྡྲ་གུབྟས། ཡངས་པ་ཅན་དང་མགངྷ་དབང་དུ་ཆུག རྒྱལ་ས་མེ་ཏོག་གྲོང་ཁྱེར་དུ་ཕྱི་ལོ་༣༢༠ ལོར་བཟུང་། དེ་བུ་སམུདྲ་གུབྟས། བྱང་དང་ནུབ་ཆུ་བོ་ཡ་མུ་ན་བར་དང་། ལྷོར་ཆུ་བོ་ན་མ་ད་ལ་ཐུག་གི་བར་དང། ཤར་ཀ་མ་རུ་བ་དང་བལ་ཡུལ་སོགས་ཀྱིས་ཀྱང་བཏུད། དེ་ནས་བཀྲམ་དེརྱས་སྲིད་བཟུང་། མངའ་ཐང་རྒྱ་བསྐྱེད། དེའི་སྐབས་མཁས་པ་གྲགས་ཆེ་བ་རིན་ཆེན་དགུ་བྱ་བ་བྱུང་། ༡ ངྷནྭནྟརི། ༢ཀྵཔན། ༣ཨམརསིཧཾ། ༤ ཤངྐུ། ༥ བེཏཱལབྷཏྟ། ༦ གྷཊཀརྦར། ༧ཀ་ལིདཱས་ནི་ནག་མོ་ཁོལ་ཡིན། ༨ཝརཧིམིཧིརི། ༩ ཝརརུཙི་སྟེ་དགུ། སློབ་དཔོན་ཕྱོགས་གླང་འདི་དང་དུས་མཉམ་པར་བྱུང་། དེའི་རྗེས་སུ་ཙནྡྲ་གུབྟ་གཉིས་པས་བཟུང་། སྐབས་དེར་རྒྱ་ནག་བཙུན་པ་ཕ་ཧྭེན་ཡུལ་དེར་ཐོན་ལམ་ཡིག་ཏུ། ཁྲིམས་ཤིན་ཏུ་འཇམ། སྨན་ཁང་མང་བོ་བཙུགས་ཡོད་པ་དང་། སྦྱིན་པའི་ཁང་བ་ཡང་མང་བོར་ཡོད་པ་མཐོང་། ཡུལ་མི་ལ་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡོད་པར་མཐོང་། དེ་ནས་ཙནྡྲ་གུབྟའི་བུ་ཀུ་མ་ར་གུབྟ་དབང་ཆེན་ཉི་མའི་སྲིད་ལོ་ ༤༠ ལ་བཟུང་། སྐནྡ་གུབྟས་ལོ་༡༣ ལ་བཟུང་། དེའི་རྗེས་སུ་པུར་གུབྟ་དང་། ནརསིངྷགུབྟ་དང་ཀུ་མ་ར་གཉིས་པ་དོན་གཅིག་ཡིན་སྙམ་ཟེར་དེ་རྣམས་ཀྱིས་ཡུན་ཐུང་རེར་བཟུང་། བུདངྷ་གུབྟ་རྒྱལ་བོ་རྗེས་མར་སོང་ཞིང་། སྐབས་དེར་མཐའ་ནས་སིལ་བུར་འཐོར་། སྐབས་དེར་རྒྱ་གར་བ་རྣམས་ཆོས་སྲིད་གཉིས་ཆ་ནས་ཧ་ཅང་དར་བའི་སྒང་ཡིན་ལ། སློབ་དཔོན་རྟ་དབྱངས་དང་ཕྱོགས་གླང་། མཁས་པ་བིར་སེན་དང་ཧིར་སེན། ནག་མོ་ཁོལ། ཐུ་མི་སཾབྷཊ་སོགས་སྐབས་དེར་བྱོན། སྒྲུང་གཏམ་ཆེན་མོ་མ་ཧ་བྷ་ར་ཏ་དང་ར་མ་ཎ་སོགས་དེ་དུས་བྱུང་། ཨཇནྟའི་བྲག་ཕུག་ཡང་དེ་དུས་བྱུང་། གཞན་ཡང་གུབྟཕྱི་མའི་བརྒྱུད་ལ་རྒྱལ་བོ་ཧརཤཝརཉན་དགའ་འཕེལ་ཞེས་བྱ་བ་ཉན་ཐོས་གནས་བརྟན་སྡེ་བའི་ལུགས་ལ་སངས་རྒྱས་སྐུ་མྱན་ལས་འདས་ནས་ལོ་༡༡༥༠ ལ་ཀནྱ་ཀཔཇ་ལས་ཁྲི་ལ་འཁོད། ཕྱི་ལོ་༦༠༤ ལ། ལྷོར་རི་བོ་འབིགས་བྱེད་ལ་ཐུག་བར་དང་ནུབ་སིན་དུ་བར་དུ་བཟུང་། སྨན་ཁང་དང་། སྦྱིན་ཁང་། གཙུག་ལག་ཁང་མང་བོ་བཞེངས། གངྒའི་རྒྱུད་དུ་མཆོད་རྟེན་སྟོང་ཕྲག་དུ་མ་བཞེངས། མིང་གཞན་ལ་ཤི་ལཱའི་ཏྱ་སྟེ་ཚུལ་ཁྲིམས་ཉི་མ་བྱ་བར་གྲགས། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་མཛད། རིན་ཆེན་འཕྲེང་བ་པྲིཡདརིཤཀ་བའི་ཟློས་གར་མཛད། སྐབས་དེར་རྒྱའི་བཙུན་པ་ཝེན་ཚག་བྱོན་པ་དང་། བསྟན་པའི་དུས་སྟོན་ལ་དགེ་སློང་ཁྲི་ཙམ་རེ་ལ་གསེར་ཀྱི་དུང་ཙེ་བརྒྱ་རེ་དང་མི་ཏིག་འབྲུ་རེ་ཕུལ། བྲམ་ཟེའི་དང་མི་སྟེགས་པ་སོགས་ལ་སྦྱིན་པ་རྒྱ་ཆེན་སྤེལ། རྒྱལ་བོའི་སྐུ་ཚད་དང་མཉམ་པའི་གསེར་གར་བླུགས་ཀྱི་སྟོན་པའི་སྐུ་བཞེངས། ལོ་༤༠ ལ་རྒྱལ་སྲིད་བཟུང་། དེ་ལ་བུ་མེད་པས་བློན་པོ་སྲིད་སྒྲུབ་བྱ་བས་སྲིད་བཟུང་། ནང་བ་ལ་འཚེ། རྒྱའི་གསེར་ཡིག་པ་ཝང་ཧེན་ཙེ་འཁོར་བསད་པས་བོད་ལ་བྲོས། བོད་ཀྱིས་རྒྱལ་བོས་བཟུང་ནས་རྒྱ་ནག་ལ་སྤྲད། སྲོང་བཙན་སྒམ་པོ་དང་དུས་མཉམ་། དེའི་སྐུ་ཚེ་སྨད་ལ་སློབ་དཔོན་ཆོས་གྲགས་བྱོན། རྒྱའི་བཙུན་པ་ལི་ཙིང་བྱ་བ་གསེར་གླིང་རྒྱུད་ནས་རྒྱ་གར་ལ་འབྱོར།
རྒྱ་བྱིན་ཉི་མས་ནལནྡར་གཙུག་ལག་ཁང་བཞེངས། ཏ་ཐ་ག་ཏས་ཤར་ཀྱི་གཙུག་ལག་ཁང་བཞེངས། དེ་ནས་བཱ་ལཱ་དི་ཧྱ་སྟོབས་ཀྱི་ཉི་མས་བྱང་ཤར་གཙུག་ལག་ཁང་བཞེངས་། བུ་བཛྲ་བས་ནུབ་གྱི་གཙིག་ཁང་བཞེངས། རྒྱལ་བོ་གང་བའི་གོ་ཆས་སྟོན་པའི་སྐུ་ཐོག་བརྩེགས་དྲུ་པ་བཞེངས། སྐབས་དེ་དུས་ཞིག་ལ་ཀླ་ཀློ་ཀུཏ་བུདིན་བྱ་བས་ནལནྡར་དམག་རྒྱབ། ཡང་དེ་དུས་ཕྱི་རོལ་བ་གཞོན་ནུ་མ་ལེན་བྱ་བའི་མཁས་པ་ཞིག་ཀྱང་བྱུང་། དེ་ནས་སོག་པོའི་དམག་དཔོན་ཨཏྟིལ་བྱ་བ་ནུབ་ཕྱོགས་ལ་ཐོན་པ་ཕྱིར་བསྐྲད། སླ་ཡང་དམག་དཔོན་ཡོརམན་བྱ་བ་ཐོན་ལྔ་ལེན་དང་མ་ལ་ཝའི་ཤར་ཕྱོགས་བཟུང་།
དེ་ནས་རྒྱལ་བོ་ཧརཤའི་ལོ་ལྔ་བཅུའི་རྗེས་སུ་མནྡ་སོ་རའི་རིགས་ཀྱི་གཙོ་བོ་ཡཤོངྷརྨན་བྱ་བ་ཞིག་བྱོན་ནས། ལྷོར་མ་ལ་ཝའི་ཡུལ་དང་། ཤར་ཀ་མ་རུ་བ་ནས་ནུབ་རྒྱ་མཚོ་ལ་ཐུག་བར་བཟུང་། ཐང་ཟན་ཙང་གིས་སྐབས་དེར་བྱང་དུ་ཧུ་ན་དཀར་པོའི་རྒྱལ་བོ་མི་ཧི་ར་ཀུ་ལ་བྱས་སྒྱུ་མའི་ཉི་མ་གཉིས་པ་དང་མཉམ་དུ་མཐར་སྐྲོད་བཏང་། བྱང་ཕྱོགས་དེར་ཕྱིར་འགྲོ་ཞོར་དབྱི་སུ་ལན་ཆོས་ལུགས་བསྒྱུར་བར་བཤད། དེའི་ལྷ་ཁང་མཆོད་རྟེན་༡༦༠༠ བཤུག་པར་བཤད། རྒྱལ་རྒྱུད་མ་བྱུང་བར་མངོན། ཤར་གཽཊའི་རྒྱལ་བོ་བསད་པའི་བྱུང་བ་སྙན་ངག་པ་བཀྭཏིརཱང་ངག་བདག་རྒྱལ་བོ་བྱ་བས་པྲཀདའི་སྐད་དུ་ཚིགས་བཅད་བྱས་ཏེ་བྲིས་པ་ཡོད། བྷཝབྷུཏི་དངོས་འབྱོར་བའི་སྙན་ངག་མཁས་པ་ཞིག་ཉེ་གནས་འདུག ལ་ལིཏ་དི་རྱས་དམག་དྲངས་ཏེ་རྒྱལ་བོ་བསད། ལ་ལིཏ་དིརྱའམ་རོལ་བའི་ཉི་མ་ནི་ཁ་ཆེ་ཡུལ་བཟུང་། མགངྷ་དང་། བངྒལ། ཀ་མ་རུ་པ། ཀལིངྐ་སོགས་པ་བཟུང་། ལྷ་ཁང་དང་སྐུ་བརྙན་མང་བོ་བཞེངས། དེའི་སྐབས་པདྨ་སམབྷ་བོད་དུ་བྱོན། དེའི་བུ་དུལ་བའི་ཉི་མ་བྱ་བས་ཁྲི་བཟུང་། དེ་ལ་གརྒོཊའི་རྒྱལ་བརྒྱུད་དུ་གྲགས། དེ་ནས་རྒྱལ་བོ་སྲུང་བའི་གོ་ཆ་བྱ་བས་ཁ་ཆེ་ཁྲི་འཕྲོག དེའི་བརྒྱུད་ལ་ཨུཏྤལའི་རྒྱལ་བརྒྱུད་བྱ་བ་བྱུང་། དེ་ནས་བདེ་འབྱུང་གོ་ཆས་བཟུང་། རྒྱལ་བྷོཛ་དང་བོ་དང་གཡུལ་བཀྱེས། དེ་ནས་བཙུན་མོ་དིདཱ་བྱ་བས་ལོ་ལྔ་བཅུ་ལྷག་ཁྲི་བཟུང་། དེ་ཤི་བའི་འོག་ཏུ་ཁ་ཆེ་རྒྱལ་ཁམས་ལོ་ཧ་ར་བྱ་བའི་རྒྱལ་རྒྱུད་ཅིག་གི་འོག་ཏུ་གནས་སོ། སྐབས་དེའི་དུས་ཞིག་ལ་ཁ་ཆེ་པན་ཆེན་བོད་ལ་བྱོན་པ་ཡིན་ནོ། །
དེ་ནས་གུབྟ་ཕྱི་མ་ཞེས་པ་ཡུལ་ཉི་ཚེ་བ་ལ་དབང་བའི་རྒྱལ་བརྒྱུད་བྱུང་། དང་བོ། ཀུ་མ་ར་གུབྟ་གསུམ་པ་བྱ་བ་བྱུང་། མཽ་ཁར་བྱ་བའི་རྒྱལ་བོ་ཞིག་ནུབ་ཕྱོགས་སུ་བྱུང་། དེ་བུ་དམོད་རུ་གུབྟ་བྱ་བ་བྱུང་། དེའི་མ་ཧསེན་གུབྟ་བྱ་བ་བྱུང་། བྷངྒ་ལའི་ཡུལ་སོགས་བཟུང་།
དེ་ནས་གུབྟ་ཉམས་བྷངྒ་ལ་རུ་མི་སྟེགས་ཀྱི་རྒྱལ་བོ་ཤཤངྒའམ་ཟླ་བ་བྱ་བ་ཞིག་བྱུང་མག་ངྷ་བཟུང་། མཽ་ཁ་རིའི་རྒྱལ་བོ་བསད། བྱང་ཆུབ་ཤིང་དང་ལྷ་ཁང་མང་བོ་སྲེགས། སྐྱ་ནར་བུར་སངས་རྒྱས་ཞབས་རྗེས་ཡོད་པ་བཅག ཤར་གཽཊའི་རྒྱལ་བོར་གྲགས། མི་རིང་བར་རྒྱལ་བོ་གྲགས་པའི་གོ་ཆ་བྱ་བས་ཁོ་བསད།
པཱལའི་རྒྱལ་རབས།
དང་བོ། གོ་པཱ་ལ། གཽཊའི་རྒྱལ་བོ་འདས་རྗེས་ཁོ་རྒྱལ་སར་ཕྱི་ལ་༦༦༠ ལོར་འཁོད། རྒྱལ་ས་ཟ་ཧོར་དུ་བྱས། འདིའི་རྒྱལ་བརྒྱུད་ལོ་ལྔ་བརྒྱར་གནས་པར་བཤད། དེའི་བུ་དེ་ཝཔཱལ། དེའི་སྲས་རཱ་ས་པཱལ། དེའི་སྲས་ངྷརྨ་པཱལ་སྐྱ་ནར་བུར་རྒྱལ་ས་བཟུང་། མངའ་ཁོངས་བསྐྱེད་དེ་ཤར་རྒྱ་མཚོ་ལ་ཐུག་བར། ནུབ་ཏུ་ཌིལི་བར། བྱང་དུ་ཛལནངྷར་བར་བཟུང་། ཆོས་བཞི་ལྔ་བཅུ་ཙམ་བཙུགས། ཨོཏནྟ་པུརའིགཙུག་ལག་ཁང་དང་།བིཀྲམཤིལ་བཞེངས། བྱང་ཆེན་ཆེན་པོའི་སྐུ་ཚད་ཀྱི་ལྷ་ཁང་བཞེངས།མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་དར་། བོད་དང་གྲོགས་སྡེབ། སློབ་དཔོན་ཞི་འཚོ་དང་ཨ་ཏི་ཤ་ཡང་ཁོང་གི་རུས་སུ་གཏོགས། ལྔ་བ་ཆེན་མོ་ཡང་དེའི་རུས་སུ་གཏོགས། དེའི་བུ་དེ་ཝ་པཱ་ལས་ཁྲི་བཟུང་། མོངྒར་བྱ་བར་ཕོ་བྲང་བཏབ། མངའ་ཐང་བསྐྱེད། རྒྱ་ནག་དང་གྲོགས་སྒྲིགས། སྐབས་དེ་དུས་ཙམ་ལ་རྒྱ་གར་ལ་གྲགས་ཆེ་བའི་རྒྱལ་བོ་གསུམ་ཡོད་ལ། ཡུལ་དབུས་སུ་པཱལ། ལྷོ་ལམ་དུ་རཤཏ
ཀུཊ། ནུབ་དུ་གུཛརཥྚ་རྣམས་བྱུང་།
སྐབས་དེར་ལྷོ་ཕྱོགས་སུ་ཆ་ལུ་ཀའི་རྒྱལ་རབས་འཇུག་ཏུ་རཥྟཀུཊ་རྣམས་ཀྱིས་དབང་བསྒྱུར་། རྒྱལ་ས་བེ་དརྦྷའི་ཡུལ་དུ་བཟུང་། དང་བོ།།དབང་ཕྱུག་པ་རིང་བོ་བྱ་བ་བྱུང་། དེ་ནས་དེའི་ཞང་བོ་ཀྲིཥྞ་བྱ་བས་སྲིད་བཟུང་། དེའི་རིང་ལ་ཀཻ་ལ་ཤའི་ལྷ་ཁང་ཨེ་ལོ་ར་ན་ཡོད་པ་དེ་བྱུང་། དེའི་བུ་ངྷརུ་བས་སཧསའི་རྒྱལ་བོ་དང་། པྲཏིཧར་རྣམས་ཕམ། དེའི་བུ་གིབིནྡ་བྱ་བས་ཁྲི་ལོ་༢༢ལ་བཟུང་། དེའི་སྤུན་ལ་ཊའི་ཡུལ་གྱི་རྒྱལ་བོར་བསྐོས། དེ་ནས་དེའི་བུ་ཨ་མོ་གྷ་བརྴས་ལོ་རེར་བསྐྱངས། གཅེར་བུ་བ་བླ་མར་འཛིན། དེའི་ཡང་ཚ་ཨིནྡྲ་གསུམ་པས་ལོ་ ༣ བཟུང་། ཡུལ་དབུས་མ་ཧ་པཱལའི་ལག་ནས་གྲོང་ཁྱེར་ཀནྱཀ་པ་ཇ་ཡང་འཕྲོག དེའི་ཚ་བོ་ཀྲྀཥྞས་ཁྲི་བཟུང་། ཏཻ་ལའི་རྒྱལ་བོ་འོང་ནས་ཁྲི་ལས་ཕབས།
ཆ་ལུ་ཕྱི་མ་འམ་ཀལྱནའི་འོག་ཏུ་ཚུད། བོད་ཀྱི་ཁྲི་སྲོང་དང་གླ་ངདར་སོགས་དང་དུས་མཉམ། དེ་ནས་པུ་ལ་ཀེ་ཤ་བྱ་བས་ཁྲི་བཟུང་། དེ་ནས་དེའི་བུ་ཀཏྲི་ཨརྨནས་ཁྲི་བཟུང་། དེ་ནས་པུ་ལ་ཀེ་ཤ་གཉིས་པར་གྲགས་པས་ཁྲི་ལོ་ ༣༤ལ་བཟུང་། སྲོང་བཙན་ཧརཤ་དང་དུས་མཉམ། དཔུང་སྟོབས་ཆེ། ཡུལ་དེ་ན་མྱ་ངན་མེད་མཆོད་རྟེན་ལྔ་ཙམ་དང་དགོན་པ་བརྒྱ་ལྷག་དགེ་འདུན་པ་ལྔ་སྟོང་ལྷག་བཞུགས་གསུངས། ཨཇནྟ་ཡང་སྐབས་དེར་བཞེངས་པ་ཡིན་ནམ་ཟེར་། མ་ལ་ཝ། གུ་ཛརཐ། ཀཉིནཀའི་རྒྱལ་བོ་དབང་ཆེན་གོ་ཆ་ཡང་ཕམ་པར་བྱས། མི་རིང་བར་དེའི་བུ་སེངྒེ་གོ་ཆས་དམག་དྲངས་ཏེ་ཕོ་བྲང་འཕྲོག་རྒྱལ་བོ་གྲོངས་སོ།།
དེ་ནས་ཡུལ་དབུས་དེ་ཝ་པཱལའི་ཚ་བོ་བི་གྲཧཔཱ་ལ་དང་། དེའི་བུ་ན་ར་ཡ་ན་པཱལ་གཉིས་ཀྱིས་ཁྲི་བཟུང་། ཉམས་ཞན་པས་རྒྱལ་བྷོཛའི་བུ་དང་པྲ་ཏི་ཧ་ར་རྣམས་འཚེ་མཐར་ཀོ་ཛ་རྣམས་ཀྱིས་སྲིད་གཏོར་། འོན་ཀྱང་མ་ཧ་པཱལ་དང་བོ་ལ་སླར་ཐོབ། ན་ཡཔཱ་ལ་ཡང་ཟེར་། ཡང་ཚ་མ་ཧ་པཱལ་གཉིས་པས་བཟུང་སྟོབས་ཞན། ཀཻབརྟ་བྱ་བར་ས་ཤོར་ཀྱང་། རམ་པཱལ་ལ་སླར་ཐོབ་སྟོབས་ཞན་ཟེར་།
བི་ཛ་ཡ་སེ་ནས་པཱལ་རྣམས་ཕམ་དེ་ནས་སེ་ནའི་རྒྱལ་བརྒྱུད་དུ་གྲགས་པ་བྷངྒལར་བྱུང་། དེ་ནས་བ་ལ་སེ་ན་དང་། ལཀྵི་མ་སེ་ན་སོགས་ཀྱིས་ཁྲི་བཟུང་། འོན་ཀྱང་པཱལ་རྣམས་རྒྱལ་ཕྲན་བྱས་ནས་ཀླ་ཀློ་བྱུང་བར་ས་བཟུང་བར་བཤད། སྐབས་དེར་བྷངྒལར་ཉི་མའི་རྒྱལ་རབས་ལྷོ་ནུབ་དང་། ཟླ་བའི་རྒྱལ་རབས་ཤར་དུ་བཙུགས་ཡོད་རབས་བཤད། པཱལའི་རྒྱལ་བོ་དེ་རྣམས་ཀྱི་རིང་ལ་ཐེག་ཆེན་བསྟན་པ་དར་ལ། བོད་ལ་ཕེབས་པའི་པཎྡི་ཏ་རྣམས་ཕལ་ཆེར་སྐབས་དེར་ཡིན་པར་བཤད།
པཱལ་དང་དུས་མཉམ་པར་ནུབ་ཕྱོགས་སུ་གུ་ཛ་ར་ཐའི་ཡུལ་དུ་པྲ་ཏི་ཧ་རའི་རྒྱལ་བོ་རྣམས་བྱུང་། དེ་ནས་ན་ག་བྷཊས་སྲིད་བཟུང་། དེ་ནས་མི་རབས་འགའ་ནས་བྷ་ག་ལས་བཟུང་ ། དེའི་བུ་ན་ག་བྷཊ་གཉིས་པས། ཀཀུ་པ་ཇར་ཙཀྲ་ཡུ་ངྷ་ཕམ་པར་བྱོས་ཏེ་གྲོང་ཁྱེར་གྲགས་པ་དེ་བཟུང་། ཁ་ཆེ་ཡུལ་འདབ་བར་བཟུང་། འོན་ཀྱང་རཤཏྐུ་ཊའི་རྒྱལ་བོ་གསུམ་པ་གོ་བི་བྷས་ཁོ་ཕམ་པར་བྱས་སོ། །པྲ་ཏའི་རྒྱལ་བོ་འདི་རྣམས་བྱང་ཕྱོགས་སུ་བྱུང་བའི་ཧུན་དུའི་རིགས་ནང་ནས་ཕྱི་ཤོས་ཡིན་ཅིང་རྒྱལ་བརྒྱུད་ཀླ་ཀློ་མ་ཐོན་བར་དུ་གནས། པྲཏིཧརའི་རྒྱལ་ཕྲན་ཡཤོཝརྨན་བྱ་བ་ཞིག་གིས་རྒྱ་ས་རང་སྐྱ་བར་བཟུང་སྟེ་ཙནྡེལླི་བརྒྱུད་དུ་གྲགས་པ་བྱུང་། དེ་བུ་བྷངྒ་བྱ་བས་ཁྲི་བཟུང་། ཆུ་བོ་ཡ་མ་ན་ཐུག་གི་བར་གྱི་ལྷོ་ངོས་རྣམས་བཟུང་། ལྷ་ཁང་དང་རྫིང་བུ་མང་བོ་བྱས་པ་ད་བར་གནས། དེ་ནས་རྒྱལ་བོ་ཀ་ལ་ཙུ་རི་བྱ་བས་པྲ་ཏི་ཧ་ར་རྣམས་ལས་ལོག་སྟེ་རང་སྐྱ་བར་རྒྱལ་བོ་བྱས། དེ་ནས་པྲ་ཏི་ཧ་རའི་རྒྱལ་ཁབ་སིལ་བུར་འཐོར་ཞིང་ཀླ་ཀློ་རྣམས་འཇུག་བདེ་བར་བྱས་ཞེས་གྲགས་སོ།། སྐབས་དེ་དག་ཞིག་ཏུ་མུ་སྟེགས་ཀྱི་མཁས་པ་སངྒ་ཨཙརྱ་བྱ་བ་བྱུང་མིང་དངོས་ལ་ཤངྒརཱཙརྱ་སྟེ་དབང་ཕྱུག་གི་སློབ་དཔོན་བྱ་བ་བྱུང་། ལྷོ་ཕྱོགས་སུ་སྐྱེས་རྒྱ་གར་ཡུལ་གྲུ་ཀུན་ཉུལ་ནས་ནང་བ་རྣམས་ཕམ། རྗེས་སུ་བོད་ཡུལ་དུ་སོང་བས་སྔགས་པ་རྩེ་གསུམ་ཐོགས་པ་ཞིག་གིས་བསད། ཕྱིས་ཀྱི་མི་སྟེགས་པ་ལ་དེ་ལས་མཁས་པ་མེད་ཟེར་། དེ་ནས་འདས་ལོ་༡༥༠༠ཙམ་ལ་མ་ལ་ཝའི་ཡུལ་དུ་པ་ར་མ་རའི་རྒྱལ་རབས་ཏུ་གྲགས་པ་བྱུང་། ངྷ་ར་བྱ་བ་རྒྱལ་ས་བྱས། དེ་ལ་གྲགས་ཆེ་བ་ནི་རྒྱལ་བོ་བྷཛ་བྱ་བ་བྱུང་། འདས་ལོ་༡༦༢༠ཙམ་ལ་ལོ་ ༤༠ལ་ཁྲི་བཟུང་། སྙན་ངག་ལ་མཁས། སློབ་གྲྭ་ཞིག་ཀྱང་བཙུགས། མཐར་ཙི་དེའི་རྒྱལ་བོས་ཕམ། དེ་ནས་རིགས་དེ་ལ་བྷོཛ་གཉིས་པ་ཞེས་པའི་རྒྱལ་བོ་གྲགས་པ་ཞིག་ཀྱང་བྱུང་ངོ་།
ཀླ་ཀློའི་རྒྱལ་རབས།
དེ་ནས་དེ་ལ་ཕྱིས་སུ་མོངྒོལ་རྒྱལ་རབས་ཡང་ཟེར་ཆོས་ལུགས་མུ་སལ་མན་ཡིན་ལ། སྔོན་གྱི་འཇིས་པོའམ་ཡ་ཧུ་དརའི་ཆོས་ལུགས་ལས་ཡེ་ཤུའི་ལུགས་དང་ཨི་ས་ལེམ་གཉིས་དང་བོའི་ཡོང་ཁོངས་ཡིན་ཟེར་། མླེཙྪ་སྟེ་ཀླ་ཀློའམ་ཇག་པ་ལ་ཟེར་དུས་རབས་བདུན་པའི་ནང་མ་ཁའི་ཡུལ་དུ་མོད་ཧ་མ་དུ་བྱུང་བ་དང་། དེ་རྗེས་འཇུག་པ་ཀ་ལིབ་ཨོསམན་བྱ་བ་བྱུང་། ཆོས་ཀོརན་བྱ་བ་བསྡུས་ལེའུ་བརྒྱ་དང་བཅུ་བཞི་མཆིས། ཀ་ལིབ་བློན་པོ་ཧ་ཟེ་ནས་སུན་ངྷའི་རྒྱལ་པོ་དཧར་ཕམ་ཧུན་དུའི་ཆོས་རང་སར་བཞག ནང་བ་རྣམས་མགོན་མེད་དུ་གྱུར་།
དེ་ནས་གྷོརི་ནས་ཏུ་རུ་ཀའི་བུ་ཆུང་སུཝུགཏེཇིན་བྱ་བས་ནུབ་བྱང་མཚམས་ནས་དམག་ཐེངས་ཁ་ཤས་ལ་དྲངས་བས་མཐར་སུན་ངྷིའི་རྒྱལ་བོ་ཛ་ཡེ་པ་ལའི་ནུབ་ཕྱོགས་དབང་དུ་བསྡུས། ཕྱི་ལོ་༩༨༦ ལ་ཆོས་ལུགས་ཨི་ས་ལེམ་ཡིན་སྡུག་རྩིབ་ཆེ། དེ་ལ་བུ་གཉིས་ཡོད་ཆུང་བ་ཨེ་ས་མེལ་དང་། ཆེ་བ་མ་ཧ་མད་ཡིན། ཕྱི་ལོ་༩༩༨ ལོར་བུ་ཆེ་བས་ཁྲི་ཐོབ་སྟེ་ཛ་ཡེ་པཱལ་ཕམ། ཛ་ཡེ་བུ་ཨནནྡ་པཱ་ལས་རྒྱ་གར་ཡུལ་དབུས་རྒྱལ་བོ་རྣམས་དང་མཉམ་དུ་མོ་ཧམ་མད་ལ་འཐབ་པས་མ་ཐུབ། ནོར་མང་བོ་འཕྲོག མོ་ལ་ཧན་དང། ཀནྱ་ཀུཔཇ། ཙེནྡེ། པྲ་ཏི་ཧ་ར་དང་པཉྫི་ཡུལ་ཧྲིལ་བོ་ཆབ་འོག་ཏུ་བཅུག གནས་ཆེན་སོམནཐ་སོགས་བཅོམ་སྟེ་རང་ཡུལ་གྷ་ཟི་ནིའོ་རྒྱལ་སར་སླེབས་དེའི་ཕྱི་ལོར་ཤི། འདི་དང་དུས་མཉམ་དུ་སྙན་ངག་པ་ཨལབིརུ་རྒྱ་གར་ལ་སླེབས་ཁོས་ལོ་རྒྱུས་བྲིས་པ་ཡོད་ཁོས་ལེགས་སྦྱར་སྐད་ཀྱང་ཤེས།
དེ་ནས་འདས་ལོ་༡༧༠༠ཙམ་ལ་ཀནྱ་ཀུཔཇའི་ཡུལ་དུ་ཙནྡྲ་དེ་བ་བྱ་བའི་རྒྱལ་བོ་ཆེན་པོ་ཞིག་བྱུང་། དེའི་ཡང་ཚ་གོ་བནྡ་ཙནྡྲ་ནི་གྲགས་ཆེ། མ་ག་ངྷ་ཡོངས་ལ་དབང་བསྒྱུར་། ཕྱི་ནང་གི་གནས་ཆེན་མང་བོ་བསྐྱབས། དེའི་བཙུན་མོས་ལྷ་ཁང་བཞེངས་པ་ཕྱིས་སུ་ཝ་ར་སུར་བུད། དེའི་ཚ་བོ་ཛ་ཡ་ཙནྡྲས་འདས་ལོ་༡༧༤༠ ཁྲི་བཟུང་། ཕྱིས་ཀླ་ཀློས་གྲོངས། སྐབས་དེར་ལྷོ་ལམ་དུ་རྒྱ་གར་རང་གི་རྒྱལ་བོ་རྣམས་ཀྱིས་བཟུང་། ཕྱིས་སུ་གྲགས་ཆེ་བ་ཤི་བ་ཛི་ཏ་བྱ་བ་ཞིག་བྱུང་། ནུབ་ཕྱོགས་སུ་ར་ཇི་པར་རྣམས་རང་མགོ་འཛིན་ཅིང་འདུག འདི་དག་དཔའ་བོ་ཡིན་ཕྱིས་སུ་གོརཥ་བྱ་བ་འདི་ལས་མཆེད། ཀལིངྒ་དང་ཨ་ཊི་བི་ཤའི་ཕྱོགས་སུ་གངྒའི་རྒྱལ་བརྒྱུད་དུ་གྲགས་པ་ཞིག་གིས་བཟུང་། འདས་ལོ་༡༥༠༠ ཙམ་ལ་དེའི་ནང་གྲགས་ཆེ་བ་ཨནནྡ་ཝརྨན་བྱ་བ་ཞིག་བྱོན་ལོ་༧༠ ལྷག་ཁྲི་བཟུང་། ཀནརཀ་བྱ་བའི་ལྷ་ཁང་གྲགས་ཆེན་ཞིག་བཞེངས། དེ་ནས་ལྷ་སེར་སྐྱའི་དབང་བྱ་བས་གངྒནས་བེ་རིའི་བར་བཟུང་བར་གྲགས། ཀལིངྒ་རྣམས་ཡིན་རིང་བོར་གནས་ཀྱང་འདས་ལོ་༢༠༠༠ ལོ་ཙམ་ལ་ཀླ་ཀློའི་འོག་ཏུ་ཚུད། དེ་ནས་འདས་ལོ་༡༦༠༠ ཙམ་ན་གུཛརཐའི་ཡུལ་དུ་མཱུ་ལ་ར་ཛ་བྱ་བའི་རྒྱལ་བོ་སྟོབས་ལྡན་ཞིག་བྱུང་། དེའི་བརྒྱུད་ལ་ཙཽལུཟའི་རྒྱལ་རིགས་གྲགས་པའང་བྱུང་། རྒྱལ་ས་ཨན་ཧི་ལ་ཝ་ར་བྱ་བར་བྱས། འདི་དང་དུས་མཚུངས་སུ་གྷེ་ལའི་རྒྱལ་རིགས་ལཝཔྲསད་ཡང་བྱུང་། དེ་གཉིས་ཀའི་གཅེར་བུ་བ་བླ་མར་འཛིན། ལཝནའི་བུ་བིརདདཔཱལས་ཀླ་ཀློ་དམག་དཔོན་མུའིསུདིན་ཕམ་པར་གྲགས། དེའི་ཚེ་ནུབ་ཕྱོགས་ལ་ཇི་མེར་དུ་ཙཧམནའི་རྒྱལ་རིགས་གྲགས་ཆེ་བ་སྲིཐིཙིརཛ་བྱ་བ་བྱུང་། ཙབྡེ་ལ་རྣམས་ཕམ། ཀནྱཀུཔཇའི་རྒྱལ་བོ་ཛཡཙནྡྲ་བུ་མོ་སཾཡུཀྟཱ་བྱ་བ་གནའ་མར་བསུ་ཚུལ་སྒྲུང་ངག་མཁན་ཟླ་བ་བྱ་བས་བྲིས། རྒྱལ་བོས་ཧརཀེལིའི་ཟློས་གར་བྱ་བ་བརྩམས། ཕྱི་ལོ་ལོ་༡༡༧༥ ལོར་ཀླ་ཀློ་གྷོ་རིའི་རྒྱལ་བོ་ཤིཧབུདིན་བྱ་བས་དམག་དྲངས་ཏེ་ཐུག་པས་ཕམ། རྒྱལ་བོ་རྨས་ཏེ་ཕྱིར་ལོག ལོ་གཅིག་རྗེས་སླར་འོང་ནས་སྲིཐབིརཛའི་དམག་དང་ཐུག་པས་རྒྱལ། འདི་ལ་ཏརཻནའི་གཡུལ་གཉིས་པ་ཟེར་། ཛི་མེར་དང་། ཀནྱཀུཔཇ་དང་། ཝ་ར་ཎ་སི་བར་བཟུང་། དེའི་ཤུལ་དུ་དམག་དཔོན་བུ་མོ་ཧམམདབུརྗེ་བྱ་བ་ངོ་ཚབ་ཏུ་བཞག་པས། པཱལའི་རྒྱལ་བོའི་ལག་ནས་མ་གངྷ་འཕྲོག ནལེནྡྲ་དང་། ཨོཏནྟཔུརི་སོགས་བཅོམ། བྷངྒལར་དམག་དྲངས་ཏེ་ནུབ་ཕྱོགས་བཟུང་། གུ་ཛ་ར་ཐ་དང་། མ་ལ་ཝ་བྷངྒ་ལའི་ཤར་མ་གཏོགས་པའི་རྒྱ་གར་བྱང་ཕྱོགས་ཐམས་ཅད་དབང་དུ་བསྡུས། གྷོརིའམ་གྷར་གྱི་རྒྱལ་པོ་རྣམས་ཡིན། གར་ལོག་བྱ་བ་འདི་ཡིན་པར་མངོན་ཟེར་། འདས་ལོ་༡༧༤༧ པ་ལ་ཤིཧབུདིན་ལྡི་ལི་རྒྱལ་བོའི་ཁྲི་བཟུང་། ལོ་གསུམ་རྗེས་སུ་དམག་སྒར་དུ་བསད། ལྷོ་ཕྱོགས་སུ་ཆ་ལུ་ཀའི་རྒྱལ་སྲིད་ཉམས་པ་ན། ཧོཡཤལའི་རྒྱལ་རིགས་དག་གིས་བཟུང་། འདས་ལོ་༡༦༥༥ པ་ལ་བིཏྟིདེཝ་བྱ་བས་ཁྲི་བཟུང་ལོ༣༠ ལ། ཁྱབ་འཇུག་པ་ཇཱམནུཛ་བྱ་བས་ཆོས་བསྟན་པས་ཁྱབ་པར་གྱུར་། དོརསམུདྲ་བྱ་བ་རྒྱལ་ས་བྱོས། ལྷ་ཁང་མང་བོ་བཞེངས། དེའི་རྒྱལ་བོ་འགའ་བྱོན།
དེ་དང་དུས་མཉམ་དུ་དེ་བ་གིརིནཡཊའི་བྱ་བའི་རྒྱལ་བརྒྱུད་བྱུང་། ཙངྒ་དེབའི་རིང་ལ་སྐར་རྩིས་སློབ་གྲྭ་ཞིག་བཙུགས། དེ་ནས་རྭམཙནྡྲ་བས་ཀླ་ཀློའི་རྒྱལ་བོ་ལ་མགོ་བཏགས་བུ་བསད། ཚ་བོ་གསོན་པོར་པགས་པ་བཤུས། དེ་དང་དུས་མཉམ་པར་ལྷོ་ལམ་ཤར་ངོས་སུ་ཀཏཡ་བྱ་བའི་རྒྱལ་རྒྱུད་བྱུང་། རྒྱ་བོ་རུ་ཏྲ་དང་། གནཔཏི་བྱུང་། ཙཽལའི་ཡུལ་ཏན་ཛོར་རྒྱལ་ས་བཟུང་། པརནྟའི་སྐབས། ཏ་མིལ་དང་། སིངྒ་ལ་ཆབ་འོག་ཏུ་བཅུག ཕྱིས་སུ་རུདམྦ་ཀླ་ཀློས་ཕམ་སྟེ་ཉམས། དེ་ནས་ཡུལ་དེར་རཛེཏནྡྲ་བྱ་བའི་རྒྱལ་བོ་ཞིག་བྱུང་། འདས་ལོ་བརྒྱ་ལྷག་ཙམ་ན་སྲིད་བཟུང་། སིངྒ་ལ། བྷརྨ། གསེར་གླིང་། ཤར་མ་ལ་ཡ། ཀལིཀ་སོགས་ཡུལ་གྲུ་མང་བོ་ཆབ་འོག་ཏུ་བཅུག འདི་དང་དུས་མཉམ་དུ་གངྒ་པའི་རྒྱལ་བརྒྱུད་སྟོབས་ལྡན་དུ་གྱུར་། ཕྱིས་སུ་ཀླ་ཀློས་བཅོམ་སྟེ་འཇིག གྷར་རྒྱལ་བོ་ཤི་བའི་རྗེས་སུ་དེའི་འཁོལ་པོ་དམག་དཔོན་དུ་གྱུར་བ་ཀུ་ཏབ་དིན་བྱ་བ་ཁྲི་ལ་བཞག དེ་ནས་འཁོལ་བོའི་བརྒྱུད་བྱུང་། ཁོ་བོ་འབུམ་སྟེར་འབུམ་གསོད་བྱ་བར་གྲགས། རྡེ་ལི་ན་ཡོད་པའི་ཀུཏབ་མིནནར་བྱ་བའི་ཁང་བརྩེགས་མཐོན་པོ་དེའི་རྨང་བཏིང་། འདས་ལོ་༡༧༥༤ པ་ལ་ཨིལ་ཏུ་མི་ཤི་ཁྲི་ལ་བཀོད། ཕགས་རྒྱལ་བཅོམ། མཧཱཀལའི་ལྷ་ཁང་བཤིགས། ཇིང་གར་རྒྱལ་བོ་རྒྱ་གར་རི་མཚམས་སུ་སླེབས་ནས་ཕྱིར་འཁོར་། རྒྱལ་བོ་བཟང་བོ་ཞིན་ཡིན་ལ་ཁང་རྩེགས་མཐོན་པོ་དེ་གྲུབ་པར་བྱས་ད་བར་ཡོད། ལོ་༢༦ ལ་སྲིད་བཟུང་། སྐབས་དེར་ཆག་ལོ་ཙཱ་བ་རྒྱ་གར་ལ་ཕེབས། དེ་བུ་མོ་རཟིམ་བྱ་བ་ཁྲི་ལ་བཀོད། སྐྱེས་པའི་ཆས་ཅན་མཐར་ཁྱོ་བོས་བསད། དེའི་ཚ་བུ་གཉིས་ཀྱིས་ཁྲི་བཟུང་། དུས་དེར་ཇིང་གར་དམག་དཔོན་ཁག་ལྔ་རྒྱ་གར་དུ་སླེབས། ནུབ་ཕྱོགས་སུ་མཁར་ཆེན་བཅུ་བཞི་འོག་ཏུ་བཅུག ཇིང་གར་སྲས་ཆ་ག་ཏའི་བུ་གསུམ་པ། ཨ་ཏིརམཧཱཏི་རྒྱ་གར་རྒྱལ་བོར་བསྐོས། པཱལ་ཤའི་མཁར་དུ་བསྡད། དེའི་བུ་ཨིམམཧུལི་སམརགན་གྱི་མཁར་དུ་བསྡད་དེ་ཏ་ཟིག་ཏུ་ཡོད་ཟེར་། དེ་ནས་ཟི་དིན་བྱ་བ་ཁྲི་ལ་བཀོད། མི་བཟང་བོ་ཞིག་བྱོས། སླར་ཏུ་རུ་ཀའི་འཁོལ་བོ་གིམསུདིན་བྱ་བས་ཁྲི་བཟུང་། སོག་དམག་བཀག་ཀླ་ཀློའི་ཆོས་ལུགས་དར་། སྐབས་འདིར་མན་ལུང་གུ་རུ་རྒྱ་གར་ལ་བྱོན། དེ་ནས་ཀ་ཡི་ཀོ་བྷ་བྱ་བས་ཁྲི་བཟུང་བ་ཛ་ལ་ལུ་དིན་གྱིས་བསད་ལོ་༨༤ རིང་ལ་གནས། དེ་ནས་ཇ་འུ་དིན་ཁྲི་ལ་འཁོད་རང་ལོ་༧༠ ལོན་པ། སོག་དམག་བཟློག ཤུལ་དུ་ལུས་པ་ཆོས་ལུགས་མུ་སལ་མན་བསྒྱུར་ནས་འདུག་ཏུ་བཅུག དེ་ནས་ཛ་ཡ་ལཽ་དིན་གྱིས་ལོ་༦ ལ་བཟུང་། དེའི་རིང་སོག་དམག་དང་ཐུག་ནས་ཉིན་གཅིག་ལ་མི་སྟོང་གསུམ་ལྷག་བསད་དེ་སོག་དམག་ཕམ། ཅི་ཏོར་རྒྱལ་བོའི་ཆུང་མ་འཕྲོག སྡུག་རྩིབ་ཆེ་ལོ་༢༠ བཟུང་མཐར་བློན་པོ་མ་ལིག་ཀ་ཕུར་ཀྱིས་དུག་བཏང་སྟེ་བསད་དོ།། བློན་དེ་ཉིན་ལྔ་ལས་གཡོག་ཅིག་གིས་བསད། དེ་ནས་སྔོན་གྱི་རིགས་ཀུ་བུ་འདིན་བྱ་བ་ཆང་དང་བུད་མེད་ལ་མོས་པ་ཞིག་གིས་བཟུང་བ། རིགས་ངན་པ་ཞིག་གི་བསད། དེ་བློན་པོ་རྣམས་ཀྱིས་བསད་དོ། །དེ་ནས་ཏུ་རུ་ཀའི་རྒྱལ་བོ་དུག་ལཱག་ཤ་བྱ་བ་རྡེ་ལིར་ཁྲི་ལ་འཁོད། མི་རིང་བར་རང་གི་བུ་མོ་ཧཱམ་མ་ཏ་བྱ་བས་གཡོ་བྱས་ཏེ་བསད་རང་ཉིད་ཁྲི་ལ་འཛེགས། མི་དམངས་སྡུག་ལ་གཏད་ལོ་༢༧ བཟུང་། དེ་ནས་དེའི་ཚ་བོ་ཕི་ཏུ་ཅི་བྱ་བས་ཁྲི་བཟུང་། རྒྱལ་ཁབ་མང་མུ་སལ་མན་ལ་བསྒྱུར་། ཕ་རུ་ཤི་ནས་ལོ་མང་བོར་རྡེ་ལི་ཁྲི་འཕྲོག་བརྩོད་བྱས། སྐབས་དེར་ཏུ་རུ་ཀའི་རྒྱལ་བོ་ཨི་མུར་ཏི་བྱ་བ་སླེབས་ཇིང་གར་རིགས་ཡིན་པར་སེམས། རྒྱ་གར་བ་དང་ཀླ་ཀློ་གཉིས་ཀ་འཐབ་ཀྱང་མ་ཐུབ་རྡེ་ལིར་ཁྲི་བསྡད། འཕྲད་ཚད་བསད། རྡེ་ལེར་ལམ་ནས་བཟུང་ཡོང་བའི་མི་འབུམ་གཅིག་བསད། ནོར་མང་བོ་འཕྲོག མི་རིང་བར་སམགན་དུ་ལོག དེ་ནས་མོཧམནད་དུག་ལག་བྱ་བས་ལོ་ཁ་ཤས་རྒྱལ་བོའི་ཚབ་བྱས་ཏེ་ཤི་བས་ཏུ་རུ་ཀའི་རྒྱལ་རབས་རྫོགས། དེ་དུས་བོད་ཡུལ་ན་རྗེ་ཙོང་ཁ་པ་བཞུགས་དུས་ཁེལ་འདུག དེ་ནས་ས་ཝན་གྱི་རྒྱལ་པོ་བལོལལོ་བྱ་བས་ཁྲི་བཟུང་། རྒྱལ་བོ་གཉིས་གསུམ་བྱོན། ཀླ་ཀློའི་སྤྱི་ཚུལ་བཟང་། དེ་ལ་བལོལོའི་རྒྱལ་བརྒྱུད་ཟེར།
མོངྒོལ་རྒྱལ་རབས།
དེ་ནས་ཀབུལ་ན་གནས་པའི་མོངྒོལ་རྒྱལ་བོ་བྷདུར་བྱ་བ་འོང་ནས་རྡེ་ལིའི་ཁྲི་བཟུང་། ཆོས་ལུགས་ཀླ་ཀློའི་ལུགས་བྱེད། རིགས་ནི་ཇིང་གར་ཧན་ནས་རྩིས་པའི་མི་རབས་བཅུ་བཞི་བ་ཡིན་འདུག སྐབས་དེར་འཛམ་གླིང་བྱིངས་ཕལ་ཆེར་སོག་པོས་དབང་བསྒྱུར་ཡོད་པ་ངོ་མཚར་ཆེ་ཟེར་། ཁོ་སྙན་ངག་པ་ཞིག་ཀྱང་ཡིན་ལ་དྲན་པ་ཞེས་པའི་རང་གི་རྟོགས་བརྗོད་ཏ་ཟིག་སྐད་དུ་བརྩམས་པ་ད་ལྟའི་བར་ཡོད་འདུག འདས་ལོ་༢༠༧༠ པ་ལ་ལོ་༥ ལ་ཁྲི་བཟུང་མི་གཤིས་བཟང་བོ་ཞིག་ཡིན། བུརྡུམ་བྱ་བ་ལ་དབང་སྤྲད། མི་རི་བར་བློན་པོ་ཤར་ཤཱ་བྱ་བས་དབང་འཕྲོག་ལོ་ཤས་ལ་ཕ་བུ་གསུམ་གྱིས་དབང་བཟུང་ཀྱང་། མི་རིང་བར་རྡུམ་ཡན་ཏ་ཟིག་རྒྱལ་བོས་རོགས་བྱས་ནས་སླར་ལྡེ་ལི་ཁྲི་ལ་འཁོད། དེའི་བུ་ཨགབྷར་འདས་ལོ་༢༠༨༦ ལོར་ཁྲི་བཟུང་ལོ་རང་ལོ་༡༣ ཡིན། སྐབས་དེར་རྒྱ་གར་ཀྱི་མི་ཨ་ཕ་གན་གྱི་དམག་དཔོན་ཞིག་གིས་རྒྱལ་ས་འཕྲོག ཨགབྷར་དང་བྷེརམ་སྤུན་གཉིས་དམག་འཁྲིད་དེ་འཐབ་པས་རྒྱལ། ལྷོ་ལམ་ནས་གོདཝནི་རྒྱལ་མོ་ཕམ། ནུབ་ཏུ་རཛིཔུཏ་རྫོང་མཁར་ཅི་ཏོར་བྱ་བ་བླངས་མི་ཁྲི་གསུམ་ལྷག་བསད། ཛཡེམལ་དང་པུཏ་བྱ་བའི་དཔའ་བོ་གཉིས་ལ་བསྟོད་པ་བྱས། གུཛར་དང་། བྷངྒལ། ཁ་ཆེ། ཀ་བུལ་ཨོ་རྒྱན་ནུབ། བྱང་དུ་ཁ་བ་ཅན། ལྷོར་ནརམད། ཤར་དུ་ཀམརུཔ། ནུབ་ཏུ་གྷཟིནིའི་རྒྱལ་ས་ལ་ཐུག་བར་བཟུང་། མོངྒོལ་ལ་རྒྱལ་བོ་འདི་ལས་གྲགས་པ་མེད་ཟེར། ཆོས་དང་རིགས་གནས་ལ་དགའ་བས་རང་སར་བཞག མི་དམངས་ལ་བདེ་སྐྱིད་ཤར་། ལོ་༧༠ ལ་བཟུང་། སྐབས་དེར་མཁས་པ་མང་བོ་བྱོན་ཡོད་ལ་གྲགས་ཆེ་བ་ཏིལསིདཱཔ་བྱ་བ་བྱུང་། ར་མ་ཎའི་སྒྲུང་མགངྷའི་སྐད་དུ་བརྩམས། དེའི་བུ་སུ་བུསལིམམཔས་ཁྲི་བཟུང་། ཛྙང་གིར་བྱ་བའི་ཆོ་ལོ་ཐོབ། དེའི་བུ་ཁུ་ས་རབ་ལ་བྱ་བས་ངོ་ལོག་པ་བསད། སིཀ་གི་གུ་རུ་སྲིད་སྒྲུབ་བྱ་བ་བསད། ཏ་ཟིག་བུ་མོ་ནོར་རྒྱན་བྱ་བ་འཕྲོག་སྟེ་བཙུན་མོ་བྱས། མཐར་རང་གི་བུ་ཤཱཛྷང་ཧན་དྲི་ཟའི་རྒྱལ་བོ་ཡིན་པ་ངོ་ལོག་སྟེ་ཁོ་བཟུང་། རང་གི་རྟོགས་བརྗོད་བྲིས་པ་ཡོད། ཇོ་ནང་ཏཱ་རནཱ་ཐས་རང་རྒྱུད་གཅིག་པའི་སྤྲུལ་བ་ཡིན་པར་གསུངས། བཙོན་ལས་གྲོལ་སྟེ་ཤི། དེ་ནས་དེའི་བུ་ཤཱཛྙང་གིས་ཁྲི་བཟུང་། མུ་ཏིག་ལྷ་ཁ་བཞེངས། རྨ་བྱའི་གསེར་ཁྲི་བྱ་བ་བཞེངས། རྗེས་སུ་ཁྲི་དེ་ཏ་ཟིག་རྒྱལ་བོ་ནཱ་དིར་གྱིས་འཕྲོག ནོར་རྒྱན་མའི་ཚ་མོ་ཏཱཇིམཱལ་བྱ་བ་ཆུང་མར་བླངས་མཛའ་རྩེ་ཆེ་བས་མོར་ནད་བྱུང་བས་འཆི་ཁར་ཁ་ཆེམས་ལ་མོར་དུར་ཁང་ཡག་པོ་ཞིག་བྱོས་ཞེས་པས་ཏཱབཇིམཱལ་དུ་གྲགས་པའི་དུར་ཁང་གྲགས་ཆེ་བ་ད་ལྟ་ཡོད་པ་དེ་བཙུགས། རྡེ་ལི་མཁར་རྫོང་ཡང་དེའི་སྐབས་སུ་བཙུགས། དེ་ལ་བུ་བཞི་ཡོད་པ་ལས་བུ་གཉིས་པ་སུཛནི་ཕྱིས་བྷངྒལའི་རྒྱལ་བོར་བསྐོས། གོང་ས་ལྔ་བ་ལ་འཕྲིན་བཏང་། བུ་ཆུང་བ་ཨོརནཛེབ་དཔའ་བོ་ཞིག་ཡོད་པས་ལྷོ་ཕྱོགས་ལ་དམག་དྲངས་པས་རྒྱལ། ཕ་རྒན་ལ་གཡུལ་སྤྲད་པས་ཕམ་དེ་ཤི། དེ་ནས་ཁོ་ལ་ཁྲི་ཐོབ། ཀ་མཱ་རུ་བ་དང་། བྷངྒལ་ཤར་། ནུབ་ཏུ་ཀབིལ། བོད་སོགས་ཆབ་འོག་ཏུ་བཅུག ལུང་ཀོ་རན་མ་གཏོགས་སུ་ལ་ཡང་བློ་མི་གཏོད། སྡུག་རྩིབ་ཆེ། ལྷ་ཁང་རྙིང་བརྒྱ་ལྷག་བཤིག ཤུལ་དུ་ཀླ་ཀློའི་ཆོས་ཁང་བཙུགས། ལོ་ ༥༠ ལྷག་ལ་སྲིད་བསྐྱངས། དེ་ནས་དེའི་བུ་རྒན་པ་མུ་ཟམ་གྱིས་ཁྲི་བཟུང་། སྤུན་དུ་མ་ཡོད་པ་དང་མ་འཆམས་པར་རིམ་གྱིས་རྒྱལ་ཁམས་སིལ་བུར་འཐོར་། སྐབས་དེར་ལྷོ་ལམ་རྣམ་རྒྱལ་གྲོང་ཁྱེར་ན་རྒྱལ་བོ་ཤི་བ་ཛི་བྱ་བས་སྲིད་བཟུང་། ཀླ་ཀློའི་རྒྱལ་བོ་ཨཟལ་ཧན་ལྟོ་བ་ཁྲལ་ཏེ་བསད། མཧརཎའི་རྒྱལ་སྲིད་བྱ་བར་གྲགས་ཧིན་དུ་ལ་ཕྱིས་སུ་འདི་ལས་གྲགས་ཆེ་བའི་རྒྱལ་བོ་མེད། དེ་ནས་སིཀ་རྣམས་ཀྱང་དར་། སིཀ་ཀྱི་སྟོན་པ་དང་བོ་གུ་རུ་ནན་ཀདེབ་བྱ་བ་བྱོན། དེ་ནས་སིཀ་ཀྱི་གུ་རུ་བཅུ་བྱོན། ཁོ་རང་ཚོ་ད་བར་དུ་བསྟན་པ་གནས་ཡོད། དེ་ནས་ལྷོ་ལམ་ན་རྒྱལ་བོ་ཤིབཇའི་ཚ་བོ་རཱཛཧུའི་བློན་པོ་ཤྭ་བྱ་བས་ལྷོ་ལམ་ཧྲིལ་བོ་དབང་འོག་ཏུ་བཅུག དུས་དེར་འདས་ལོ་༢༢༡༠ བ་ལ་ཏ་ཟིག་ཡུལ་དུ་ཇག་པ་ཆེན་པོ་ནདིར་བྱ་བ་རྒྱ་གར་ལ་སླེབས་ཨོརནཛེབ་ཀྱི་ཡང་ཚ་མོཧམམདཤཱ་བྱ་བས་རྡེ་ལི་ཁྲི་བཟུང་བ་ཕམ་མི་འབུམ་གཅིག་ཁྲི་ལྔ་བསད། རྒྱལ་བོས་ཞུ་བ་ཕུལ་བས་མ་བསད། རྨ་བྱའི་ཁྲི་དང་དངོས་རྫས་མང་བོ་ཁྱེར་ཏེ་སླར་ལོག ཕྱི་ནས་མོཧམམདཤཱས་ཁྲི་བཟུང་ཡང་བློན་པོས་མིག་བཏོན་ནས་ཁྲི་ལས་ཕབ། དེ་དང་དུས་མཉམ་དུ་ཨབཕགན་གྱི་དམག་དཔོན་རིདུནཱན་དུས་ཀྱི་མུ་ཏིག་བྱ་བ་སླེབས། རྡེ་ལི་བཅོམ་བརླག་གཉིས་ཀ་བཅོམ། སྐབས་དེར་མཧཱརལཊའི་བློན་པོ་རགྷུནཐས་དམག་དྲངས་ཏེ་དུས་ཀྱི་མུ་ཏིག་སིན་དུ་བར་དུ་དེད། ཆུ་ལྔའི་ཡུལ་བཟུང་། བྱང་དུ་ཁ་ཅན། ལྷོར་སཝུར་སོགས་རྒྱ་ཆེ་བར་བཟུང་ཀྱང་ལོ་གཅིག་ལས་མ་འགོར་བར་དུས་ཀྱི་མུ་ཏིག་སླར་སླེབས་ཏེ་འཐབ་པས་མཧཱརལཊ་རྣམས་ཕམ་མི་འབུམ་གཉིས་བསད། དེ་ལྟར་མོངྒོལ་རྒྱལ་བོའི་སྟོབས་ནི་སྔར་ནས་ཆག མཧཱརལཊ་པ་རྣམས་ཀྱི་རྒྱལ་སྲིད་བརྟན་པོ་ཞིག་འཛུགས་མ་ནུས་པའི་སྐབས་ལ་ཕྱི་གླིང་ཡོ་རོབ་པའི་ཚོང་བ་རྣམས་ཀྱིས་རྒྱ་གར་ཡུལ་གྲུ་འདི་བདེ་བླག་ཏུ་འཛིན་ནུས་པའི་སྐབས་འགྲིགས་སོ། །
དབྱིན་ཇིས་བཙན་རྒྱལ་རིང་ལུགས་པ།
ཕྱི་ལོ་༡༨༧༧ ལོར་དབྱིན་ཇིས་བྷཱིརེཊེ་བྱ་བས་དབང་བསྒྱུར་། རྒྱལ་མོ་བེ་ཏོ་ལེ་ཡས་འགན་བླངས། རྒྱུ་ནོར་མང་བོ་དབྱིན་ཇི་ལ་དྲངས། ཆོས་ལུགས་རང་སར་བཞག བླ་དྭགས་དང་འབྲས་ལྗོངས་སོགས་བོད་ཀྱི་ཆ་ཤས་འགའ་ཡང་ནང་དུ་བསྡུས། བྲམ་ཟེའི་ཆོས་ལུགས་དང་དབྱི་སི་ལན་ཆོས་ལུགས་གཉིས་མ་མཐུན་པར་ཕྱི་ལོ་༡༩༤༧ ལོར་མངའ་ཁོངས་བགོས་ནས་རྒྱལ་ཁབ་གཉིས་སུ་གྱུར་།
རྒྱ་གར་ལ་ཡང་བསྐྱར་རང་དབང་ཐོབ་པ།
ཕྱི་ལོ་༡༩༤༨ ལོར་མཧཱགངྷི་སོགས་རང་འཐབ་རྩོད་པ་རྣམས་ཀྱི་འབད་བརྩོན་ལ་བརྟེན་ནས་རྒྱ་གར་ལ་རང་དབང་ཐོབ།
ཅེས་པ་འདི་ནི་མཛོད་པ་དགེ་འདུན་རྒྱ་མཚོས་ཕྱི་ལོ་ཟླ་ཚེས་ལ་ ༢༠༢༠/༢/༡༥ ལ་གྲོང་ཁྲེར་སྤོས་ངད་ལྡན་ནས་རང་གི་བློ་ལ་ངེས་ཕྱིར་བྲིས་པ་འདིས་གཞན་ལའང་ཕན་པར་ཤོག ། ། །
ཟུར་བལྟའི་དཔྱད་ཡིག
རྗེ་བཙུན་ཏཱ་ར་ནཱ་ཐས་རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་༡༩༨༦ ལོ། གཏམ་རྒྱུད་གསེར་ཀྱི་ཐང་མ་དགེ་འདུན་ཆོས་འཕེལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་༢༠༠༨ ལོ་པར་འཐེངས་གཉིས་པ། དེབ་སྔོན་གསར་མ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་། གངས་ལྗོངས་ནང་རིག་མཐུན་ཚོགས་ཀྱིས་པར་སྐྲུན་བྱས་༢༠༠༧ ལོ། དུས་འཁོར་ཆོས་འབྱུང་ཆག་ལོ་རིན་ཆེན་ཆོས་རྒྱལ། བོད་ལྗོངས་ཡིག་རྙིང་བོད་ཡིག་དཔེ་སྐྲུན་ཁང་༢༠༡༤ ལོ། རྒྱ་གར་སངས་རྒྱས་ཆོས་ལུགས་ཀྱི་བྱུང་འཕེལ་ལོ་རྒྱུས་མདོར་བསྡུས་བསོད་ནམས་རྒྱལ་མཚན། མི་རིགས་དཔེ་སྐྲུན་ཁང་༢༠༡༣ ལོ། རྒྱ་གར་འཕགས་ཡུལ་གྱི་རིགས་གནས་བོད་གངས་ཅན་ལ་ཇི་ལྟར་འབྲེལ་ཚུལ་རྒྱ་ཡེ་བཀྲ་བྷོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་༢༠༡༧ ལོ། ཉི་མའི་རིགས་ཀྱི་རྒྱལ་རབས་དང་ཟླ་བའི་རིགས་ཀྱི་རྒྱལ་གུ་གེ་པཎྜིཏ་གྲགས་པ་རྒྱལ་མཚན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་༢༠༡༨ ལོ་པར་ཐེངས་གཉིས་པ། མན་ལུང་གུ་རུའི་ལམ་ཡིག་མན་ལུང་གུ་རུ་། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་བའི་རྣམ་ཐར་ཆོས་དཔལ་དར་དཔྱངས། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲིའི་རྣམ་ཐར་ཁྲོ་ཕུ་ལོ་ཙཱ་བས་མཛད་པ་བཅས་སོ། ལོ་པཎ་རྣམ་ཐར་ཕྱོགས་བསྒྲིགས་ཞེས་པ་ཀྲུང་གོའི་ཤེས་རིག་དཔེ་སྐྲུན་ཁང་༢༠༡༨ ལོ། །
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།