༄༅། ། སྔོན་ཚེ་མཧཱ་ཙིནའི་ཡུལ་གྲུ་འདིར། །
དུས་གསུམ་སྲས་བཅས་རྒྱལ་བས་བྱིན་རླབས་པས། །
མི་འགྱུར་མི་ཞིགས་ཁྱད་ཆོས་བདུན་ལྡན་པའི། །
གཞོམ་བྲལ་རྡོ་རྗེའི་རང་བཞིན་བྲག་རི་བསྐྲུན། །
དེ་ཡི་ངོགས་ལས་འཆི་མེད་བདུད་རྩིའི་རྒྱུན། །
ལྷུང་ལྷུང་རྒྱུན་མར་འབབ་པའི་བརླན་བཤེར་ལས། །
རོ་མཆོག་བརྒྱད་ལྡན་འབྲས་བུས་ཡོངས་དུད་པའི། །
ཚེ་རིང་ལྗོན་ཤིང་རྒྱས་ཤིང་དེ་ཡི་དྲུང་། །
ཚེ་སྣང་དཔག་མེད་མགོན་གྱི་གཟི་བྱིན་སྟོབས། །
སྙིང་ལ་ཞུགས་པ་བདེ་གསལ་མི་རྟོག་པའི། །
ཡེ་ཤེས་ཏིང་འཛིན་མངོན་གྱུར་དྲང་སྲོང་ཆེ། །
ཚེ་རིང་གྲགས་སྙན་འབར་བ་དགྱེས་བཞིན་བཞུགས། །
དྲང་སྲོང་ཆེན་པོའི་ཆབ་གཏོར་རིལ་བུའི་ཚོགས། །
ལོངས་སུ་སྤྱད་པས་རི་དྭགས་ཚེ་རིང་ཐོབ། །
ལྗོན་འབྲས་འཆི་མེད་བཏུང་བའི་རྒྱུན་བཟང་པོར། །
འབད་མེད་སྤྱད་པས་ཚེ་རིང་འདབ་ཆགས་བྱུང་། །
དེ་ལྟར་རྟེན་འབྲེལ་ཕུན་ཚོགས་མི་བསླུའི་སྟོབས། །
བདེན་པའི་མཐུ་ལས་དྲུག་ལྡན་ཚེ་རིང་གཟུགས། །
གང་དུ་མཆིས་འདིར་མི་ཤིས་རྒུད་པའི་ཚོགས། །
སྤྱི་དང་ཁྱད་པར་དུས་མིན་འཆི་བ་ཡི། །
འཇིགས་པ་ཀུན་བཅོམ་བདེ་སྐྱིད་དཔལ་འབྱོར་སྟོབས། །
ཚེ་དང་བསོད་ནམས་མཁོ་རྒུའི་ནོར་ལོངས་སྤྱོད། །
གོང་ནས་གོང་དུ་འཕེལ་ཞེས་དྲང་སྲོང་གི །
བདེན་ཚིག་དེ་བཞིན་གནས་འདིར་ལྷུན་གྲུབ་ཤོག །
ཕན་བདེ་འབྱུང་བའི་གནས་གཅིག་པུ། །
བསྟན་པ་ཡུན་རིང་གནས་པ་དང་། །
བསྟན་འཛིན་སྐྱེས་བུ་དམ་པ་རྣམས། །
སྐུ་ཚེ་རྒྱལ་མཚན་བརྟན་གྱུར་ཅིག །
སྲས་བཅས་རྒྱལ་བ་ཀུན་གྱི་བྱིན་རླབས་དང་། །
བདག་གིས་རྩེ་གཅིག་སྒྲུབ་ཅིང་གསོལ་བཏབ་མཐུས། །
རྗེ་བཙུན་བླ་མ་མི་ཤིགས་རྡོ་རྗེའི་ཁྲིར། །
ཚེ་མཐའ་ཡས་པའི་མགོན་བཞིན་རྟག་བརྟན་ཤོག །
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།