སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཞབས་ཀྱིས་བཅགས་པའི་གནས་རི་འགངས་ཆེན།

  གཅིག སློབ་དཔོན་གྱི་བཞུགས་གནས་གཡང་ཁྱུང་རེ་བོ་སྒང་གི་མཚམས་ཁང་།

     མདོ་སྨད་གཅན་ཚའི་གཡང་ཁྱུང་རེ་བོ་སྒང་མཚམས་ཁང་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གི་ལྷོ་ཕྱོགས་སུ་སྤྱི་ལེ་གསུམ་ཙམ་གྱི་མཚམས་སུ་ཡོད་ལ། ད་ལྟའི་སྲིད་འཛིན་གྱི་ཁྱབ་ཁོངས་ལྟར་ན་གཅན་ཚ་རྫོང་སྣང་ར་ཞང་གི་ཁོངས་སུ་གཏོགས་པའི་གཡང་ཁྱུང་སྡེ་བའི་ས་ཐོག་ཏུ་ཡོད་ཅིང་། དམངས་གཙོ་བཅོས་སྒྱུར་མ་བྱས་པའི་སྔོན་དུ། སྣང་རའི་སྟོང་དཔོན་གྱི་མངའ་སྡེ་སྟེ་སྣང་རའི་གྲོང་བརྒྱད་ཀྱི་ཡ་གྱལ་གླས་གསུམ་གྲོང་གི་གཡང་ཁྱུང་རེ་བོ་སྒང་མཚམས་ཁང་ཞེས་འབོད་པ་རེད། རེ་བོ་སྒང་གི་མཚམས་ཁང་འདིའི་ཉེ་འདབས་ཀྱི་རྨ་ཆུའི་ཕ་རོལ་གྱི་ཤར་ལོགས་སུ་གྲམ་པ་དཀར་པོ་ཞེས་པའི་སྡེ་པ་ཡོད་པ་དང་། ལྷོ་ཡི་ཉེ་ལོགས་སུ་གཡང་ཁྱུང་སྡེ་པ་ཡོད། ནུབ་ཀྱི་ཉེ་ལོགས་སུ་ཉ་མོ་ལུང་པ་ཞེས་པའི་སྡེ་པ་ཡོད། བྱང་གི་ཉེ་ལོགས་སུ་མར་ཁུ་ཐང་རྫོང་ངམ་མར་ཁུ་ཐང་སྡེ་པ་ཡོད། དེ་ལ་རེ་བོ་སྒང་འདིར་རི་གོང་ཞོལ་གཉིས་ཡོད་ཅིང་། རི་དེ་གཉིས་ཀྱི་ཉིན་ཕྱོགས་ནི་ས་དམར་པོ་ཡིན་ཞིང་རྩྭ་རྩི་ཤིང་མི་སྐྱེ་ལ། བྱུ་རུ་དམར་པོ་སྤུངས་པ་ལྟར་རི་ངོས་མཐོ་རྒྱུ་མེད་ཀྱང་ཧ་ཅང་གཟར་པོར་ཡོད། ཁ་གཏད་དུ་གཡང་ཁྱུང་སྡེ་པ་ཡོད། སྲིབ་ཕྱོགས་ནི་ས་ནག་པོ་སྤང་རི་ཡིན་ཞིང་རི་ངོས་གཟར་རྒྱུ་མེད་པར་མ་ཟད། ད་དུང་དབྱར་ཁར་རྩི་ཤིང་སྣ་ཚོགས་སྐྱེས་ཤིང་། ལྷག་པར་དུ་རི་འདབས་སུ་རྩྭ་གྲེས་མ་ཧ་ཅང་མོད་པོ་སྐྱེས་ཡོད་པའི་རྐྱེན་གྱིས་གྲེས་མའི་གསེབ་ཏུ་ཡར་མངོན་པར་ཐོན་པའི་སྒང་ངམ་ཡང་ན་རི་དེ་ནི་རྩྭ་གྲེས་མའི་ཕུང་པོ་དང་མཚུངས་པར་བརྟེན་ནས་གྲེས་མའི་སྒང་ཟེར། ཡུལ་སྐད་དུ་རྩྭ་གྲེས་མ་ལ་གྱེར་མ་ཞེས་པའི་སྒྲ་ལྟར་འབོད་པས་གྱེར་སྒང་མཚམས་ཁང་ཞེས་འབོད་ཚུལ་ཡང་ཡོད། ཁ་གཏད་དུ་ཡོད་པ་ནི་གཅན་ཚ་རྫོང་མཁར་ཡིན། རེ་བོ་སྒང་ཟེར་བའི་རྒྱུ་མཚན་ནི་གཡང་ཁྱུང་སྡེ་བའི་ལ་བཙས་རེ་བོ་སྒང་གོང་ཞོལ་གྱི་བར་མཚམས་སུ་ཡོད་པས་གཞི་བདག་གི་མིང་ལ་ཨ་མྱེས་རེ་བོ་ཟེར་བས་ས་དེར་རེ་བོ་སྒང་ཟེར་ལ། སློབ་དཔོན་བཞུགས་གནས་ལ་རེ་བོ་སྒང་མཚམས་ཁང་ཞེས་གཡང་ཆུང་སྡེ་མི་ཀུན་གྱིས་ངག་ན་གླེང་བཞིན་ཡོད། འོ་ན་གྱེར(དྲེས་མ)སྒང་ཞེས་འབོད་པ་ནི་དང་ཐོག་མར་ཁུ་ཐང་སྡེ་པ་ནས་བལྟས་ཚེ་རྩྭ་གྲེས་མ་མང་པོ་སྐྱེས་ཡོད་པ་གཞི་བྱས་ཏེ་བཏགས་པ་ཕྱིས་སུ་རིམ་བཞིན་གཅན་ཚ་རྫོང་མཁར་གྱི་མི་ཀུན་ལ་རྒྱུན་འབྱམས་སུ་གྱུར་ནས་གྱེར་སྒང་ཞེས་འབོད་ཚུལ་བྱུང་བར་སྙམ། གང་ལྟར་རེ་བོ་སྒང་དང་གྱེར་སྒང་གཉིས་ནི་རི་གཅིག་གི་མིང་ཡིན་མོད། འོན་ཀྱང་འདིར་སློབ་དཔོན་བཞུགས་སའི་མཚམས་ཁང་ནི་ཉིན་ཕྱོགས་སུ་ཡོད་པར་མ་ཟད། གཡང་ཁྱུང་སྡེ་པའི་སྐྱེས་ལྷ་ཨ་མྱེས་རེ་བོ་བཞུགས་སའི་ཡུལ་ཡང་ཡིན་པས་གནས་འདིར་རེ་བོ་སྒང་མཚམས་ཁང་ཞེས་བརྗོད་ན་དོན་ལ་གནས་པར་སྙམ། རེ་བོ་སྒང་ཞོལ་མའི་འདབས་སུ་རྨ་ཀླུང་རིང་མོ་དལ་གྱིས་གཡས་སུ་འཁྱིལ་ནས་བཞུར་བར་མ་ཟད། བྱུར་དམར་སྤུངས་འདྲའི་བྲག་གཟར་ངོས་སུ་བྲག་ཐེམ་ཞིག་ཡོད་པ་དེར་ཁང་པ་ཆུང་ཆུང་ཞིག་ཕུབ་ནས་དེའི་ནང་དུ་སློབ་དཔོན་ཨོ་རྒྱན་པདྨ་འབྱུང་གནས་ཀྱི་སྐུ་འབག་བཞེངས་ཤིང་རྒྱང་རིང་ནས་བལྟས་ན་གསལ་ལ་མི་གསལ་བར་གནས་པ་དེར་མི་རྣམས་ཀྱིས་མཚམས་ཁང་ཞེས་འབོད་བཞིན་མཆིས། སྤྱིར་མཚམས་ཁང་ནི་རྒྱུ་འགྲུལ་གྱི་མཚམས་བཅད་དེ་སྒྲུབ་པ་ཉམས་སུ་ལེན་མཁན་སྡོད་སའི་ཁང་པ་ལ་ཟེར་མོད། འདིར་སློབ་དཔོན་བཞུགས་ཤུལ་ནས་རང་བྱུང་གི་ཆུ་མིག་བརྡོལ་བ་དང་ཤུག་སྡོང་སྐྱེས་པ་ཕྱིས་སུ་ཆུ་མིག་སྐམ་པ་དང་བསྟུན་ནས་ཤུག་སྡོང་ཡང་སྐམ་པ་རེད། གཞན་ཡང་སློབ་དཔོན་ཁོང་གི་རྡོ་རྗེ་ཁྲུ་གང་མ་དང་ཤུག་སྡོང་གཉིས་ལ་བརྟེན་ནས་གཡང་ཁྱུང་སྡེ་པས་སློབ་དཔོན་གྱི་འབག་སྐུ་བཞེངས་ནས་དེའི་སྲོག་ཤིང་ལ་ཤུག་སྡོང་སྐམ་པོ་བཞག་སྟེ་རྡོ་རྗེ་ཁྲུ་གང་མ་སོགས་གཟུངས་གཞུག་ཏུ་འབུལ་ཏེ་ཁང་པ་ཆུང་ཆུང་ཞིག་ཕུབ་ཡོད་པ་རེད།

39-753964-11.jpg

གཉིས། སློབ་དཔོན་གྱི་སྤྱིའི་ལོ་རྒྱུས་རགས་བསྡུས།

     མཁན་སློབ་ཆོས་གསུམ་གྱི་ནང་གསེས། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ནི་ཨོ་རྒྱན(ཨོ་རྒྱན་ནི་ཨོ་ཊི་ཡ་ན་སྟེ་འཕུར་འགྲོ་ཞེས་པ་ཟུར་ཆག་པ་དང་སྔར་རྒྱ་གར་ནུབ་ཕྱོགས་ཀྱི་རྒྱལ་པོ་ཨིནྡྲ་བྷུ་ཏི་བྱོན་པའི་ཡུལ་ཏེ་རྒྱལ་ཕྲན་ཆུང་ངུ་ཞིག་ཡིན། དེང་སང་ཨ་ཧྥུ་ཧན་ཟེར།〈今之阿富汗〉)གྱི་ཡུལ་དུ་སྐུ་འཁྲུངས། རྒྱལ་པོ་ཨིནྡྲ་བོ་ངྷིས་སྤྱན་དྲངས་ཏེ་པདྨ་འབྱུང་གནས་དང་མཚོ་སྐྱེས་རྡོ་རྗེ་ཞེས་གསོལ། ཟ་ཧོར་གྱི(ཟ་ཧོར་ནི་རྒྱ་གར་སྐད་ཟ་ཧོ་རའི་ཟུར་ཆག་སྟེ། དེ་སྔོན་བོད་ཀྱི་ལོ་རྒྱུས་ཐོག་རྒྱ་གར་བྷངྒ་ལ་ཟེར་བའི་ཡུལ་གྱི་མིང་སྟེ། དེང་སང་མེང་ཅ་ལར་ཟེར།(在今孟加拉地区)ཡུལ་དུ་བྱོན་ནས་སློབ་དཔོན་པྲ་བྷ་ཧསྟི་ལས་རབ་ཏུ་བྱུང་ནས་མཚན་ཤཱཀྱ་སེང་གེར་གྲགས། ཟ་ཧོར་དང་ཨུ་རྒྱན་གྱི་ཡུལ་རྣམས་སུ་གདུལ་བྱ་སྐལ་བཟང་རྣམས་ཆོས་ལ་བཀོད་ཅིང་མཚན་པད་མ་དཀར་པོར་གྲགས། དུས་རབས་བརྒྱད་པའི་དཀྱིལ་ཙམ་ལ་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་སྤྱན་དྲངས་ཏེ་བོད་དུ་ཕེབས། དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས། བོད་ཕྲུག་ཤེས་རབ་ཅན་རྣམས་ལ་ལོ་ཙཱ་བསླབས། མདོ་སྔགས་ཀྱི་བཀའ་དང་བསྟན་བཅོས་གཙོ་ཆེ་བ་རྣམས་བོད་སྐད་དུ་བསྒྱུར། མངའ་བདག་རྒྱལ་པོ་དང་། ཡེ་ཤེས་མཚོ་རྒྱལ་སོགས་ལས་ཅན་གྱི་སྐྱེས་བུ་རྣམས་ལ་བཀའ་བརྒྱད་དང་རྡོ་རྗེ་ཕུར་པ་མན་ངག་ལྟ་ཕྲེང་སོགས་གསང་སྔགས་ཀྱི་ཆོས་ཀྱིས་སྨིན་ཅིང་གྲོལ་བར་མཛད་ལ། རབ་བྱུང་ངུར་སྨྲིག་གི་སྡེ་དང་། གོས་དཀར་ལྕང་ལོའི་སྡེ་ཞེས་དགེ་འདུན་གྱི་སྡེ་གཉིས་དར་རྒྱས་སུ་བཏང་ལ། རྒྱ་ནག་རི་བོ་རྩེ་ལྔ་དང་ཀན་སུའུ་སུག་ཅུར་ཡང་ཕེབས་པ་ནི་ཏུན་ཧོང་ཡིག་རྙིང་དུ་གསལ་བ་དང་། མཐར་ལྷོ་ནུབ་རྔ་ཡབ་གླིང་དུ་བྱོན་ནས་སྲིན་པོའི་རྒྱལ་པོ་རཀྵ་ཐོད་ཕྲེང་རྩལ་ཞེས་གྲགས། སློབ་དཔོན་ཞེས་པའི་མཚན་ནི་ཁོང་ཉིད་བོད་ལ་ཕེབས་ནས་སད་མི་བདུན་རབ་ཏུ་བྱུང་ཞིང་རྗེ་འབངས་ཀུན་ལ་ཆོས་གསུངས་ཏེ་སློབ་དཔོན་མཛད་པའི་དུས་དེ་ནས་ཐོགས་ཤིང་། པདྨ་འབྱུང་གནས་ཞེས་པའི་མཚན་ནི་ནུབ་ཕྱོགས་ཨོ་རྒྱན་ཡུལ་གྱི་རྒྱལ་པོ་ཨིནྡྲ་བོ་བྷི་ཕྱིའི་རྒྱ་མཚོའི་གླིང་ལ་སྐྱོད་སྐབས། པདྨའི་སྡོང་པོ་ཞིག་སྐྱེས་པའི་དབུས་སུ་ཁྱེའུ་ལོ་བརྒྱད་ལོན་པའི་ན་ཚོད་ཅན་བཞིན་ལེགས་པ་ཞིག་འཁྲུངས་པ་རང་གི་བུ་སྐལ་དུ་གདན་དྲངས་ནས་མཚན་ལ་པདྨ་འབྱུང་གནས་སམ་ཡང་ན་སྐྱེ་འཆི་གཉིས་སྤངས་པདྨའི་ནང་ནས་འཁྲུངས་པས་པདྨ་འབྱུང་གནས་ཞེས་ཟེར། མཚན་གྱི་འབོད་ཚུལ་ལ་དེ་བ་པུ་ཏྲ་དང་། ཨ་ཙ་ར། མཚོ་སྐྱེས་རྡོ་རྗེ། ཨོ་རྒྱན་ཟ་ཧོར་མ། ཨོ་རྒྱན་རིན་པོ་ཆེ། སྲིན་པོའི་རྒྱལ་པོ་རཀྵ་ཐོད་ཕྲེང་རྩལ། གསང་མཚན་རྡོ་རྗེ་དྲག་པོ་རྩལ། སློབ་དཔོན་པདྨ་འབྱུང་གནས་སོགས་མང་པོ་ཡོད།

གསུམ། སློབ་དཔོན་གྱིས་སིལ་ལེ་འབྲོག་ཞེས་པའི་ས་ཆར་སྲིན་པོ་དམ་དུ་བཏགས་པའི་ངག་རྒྱུན།

     རྨ་ཀླུང་སྔོན་མོ་ནི་གཅན་ཚའི་གཡང་ཁྱུང་རེ་བོ་སྒང་འོག་མའི་མདུན་གྱི་ཁུགས་སོ་རུ་གཡས་འཁྱིལ་ཚུལ་དུ་དལ་བ་དལ་བུར་བཞུར་ནས་དགུ་ཁོག་ཏུ་རོང་པོ་དགུ་ཆུ་དང་འདྲེས་ཏེ་གྲོག་རོང་དོག་པོ་ཤ་བོ་འགག་གི་ཕྱོགས་སུ་འབབ་བཞིན་ཡོད་ལ། གཡང་ཁྱུང་རེ་བོ་སྒང་ནས་རྨ་ཆུ་དང་རོང་བོ་དགུ་ཆུ་གཉིས་འདྲེས་མཚམས་ཀྱི་སིལ་ལེ་འབྲོག་བར་དུ་ཧ་ལམ་སྤྱི་ལེ་བཅུ་བཞིའི་ཡས་མས་ཙམ་ཡོད་པ་རེད། ཡུལ་འདིའི་ངག་རྒྱུན་ལྟར་ན་བཤད་ཚུལ་མི་འདྲ་བ་གཉིས་ཡོད་དེ། དང་པོ་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་དབུས་གཙང་ཡུལ་ནས་གཙོ་བྱས་ཏེ་ཡུལ་ལུང་ཀུན་ཏུ་བདུད་སྲིན་མང་པོ་དམ་ལ་བཏགས་ནས་མདོ་སྨད་གཅན་ཚའི་གཡང་ཁྱུང་རེ་བོ་སྒང་གོང་འོག་ཅེས་པའི་རེ་བོ་སྒང་འོག་མའི་རི་རྐེད་ལ་ཞབས་ཀྱིས་བཅགས་ནས། མ་གི་སིལ་ལེ་འབྲོག་སྟེ་དགུ་ཁོག་ཟམ་པ་ཡོད་པའི་རོང་བོ་དགུ་ཆུ་དང་རྨ་ཆུ་གཉིས་འདྲེས་མཚམས་ཀྱི་ཆུ་མདོའི་གཡོན་གྱི་སྟག་རྫོང་ཟེར་བའི་རི་ངོས་སུ་སྲིན་པོ་བཟའ་ཟླ་དང་སྲིན་ཕྲུག་གསུམ་བཅས་ཁྱིམ་ཚང་གང་པོ་འགྲོ་བཞིན་པ་གཟིགས་ནས་དམ་དུ་བཏགས་པར་མ་ཟད་ཁ་ཟས་སུ་སྲིན་པོ་ཕོ་ལ་མི་ཤི་བའི་བེམ་པོ་རྨ་ཆུར་འཕངས་ནས་ཁུར་ཡོང་བ་དག་ཟ་བ་དང་། སྲིན་པོ་མོ་ལ་མིའི་བེམ་པོ་དགུ་ཆུར་འཕངས་ནས་ཁུར་ཡོང་བ་དག་བཟུང་ནས་ཁྱེད་བཟའ་མིའི་གང་པོའི་འཚོ་རྟེན་བྱེད་རྒྱུར་བཀའ་གནང་བར་བཤད། ཕྱིས་སུ་སྲིན་པོ་ཕོ་ཡིན་ཟེར་པའི་རྫ་རི་ཞིག་གི་ཁའམ་གདོང་ནི་རྨ་ཆུའི་ནང་དུ་གཏད་དེ་བལྟས་ནས་བསྡད་ཡོད་པའི་བཟོ་ལྟའི་བྲག་རྡོ་དེར་ཕོ་གདོང་ཟེར་བ་དང་།(ཆུ་དོང་ཟབ་མོ་ཡོད་སར་གནས་པའི་བྲག་རྡོ་ལ་ཕོ་དོང་ཞེས་ཀྱང་ཟེར་ཆོག་སྙམ།) སྲིན་པོ་མོ་ཡིན་ཟེར་པའི་རྫ་རི་ཞིག་དགུ་ཆུའི་ནང་དུ་ཁའམ་གདོང་གཏད་དེ་བལྟས་ནས་བསྡད་ཡོད་པའི་བཟོ་ལྟའི་བྲག་རྡོ་དེར་མོ་གདོང་ཟེར་ལ།(ཆུ་དོང་ཟབ་མོ་ཡོད་སར་གནས་པའི་བྲག་རྡོ་ལ་མོ་དོང་ཞེས་ཀྱང་ཟེར་ཆོག་སྙམ།) ཕོ་གདོང་དང་མོ་གདོང་གཉིས་ཡོད་པའི་ས་དེར་སིལ་ལེ་འབྲོག་ཟེར་ཞིང་སྣང་རའི་ཕྱུགས་འཚོ་ས་ཡིན། སྟག་རྫོང་རི་བོའི་རྐེད་དུ་སྲིན་ཕྲུག་གསུམ་ཡིན་ཟེར་པའི་ས་འབུར་གསུམ་གྱི་ཤུལ་ནི་ད་ལྟའང་ཡོད་ལ། སློབ་དཔོན་བཞུགས་སའི་རེ་བོ་སྒང་འོག་མའི་མཚམས་ཁང་ནས་མ་གི་སིལ་ལེ་འབྲོག་སྟེ་དགུ་ཁོག་ཟམ་པ་ཡོད་པའི་བར་དུ་བར་ཐག་ཅུང་ཙམ་ཉེ་བས། གནམ་ངོ་དྭངས་པའི་སྐབས་སུ། སྟག་རྫོང་རི་བོའི་ངོས་ཀྱི་སྲིན་ཕྲུག་གསུམ་མམ་བཟའ་མི་ལྔ་པོ་ཡིན་ཟེར་བའི་ས་འབུར་དག་མཐོང་ཐུབ་ལ། བྲག་རྡོ་ཕོ་གདོང་དང་མོ་གདོང་གཉིས་ཡོད་པའི་གནས་ནི་ས་དམའ་ས་རུ་ཡོད་རྐྱེན་མཐོང་ཐུབ་ཅིང་མེད། ཡིན་ནའང་ཤ་བོ་འགག་གི་ཆུ་མཛོད་བསྐྱིལ་རྗེས་རྨ་ཆུ་ཡི་ཆུ་ཡར་འཕགས་ནས་ཕོ་གདོང་དང་མོ་གདོང་གཉིས་ཡིན་ཟེར་པའི་བྲག་རྡོ་དེ་གཉིས་ཆུ་ནང་དུ་ནུབ་ནས་མི་མཐོང་བར་གྱུར་ཡོད། བཤད་ཚུལ་གཉིས་པ་ནི་སློབ་དཔོན་གྱིས་དབུས་གཙང་ནས་སྲིན་པོ་རྣམས་དམ་ལ་བཏགས་སྐབས་སྲིན་པོ་ཕོ་མོ་གཉིས་ཤོར་ནས་ཨ་མདོའི་ཕྱོགས་སུ་བྲོས་ཡོང་བ་སིལ་ལེ་འབྲོག་ཟེར་བའི་ས་ཆ་སྟེ་རྨ་ཆུ་དང་དགུ་ཆུ་གཉིས་འདྲེས་ཡོད་སར་རྗེས་ཆོད་དེ་དམ་དུ་བཏགས་ནས་སྲིན་པོ་ཕོ་ལ་མི་ཤི་བའི་བེམ་པོ་རྨ་ཆུར་འཕངས་ནས་ཁུར་ཡོང་བ་དག་ཟ་བ་དང་། སྲིན་པོ་མོ་ལ་མིའི་བེམ་པོ་དགུ་ཆུར་འཕངས་ནས་ཁུར་ཡོང་བ་དག་བཟུང་ནས་འཚོ་རྟེན་བྱེད་རྒྱུར་བཀའ་གནང་ཞིང་། ཕྱིས་སུ་སྲིན་པོ་ཕོ་ཡིན་ཟེར་བའི་རྫ་རི་ཞིག་གི་ཁའམ་གདོང་ནི་རྨ་ཆུའི་ནང་དུ་གཏད་དེ་བལྟས་ནས་བསྡད་ཡོད་པའི་བཟོ་ལྟའི་བྲག་རྡོ་དེར་ཕོ་གདོང་ཟེར་པ་དང་། སྲིན་པོ་མོ་ཡིན་ཟེར་བའི་རྫ་རི་ཞིག་དགུ་ཆུའི་ནང་དུ་ཁའམ་གདོང་གཏད་དེ་བལྟས་ནས་བསྡད་ཡོད་པའི་བཟོ་ལྟའི་བྲག་རྡོ་དེར་མོ་གདོང་ཟེར་བ་ཞེས་པའི་བར་དུ་ངག་རྒྱུན་མཚུངས་ལ། ཕྱིས་སུ་གཡང་ཁྱུང་རེ་བོ་སྒང་འོག་མའི་བྲག་རྐེད་དུ་སྲིན་པོའི་ཁ་གནོན་ལ་དེར་ཤུག་པའམ་ཙན་དན་རང་བྱོན་ཞིག་སྐྱེས་ཡོད་པ་སྲོག་ཤིང་དུ་བྱས་ནས་གཟུངས་གཞུག་ལ་སློབ་དཔོན་ཁོང་གི་རྡོ་རྗེ་ཁྲུ་གང་མ་དང་མཚོ་རྡེའུ་སོགས་ཕུལ་ནས་སློབ་དཔོན་གྱི་སྐུ་བཞེངས་པར་གྲགས། དེང་སང་རྨ་ཆུ་དང་དགུ་ཆུ་གཉིས་འདྲེས་མཚམས་ལ་ཐོན་པའི་བར་ནས་ཕར་རྨ་ཆུ་ལ་ཟམ་པ་འཕངས་ཡོད་པར་མ་ཟད། ཟམ་པ་དེ་བརྒྱུད་ནས་དགུ་ཁོག་སྟེ་རེབ་གོང་གི་ཕྱོགས་སུ་འགྲོ་ཆོག་ལ། ཟམ་པའི་ལྟག་རྒྱབ་དེར་སིལ་ལེ་འབྲོག་ཟེར་ཞིང་ཟམ་པ་འདི་ལ་དགུ་ཁོག་ཟམ་པ་ཞེས་ཀྱང་འབོད། ཡིན་ནའང་ངག་རྒྱུན་འདི་ནི་ད་ལྟའི་བར་དུ་མ་ཉམས་པར་ཡུལ་འདིའི་མི་རྣམས་ཀྱི་ངག་ན་གསལ་པོར་ཡོད་པ་རེད།

39-514910-22_副本.jpg

བཞི། སློབ་དཔོན་བཞུགས་ཤུལ་གྱི་གཏམ་རྒྱུད།

     སློབ་དཔོན་པདྨ་འབྱུང་གནས་ཞབས་ཀྱིས་བཅགས་པའི་གནས་རི་འགངས་ཆེན་རེ་བོ་སྒང་འདིར་ངོ་མཚར་གྱི་གཏམ་རྒྱུད་ལྔ་བཤད་རྒྱུ་ཡོད་དེ། དེ་དག་ནི་ཁོང་བཞུགས་སའི་བྲག་རྐེད་དུ་རང་བྱུང་གི་ཆུ་མིག་བརྡོལ་བ་དང་། ཤུག་པའི་སྡོང་པོ་སྐྱེས་པ། རྡོ་རྗེ་ཁྲུ་གང་མ། སློབ་དཔོན་གྱི་འབག་སྐུ། ར་མ་དཀར་མོའི་ལུང་མདོ་ཟེར་བ་བཅས་ཡིན་ཞིང་། གཤམ་ནས་རེ་རེ་བཞིན་ཞིབ་ཏུ་གླེང་ན་འདི་ལྟར་ཡིན་ཏེ།

1. རང་བྱུང་གི་ཆུ་མིག

     རེ་བོ་སྒང་འོག་མའི་བྲག་རྐེད་དུ་རང་བྱུང་གི་ཆུ་མིག་ཆུང་ཆུང་ཞིག་བརྡོལ་བ་ནི་ཧ་ཅང་དྭངས་མོར་ཡོད། གནས་འདིའི་མི་ལ་ལས་བཤད་ན། དེ་ནི་སློབ་དཔོན་གྱི་རྫུ་འཕྲུལ་དང་བྱིན་རླབས་ལ་བརྟེན་ནས་བྱུང་བ་རེད་ཟེར། ཡིན་ནའང་རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་མཚམས་ཁང་ལ་གཏོར་བརླགས་ཐེབས་པ་སོགས་རྐྱེན་བྱས་ཏེ་ཆུ་མགོ་མནོལ་ནས་སྐམ་སོང་པར་བཤད། ཡང་མི་ལ་ལས་བྲག་རྐེད་དེ་རུ་ཆུ་བྱུང་རྒྱུ་ནི་མི་སྲིད་པ་ཞིག་རེད་ཟེར། དེར་མི་ལ་ལས་གལ་ཏེ་ཆུ་མིག་མ་བྱུང་ན་ཤུག་སྡོང་ཡང་སྐྱེས་ཐབས་བྲལ་བས་ཆུ་མིག་བྱུང་ཡོད་པར་བཤད་ལ། ད་ལྟ་ཤུལ་ཙམ་ཡང་མེད།

2. ཤུག་པའི་སྡོང་པོ།

     སློབ་དཔོན་བཞུགས་སར་ཤུག་པའི་སྡོང་པོ་ཞིག་སྐྱེས་ཤིང་། དེའི་སྦོམ་ཕྲ་ནི་ས་རྐོ་བྱེད་འཇོར་གྱི་ཡུ་བ་དང་འདྲ་བར་ཡོད་ལ། དེར་མཚན་མོའི་དུས་སུ་ཤུག་སྡོང་མགོ་རུ་འོད་ཆུང་ཆུང་མང་པོ་འཕྲོས་པས་མཆོད་མེ་དང་མཚུངས་པར་བཤད། ཕྱིས་སུ་རིག་གསར་གྱི་སྐབས་སུ་གཏོར་སྐྱོན་ཐེབས་ནས་ཤུག་སྡོང་ཡང་སྐམ་ཞིང་། དེའི་རྩེ་མོའམ་སྟོད་ཕྱོགས་བཅད་ཡོད་པའི་མ་སྡོང་དེའི་རིང་ཐུང་ནི་ཁྲུ་གང་ཙམ་མ་གཏོགས་མེད་ལ། མ་སྡོང་དེའི་བཅད་པའི་ཤུལ་གྱི་གཡས་ངོས་སུ་ལག་པའི་མཐོ་གཉིས་ཙམ་གྱི་ཡལ་ག་ཆུང་ཆུང་ཞིག་ཀྱང་རྒྱས་ཡོད། སྐད་འགགས་པའི་མིའི་ཤུག་སྡོང་སྐམ་པོ་དེའི་ཤིང་སྣེ་ཅུང་ཙམ་ཞིག་ཆུ་ཁོལ་ནང་དུ་གདུས་ཏེ་འཐུང་ན་སྐད་འགག་པ་མྱུར་དུ་སླར་གསོ་བྱེད་ཐུབ་པ་དང་། བྱིས་པ་སོགས་ལ་མི་གཙང་བས་མནོལ་བ་སོགས་ལ་ཤུག་སྡོང་བསྲེགས་ནས་དུ་བས་བདུག་ན་དྲག་སྐྱེད་ཡོང་བ་སོགས་ལ་དགེ་མཚན་ལྡན་པར་བཤད།

39-207589-33.jpg

3. རྡོ་རྗེ་ཁྲུ་གང་མ།

     སྤྱིར་རྡོ་རྗེ་ནི་མི་ཕྱེད་པ་དང་། མི་ཤིགས་པའི་དོན་ཡིན་ཞིང་། དབྱེ་ན་གཉིས་ཏེ། མཚོན་བྱ་དོན་གྱི་རྡོ་རྗེ་དང་། མཚོན་བྱེད་རྟགས་ཀྱི་རྡོ་རྗེའོ། མཚོན་བྱ་རྟགས་ཀྱི་རྡོ་རྗེ་ནི་རྩེ་ལྔ་པ་ལ་སོགས་པ་སྟེ། དེ་ལྟ་བུས་ཡུ་བ་བྱས་པའི་དྲིལ་བུ་ལ་ཡང་རྟགས་ཀྱི་དྲིལ་བུ་ཞེས་བྱ་ལ། མཚོན་བྱེད་རྟགས་ཀྱི་རྡོ་རྗེ་དེ་ཡང་རྣམ་པ་ལྔ་སྟེ། རྩེ་གཅིག་པ་དང་། རྩེ་གསུམ་པ་དང་། རྩེ་ལྔ་པ་དང་། རྩེ་དགུ་པ་དང་། སྣ་ཚོགས་རྡོ་རྗེའོ། དེ་ལ་རྩེ་མོ་གསུམ་པ་དང་ལྔ་པ་དང་དགུ་པ་རྣམས་ལ་ནི་ཞི་དྲག་གི་དབྱེ་བས་རྭ་ཟུམ་པ་དང་གདེངས་པ་གཉིས་ཡོད། འདིར་སློབ་དཔོན་གྱི་རྡོ་རྗེ་ལ་ཁྲུ་གང་མ་ཟེར་པ་ནི་དེའི་རིང་ཐུང་ལ་གྲུ་མོའི་སྣེ་ནས་སོར་མོའི་རྩེ་བར་ཡོད་པས་རྡོ་རྗེ་ཁྲུ་གང་མ་ཞེས་ཟེར་སྲོལ་ཡོད་ཀྱང་དོན་ལ་ཚུན་བདུན་ནས་བརྒྱད་མ་གཏོགས་ཁྲུ་གང་ནི་མེད། རྒྱུ་ཆ་ཟངས་ཡིན་ཞིང་རྭ་གཉིས་ཡོད་ཀྱང་རྭ་གཅིག་རྨང་ནས་རྫོག་ཡོད་པར་བཤད། རྡོ་རྗེ་ཁྲུ་གང་མ་དེར་མཚོན་ན། དབྱར་ཁར་གནམ་ངོ་འཁྲུག་ནས་ཆར་དྲག་པོ་འབབ་ཡོང་སྐབས། མིའི་ལག་པས་མ་གཡུགས་པར་ཤིང་ཁེམ་ནང་དུ་བཞག་སྟེ་ཁང་བའི་ཀླད་དུ་འཕངས་ཚེ་ཆར་བ་འབབ་མི་ཐུབ་པར་མ་ཟད། དེ་མ་ཐག་ཏུ་གནམ་ངོ་དྭངས་པར་བྱེད་པའི་ནུས་པ་ཡོད་ལ། སློབ་དཔོན་གྱི་རྡོ་རྗེ་ཁྲུ་གང་མ་དེའི་བཀའ་དྲིན་ལ་བརྟེན་ནས་གཡང་ཁྱུང་སྡེ་བའི་ལོ་ཏོག་ལ་ཆར་གྱིས་གནོད་སྐྱོན་འབྱུང་མི་ཐུབ་པའི་བཤད་རྒྱུན་ད་ལྟའི་བར་དུ་ཡོད་པ་རེད།

4. ར་མ་དཀར་མོའི་ལུང་མདོ།

     ར་མ་དཀར་མོའི་ལུང་མདོ་ཟེར་པ་ནི་སློབ་དཔོན་བཞུགས་སའི་རེ་བོ་སྒང་མཚམས་ཁང་གི་བྲག་གི་འདབས་རོལ་གྱི་རྨ་ཆུའི་འགྲམ་ཏག་ཏག་ཏུ་ཡོད་ཅིང་། ར་མ་དེར་རྨ་ཆུ་ཡི་ཆུ་བཀལ་ནས་སློབ་དཔོན་ཁོང་གི་འཐུང་ཆུ་ལེན་བཞིན་ཡོད་ལ་མདོག་ནི་དཀར་པོ་ཡིན། དུས་ཆེན་གྱི་སྐབས་སུ། མཚམས་ལན་རེར་ར་མ་དཀར་མོ་དེ་མཐོང་ཐུབ་ཅེས་བཤད་སྲོལ་ཡོད། གང་ལྟར་ར་མ་དཀར་མོའི་ལུང་མདོ་ཡིན་ཟེར་པའི་ས་དེ་ནི་ཅུང་ཙམ་ཁོད་སྙོམས་ཤིང་ཐང་ཆུང་ཆུང་ཞིག་ཡིན་ལ། ད་ལྟ་ས་དེའི་རྨ་ཆུས་ཁུར་ནས་ཤུལ་ཙམ་མ་གཏོགས་མི་འདུག

5. སློབ་དཔོན་གྱི་འབག་སྐུ།

     གཡང་ཁྱུང་རེ་བོ་སྒང་མཚམས་ཁང་དེར་ཁང་པ་ཆུང་ཆུང་ཞིག་ཕུབ་ཡོད་ཅིང་། གནས་དེའི་ཡུལ་མིའི་བཤད་ན། སྔོན་གྱི་དུས་སུ་ཤུག་སྡོང་དེ་སྲོག་ཤིང་དུ་བྱས་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐུ་བཞེངས་པར་བཤད་ཀྱང་། མི་ལ་ལས་སྲོག་ཤིང་ནི་ཙན་དན་རང་བྱོན་ཡིན་པར་བརྗོད་དེ་ཤུག་སྡོང་མིན་ཚུལ་ལབ་ཀྱང་བདེན་པར་མ་མཆིས། དེའི་གཟུངས་གཞུག་ལ་སློབ་དཔོན་གྱི་རྡོ་རྗེ་ཁྲུ་གང་མ་དང་། མཚོ་རྡེའུ་སོགས་ཡོད་པར་བཤད། སློབ་དཔོན་གྱི་སྐུ་ནི་སྲིན་པོ་ཁ་གནོན་དུ་བཞེངས་ཕྱིར་འབག་སྐུའི་བཟོ་སྟངས་ནི་ཞལ་དྲག་པོའམ་ཁྲོ་བོའི་རང་བཞིན་ཅན་ཡིན་ཞིང་། ལག་གཡས་པར་རྡོ་རྗེ་བསྣམས་ཤིང་ལག་གཡོན་པར་ཐོད་ཕོང་བསྣམས་ཏེ་པད་མའི་གདན་སྟེང་དུ་དཀྱིལ་ཀྲུང་བྱས་ནས་བཞུགས་ཡོད་པར་གྲགས། ཡིན་ནའང་རིག་གནས་གསར་བརྗེའི་ཡར་སྔོན་དུ་ཤུག་སྡོང་དང་རྡོ་རྗེ་ཁྲུ་གང་མ་གཉིས་གཟུངས་གཞུག་བྱས་ཏེ་སློབ་དཔོན་གྱི་སྐུ་འབག་བཞེངས་ཡོད་པར་མཚོ་སྔོན་ས་ཆའི་ཤོག་ཀ་རེ་འགའི་སྔགས་མང་ནས་རྡོ་རྗེ་ཁྲུ་གང་མ་དེར་དམིགས་ནས་མི་ངན་ལ་རྔན་པ་བརྫངས་ནས་རྡོ་རྗེ་ཁྲུ་གང་མ་དེ་ཐེངས་གཉིས་ལ་རྐུས་ཀྱང་གཡང་ཁྱུང་སྡེ་པས་རྗེས་བསྙེགས་ནས་ཕྱིར་རྙེད་པ་དང་། དེ་ལྟར་རྡོ་རྗེ་ཁྲུ་གང་མ་རྐུ་བའི་ཆེད་དུ་མཚམས་ཁང་གི་འབག་སྐུ་ཇི་ལྟར་བཞེངས་ཀྱང་གཏོར་བཤིག་བཏང་བ་དེ་འགོག་རྒྱུའི་ཆེད་དུ། རྡོ་རྗེ་ཁྲུ་གང་མ་དེ་གཡང་ཁྱུང་སྡེ་བའི་རྒད་པོ་ཞིག་གིས་བདག་གཉེར་བྱས་ཏེ། སླར་ཡང་སློབ་དཔོན་གྱི་འབག་སྐུ་བཞེངས་ཀྱང་རྐུ་མས་ཐེངས་གསུམ་ལ་འབག་སྐུ་གཏོར་ནས་རྡོ་རྗེ་ཁྲུ་གང་མ་དེ་བཙལ་བ་རེད། ཡིན་ནའང་དམངས་གཙོ་བཅོས་སྒྱུར་མ་བྱས་པའི་ཡར་སྔོན་ནས་ལོ་རབས་བརྒྱད་ཅུའི་བར་དུ་རེ་བོ་སྒང་འོག་མའི་མཚམས་ཁང་དུ་སློབ་དཔོན་གྱི་རྡོ་རྗེ་ཁྲུ་གང་མ་རྐུ་བའི་ཆེད་དུ་འབག་སྐུ་ལ་ཐེངས་ལྔར་གཏོར་བཤིག་བཏང་ཡོད་ཀྱང་། ད་ལྟ་གཞི་ནས་རྡོ་རྗེ་ཁྲུ་གང་མ་མེད་པ་རྟོགས་ཏེ་སློབ་དཔོན་གྱི་འབག་སྐུ་དེ་བདེ་བར་བཞུགས་ཡོད་པ་རེད།

     མདོར་ན། མདོ་སྨད་གཅན་ཚའི་ཡུལ་འདིར་མཚོན་ན། གཅིག་ནས་གནས་འགངས་ཆེན་རྨ་ལུང་རྡོ་རྗེ་བྲག་ར་རུ་བོད་ཀྱི་མཁས་པ་མི་གསུམ་དང་། ལྷ་ལུང་དཔལ་རྡོར་སོགས་ཞབས་ཀྱིས་བཅགས་ཤིང་། ལྷག་པར་དུ་བོད་ཀྱི་བཙན་པོ་མཐའ་མ་འུ་དུམ་བཙན་བཀྲོངས་བྱེད་ཀྱི་ལྕགས་མདའ་ལྕགས་གཞུའང་གནས་འདིར་རྡོ་འབུམ་གྱི་ནང་རྟེན་དུ་ཡོད་པར་གྲགས། གཞན་ཡང་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་ཀྱི་མཁན་པོ་ནམ་མཁའི་སྙིང་པོ་ནི་ཁྲི་ཀ་མོང་ཡག་མདའ་ནས་ཚེ་ལས་འདས་ཏེ་སྤུར་ཨན་ཆུང་གནམ་རྫོང་དུ་བསྐྱལ་བ་ཏུན་ཧོང་གཏེར་ཡིག་ཏུ་གསལ་བ་དང་སློབ་དཔོན་པདྨ་འབྱུང་གནས་ཞབས་ཀྱིས་བཅགས་པའི་གནས་རི་འགངས་ཆེན་གཡང་ཁྱུང་རེ་བོ་སྒང་མཚམས་ཁང་ནི་རྡོ་གྲུབ་ཆེན་གྱི་རྣམ་ཐར་དུའང་ཅུང་ཙམ་འཁོད་ཡོད་པ་སོགས་གཅན་ཚ་རུ་བོད་སྤྱིའི་ལོ་རྒྱུས་སྟེང་ལ་ཤུགས་རྐྱེན་ཧ་ཅང་ཆེ་བའི་ལོ་རྒྱུས་ཀྱི་ཤུལ་བཞག་མང་བ་དང་། གཞན་ཡང་ངག་རྒྱུན་དང་གཏམ་རྒྱུད་འདི་དག་ཀྱང་བདེན་རྫུན་གང་ཡིན་རུང་སྣང་མེད་དུ་མི་བསྐྱུར་པར་འཚོལ་བསྡུ་དང་བསྡུ་སྒྲིག་བྱས་ནས་བོད་ཀྱི་ལོ་རྒྱུས་འཐུས་ཇེ་ཚང་དུ་གཏོང་པ་དང་། གཉིས་ནས་ཨ་མྱེས་ཡང་མྱེས་ཀྱིས་རྟོག་བཟོ་བྱས་པའམ་ཡང་ན་ངག་རྒྱུན་དུ་གྲགས་ཆེ་བ་འདི་དག་ད་ལྟའི་བར་དུ་ཉམས་སུ་མ་བཅུག་པར་རྒྱུན་འཛིན་ནས་ཡོང་བའི་ངོ་མཚར་གསོན་ཉམས་ཅན་གྱི་ངག་རྒྱུན་དང་གཏམ་རྒྱུད་རྣམས་གལ་ཆེན་དུ་བརྩི་བའམ་ཡང་ན་དེ་དག་གཞིར་བཟུང་ནས་སླར་ཡང་ལྷ་ཁང་དང་འབག་སྐུ་སོགས་ཤུལ་བཞག་དེ་དག་སྔར་ལས་ཀྱང་རྒྱ་ཆེར་བཞེངས་ནས་ཡུལ་བསྐོར་སྤྲོ་འཆམ་བྱེད་སའི་རྣམ་པར་བསྒྱུར་ནས་ཁྱབ་བསྒྲགས་བྱས་ན་རིག་གནས་རྒྱུད་འཛིན་དང་མ་འོངས་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལའང་ཕན་པ་རྒྱ་ཆེན་ཡོད་པར་སྙམ།

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།