ཨོཾ་བདེ་ལེགས་སུ་གྱུར་ཅིག
མཁྱེན་གཉིས་ཡེ་ཤེས་རྒྱས་པའི་སྣང་བ་ཡིས།།
སྲིད་པའི་རྨོངས་མུན་གཅིག་ཅར་གཞོམ་མཛད་པ།།
ལྷག་པའི་ལྷ་མཆོག་འཇམ་དཔལ་སྨྲ་བའི་ཉི།།
བདག་ཡིད་དྭངས་པའི་མཁའ་ལ་རྩེན་པར་མཛོད།།
ཡིད་འཕྲོག་ཏམ་བུ་ར་ཡི་རྒྱུད་མང་གླུ།།
སྙན་འགྱུར་སྲིད་ཞིའི་སྒྲ་དབྱངས་དང་འགྲོག་པ།།
དབྱངས་ཅན་ཟླ་བའི་ལྷ་མོའི་ངག་གི་དཔལ།།
ཁོ་བོའི་མགྲིན་པའི་འོ་མཚོར་དགྱེས་རོལ་ཅིག།
དཀར་གསལ་གངས་ཀྱི་རི་བོས་མཐའ་ནས་བསྐོར།།
དྭངས་བསིལ་ཆབ་ཀྱི་རྒྱུན་བཟང་ཕྱོགས་བཞིར་འབབ།།
ཕུན་ཚོགས་འདོད་རྒུ་མ་འབད་ལྷུན་གྱིས་གྲུབ།།
གངས་རིའི་ལྗོངས་ཞེས་འཛམ་གླིང་ཡང་རྩེར་མཛེས།།
མི་ཆོས་དགེ་བ་ཡ་རབས་སྲོལ་བཟང་གིས།།
ལྷ་ཆོས་དགེ་བ་བདེ་བའི་འབྲས་བུ་འབྱིན།།
གཏན་ལེགས་འདུན་མ་དོན་གཉིས་ངང་གིས་འགྲུབ།།
དུས་ཀུན་དགེ་བའི་རྣམ་ཐར་ཡ་མཚན་གནས།།
ཉི་ཟླའི་རྣ་ཆར་དཔྱངས་པའི་གྲགས་སྙན་སྒྲ།།
ཕྱོགས་ཀྱི་ཐ་གྲུ་ཡངས་པོར་ཁྱབ་གྱུར་ཀྱང་།།
དུམ་བུའི་གཏམ་ལ་སྤྲོ་བའི་རིགས་མཐུན་འགར།།
ཆ་ཤས་ཙམ་ཞིག་འཕྲལ་དུ་འབྲི་ལ་ཕྱོགས།
དེ་ཡང་བསིལ་ལྡན་གངས་ཀྱི་ར་བ་དཀར་པོས་ཡོངས་སུ་བསྐོར་བའི་བོད་ཆེན་པོའི་ཞིང་ཁམས་འདིར། མིའི་ཡིད་སྣང་དབང་མེད་དུ་འཕྲོག་པར་བྱེད་པའི་མཛེས་ལྗོངས་དང་སྐྱེས་བུའི་འདུ་བྱེད་ཀྱིས་ཉེ་བར་མ་བསྐྲུན་པའི་རང་བྱུང་གི་སྐྱེད་མོས་ཚལ་དག་གིས་གང་བ་ནི་སུམ་རྩེན་ལྷའི་དཔལ་ཡོན་དང་མཚུངས་ཤིང་། དེར་གནས་པའི་འགྲོ་བ་ཕོ་མོ་རྣམས་ཀྱང་རང་བཞིན་གྱིས་རྒྱུད་དྲང་བ། ཡ་རབས་ཀྱི་སྤྱོད་པར་གནས་ཤིང་ལོངས་སྤྱོད་ཀྱི་འབྱོར་བ་རྒྱས་པ་སོགས་ཁྱད་པར་གྱི་ཆོས་སྣ་ཚོགས་པས་འཛམ་བུ་པྲིཀྵས་མཛེས་པར་བྱས་པའི་གླིང་ཆེན་པོ་འདིའི་ཡུལ་གྲུ་ཐ་དད་པ་སུས་ཀྱང་འགྲན་བཟོད་པར་དཀའ་བ་ཞིག་སྟེ། དེ་ལས་བྱེ་བྲག་ཏུ་གྱུར་པ་མདོ་ཁམས་སྒང་དྲུག་གི་འབྲི་ཟླ་ཟལ་མོ་སྒང་གི་སའི་ཆར་གཏོགས་པ་རུ་དམ་སྐྱིད་ཕྲམ་གྱི་ལུང་པ་ནི། བོད་ཀྱི་རི་དབང་སྤུན་དགུའི་ནང་ཚན་ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་རྩལ་གྱི་གཡོན་ཕྱོགས་སུ་ཆགས་ལ། ཕུ་ན་ལྷུན་བརྗིད་ཀྱི་གངས་རི་གཏན་ཆགས་རྩེ་མོ་དགུང་སྔོན་གྱི་དབྱིངས་རུམ་ཡངས་པོར་ཟུག་པ་བཻཌཱུརྱ་ཞུན་མར་དངུལ་དཀར་གྱི་མཛེས་རིས་བྲིས་པ་དང་མཚུངས་ཤིང་། མཁའ་ལ་གཡོ་བའི་སྤྲིན་དཀར་གྱི་ཕུང་པོ་དག་གིས་གངས་དཀར་གྱི་མགུལ་པ་བརྒྱན་པས་གཅིག་མདངས་གཅིག་གིས་གསོས་པ་མཐོ་གསུམ་ཉི་ཟླའི་རྒྱན་ཆ་རུ་ལྷམ་མེར་བརྗིད་པ་རྒྱལ་པོ་གདན་ལ་བཞུགས་འདྲ་དང་། སྐེད་ན་རྔམ་ཆེན་གྱི་བྲག་རི་རྩེ་རྒྱལ་གཡའ་སྤང་རྫ་ཁྲོད་ཀྱི་བར་སྣང་དུ་མཐོ་བ་འབྲུག་ཆེན་མཚོ་ལས་ལངས་པ་དང་འདྲ་ཞིང་། མཆོང་མདོག་བྲག་རིའི་བ་གམ་ལ་ཐང་དཀར་རྒོད་པོའི་གཤོག་རྩལ་དང་འགྲོགས་པའི་སྐྱི་སེར་རླུང་པོའི་འགྲུལ་ལམ་ཡངས་པས། མཐོ་བཙན་ཐོག་སེར་གྱི་མཁར་རྫོང་དུ་དམའ་ཤོད་རི་ཕྲན་གྱི་རྗེ་བོར་ལྷང་ངེར་འགྱིང་བ་བློན་པོ་གྲོས་ལ་ཚོགས་འདྲ། སྨད་ན་འབྱོར་ཕྱུག་གི་ལྗོན་པའི་ནགས་ཚལ། སྤང་བྲག་རི་ཀླུང་གི་སོ་མཚམས་སུ་གཡོ་བ་གཡུ་ཡི་ན་བུན་འཐིབ་པ་དང་མི་འབྱེད་ཅིང་། ལོ་འབྲས་མེ་ཏོག་གིས་དུད་པའི་ཡལ་གའི་ལྕུག་ཕྲན་རྣམས་ལ་འགྱུར་ཁུག་མགྲིན་པའི་དབྱངས་སྙན་སྒྱུར་བའི་འདབ་ཆགས་སྣ་ཚོགས་གཤོག་རྩེད་ཀྱིས་རོལ་བས་བཅུད་ལྡན་འབྲས་བཟང་གི་བང་མཛོད་དུ་སྤང་ལྗོངས་མཛེས་པའི་གོང་བ་རུ་ཕྱུར་བུར་རྒྱས་པ་བཙུན་མོ་རྒྱན་ཆས་ཕྱུག་འདྲ། ཡང་མཐར་ཕུན་ཚོགས་ཀྱི་སྨན་ལྗོངས་མཐའ་རྒྱས་སྤང་ཐང་ཁོར་ཡུག་གི་ཕྱོགས་མཐར་བདལ་བ་ཇི་ལྟར་མེ་ལོང་གི་ངོས་བཞིན་སྙོམས་ཤིང་གཙང་ལ། རྩྭ་ལྗང་སྨན་སྣ་འཛོམས་པར་རི་དང་གཡུང་ལ་གནས་པའི་སྲོག་ཆགས་སྤུ་རིས་བཀྲ་བ་ཀུན་ཅི་དགར་བག་ཕེབས་སུ་རྒྱུ་བས་སྐྱེ་བོ་དགའ་བའི་སྤྲོ་གླིང་དུ་ངང་གིས་གྲུབ་པའི་སྐྱེད་ཚལ་དུ་སྨིན་པ་གསེར་གཞོང་ནོར་བུས་བཀང་འདྲ་བཅས་ཏེ། དེ་ལྟ་བུའི་རྩེ་མོ་གངས་རི་དང་། སྐེད་པར་རྫ་བྲག བར་དུ་ནགས་ཀླུང་། དཀྱིལ་དུ་ཐང་ཆེན་བཅས་ལས་གྲུབ་པའི་མཛེས་ལྗོངས་དེ། གནམ་དབྱིབས་འཁོར་ལོ་རྩིབས་བརྒྱད་དང་། ས་དབྱིབས་པདྨ་འདབ་བརྒྱད་ཀྱི་ཚུལ་དུ་ཆགས་ཤིང་། ཤར་ཕྱོགས་ཉི་ཟླའི་གསེང་ལམ་ཡངས་ཤིང་རིང་བས་མཁས་པའི་དབང་པོའི་ཁྱུ་ཚོགས་བར་མེད་དུ་འབྱུང་བ། ལྷོ་ཕྱོགས་དབྱིག་དང་ལྡན་པའི་རི་ཆེན་སྤུངས་བས་མི་ཟད་ཆོས་ནོར་གཏེར་གྱིས་ས་བཅུད་གསོ་བ། ནུབ་ཕྱོགས་དབང་གི་ཡོལ་བ་རྒྱབ་ནས་དྲེས་པས་ཆེ་དགུའི་རལ་པའི་ཐོད་ཀྱིས་གུས་ཤིང་བསྙེན་པ། བྱང་རི་བཙན་པོས་འགག་སྒོ་བསྣོལ་མར་བསྡམས་པས་མ་རུང་དགྲ་སྡེའི་འཚེ་བའི་རྒྱུ་འགྲུལ་གཅོད་པ་དང་། ཕྱོགས་དང་མཚམས་རྣམས་སུ་བཀྲ་ཤིས་པའི་རྟགས་རྫས་བརྒྱད་ཀྱི་དབྱིབས་སུ་མངོན་པའི་རི་ཕྲན་གྱི་ར་བ་ཕྱི་ནང་དང་། གཡུ་འབྲུག་གྱེན་ལ་འགྲོ་བའི་རྭ་བར་དུ་ནོར་བུ་བཏེགས་པའི་མུ་ཁྱུད་དང་བཅས་པས་ཡོངས་སུ་བསྐོར་བ་སོགས་ཀྱི་སའི་དཔྱད་བཟང་པོ་ཐམས་ཅད་འཛོམས་ཤིང་། ལྷོ་ཕྱོགས་ཀྱི་གངས་རི་ནས་བབས་པའི་འོ་མའི་མདངས་ལྟར་དཀར་བའི་ཆུ་རྒྱུན་དེས་ལྗོངས་ཀྱི་བང་རིམ་བཞི་བརྒྱུད་དེ་དལ་འབབ་དང་དྲག་བཞུར་སྤེལ་མས་ཕུ་ཆུ་གཡུ་འབྲུག་ངར་མའི་སྐད་བཞིན་ལྡིར་ཏེ། འབབ་རྒྱུན་གཡས་ཕྱོགས་སུ་ལན་དགུར་འཁྱིལ་བའི་འགྲོས་ཀྱིས་སྤང་དཀར་གྱི་རྒྱན་དུ་གྱ་གྱུར་རྒྱུ་བས་གསེར་དང་ལྡན་པའི་བྱེ་མ་དཀར་པོ་འདྲེན་ཞིང་འབབ། གཡས་གཡོན་གྱི་རི་བོའི་འགྱིང་དང་གཡའ་སྤང་དང་ནགས་ཚལ་གྱི་ལྗོངས་སུ། དྭངས་ལ་འཁྱིལ་བའི་མཚོ་མོ་ཆེ་ཆུང་མང་པོས་བསྐོར་བ་སྟེ། དེ་ལས་ཁ་ཤས་ནི་གཡུ་ལྟར་ལྗང་ཞིང་། ལ་ལ་ནི་གནམ་ལྟར་སྔོ་བ། འགའ་ཞིག་ནི་དུང་བཞིན་དཀར་བ་དང་། ཡང་ལ་ལ་ནི་མཚལ་ལྟར་དམར་བ་སོགས་དབྱིབས་དང་ཁ་དོག་རོ་ནུས་མི་འདྲ་བ་ཤ་སྟག་སྟེ་ཀུན་ཀྱང་ཡིད་དུ་འོང་ཞིང་བྱ་རིགས་སྣ་ཚོགས་ཀྱིས་རྩེད་འཇོ་རོལ་བ། མཚོ་འགྲམ་གྱི་སྤང་ལྗོངས་སུ་བཀྲ་བའི་མེ་ཏོག་སྣ་ཚོགས་དང་། རིགས་མི་གཅིག་པའི་ལྗོན་ཤིང་། དཀར་དམར་ཁྲ་མེན་གྱི་བྲག་གཤོང་སོགས་ཀྱི་སྣང་བརྙན་དང་། མཁའ་ལ་ཤར་བའི་གཟའ་སྐར་གྱི་མཛེས་རིས་མཚོ་ལ་གསལ་བས་ཉིན་མཚན་གྱི་ཐུན་མཚམས་འབྱེད་པ་དང་། རྩེ་མོ་མདུང་ལྟར་རྣོ་བའི་ཤེལ་བྲག་ལ་ཉི་ཟླའི་འོད་ཟེར་ཕོག་པའི་གྲིབ་གཟུགས་ཀྱིས་སྔ་ཕྱིའི་ཆུ་ཚོད་འཛིན་པ། བྲག་རོང་དང་སྤང་རིའི་ཕང་བར་རང་བྱུང་གི་ཁྲུས་ཀྱི་རྫིང་བུ་དྲོ་གྲང་སྣ་ཚོགས་འཁྱིལ་བ་དེ་ལ་ཞུགས་ནས་ཁྲུས་བྱས་ན་སྐྱེས་བུའི་ནད་བརྒྱ་སེལ་ཞིང་ལུས་སེམས་ལ་བདེ་བ་སྟེར་བ། མཚོ་དང་རྫིང་བུར་འབྲེལ་བའི་ནེའུ་གསིང་མེ་ཏོག་གིས་གང་བ་རྣམས་སུ། ངང་པ་དང་ངུར་པ། ཁུ་བྱུག་དང་མཐིང་རིལ་ལ་སོགས་པའི་བྱ་རིགས་ཚོས་རང་རང་གི་མགྲིན་གླུ་དར་དིར་དུ་སྒྲོག་པ། ནགས་ཀྱི་ལྗོན་ཤིང་རྣམ་པར་བརྟན་པའི་ཡལ་ག་ལོ་མ་དང་འབྲས་བུའི་ཁུར་གྱིས་ལྕི་བ་རྣམས་ཟླ་བ་བསིལ་བའི་རླུང་གིས་བསྐུལ་བས་གཡོ་བ་ཅན་དུ་གྱུར་པ་དང་། ཉི་མའི་འོད་ལ་འཛུམ་པའི་དྲི་ཞིམ་གྱི་བསུང་དང་ལྡན་པའི་མེ་ཏོག་སྣ་ཚོགས་ཀྱིས་ཀྱང་མགོ་ལྕོག་ལྡེམ་ལྡེམ་དུ་གཡོ་བའི་བྲོ་གར་རེས་མོས་ཀྱིས་འགྲན་པ་ལྟར་སྣང་བས་མགྲོན་པོར་གུས་འདུད་ཞུ་བ་དང་མཚུངས་ཤིང་། ནགས་ཀྱི་བྱེའུ་སྐད་སྙན་འབྱིན་པ་དག་གིས་མི་རྟག་དང་བདག་མེད་ཀྱི་དོན་ལས་དྲངས་པའི་གཏམ་སྙན་མི་སྐད་ཀྱི་ཟོལ་དུ་སྨྲ་བས་དབེན་པའི་ནགས་སུ་འབོད་པ་དང་འདྲ། སྨུག་སྤྲིན་ལང་ལོང་དུ་འཁོར་བའི་བྲག་དཀར་གྱི་ངོས་ནས་བདུད་རྩིའི་ཆུ་མིག་བརྡོལ་བའི་འབབ་རྒྱུན་ལྷུང་ལྷུང་དུ་གྲག་པའི་མདུན་ཐང་ཡངས་པོར་སྤོས་ཤིང་ཡལ་ག་རྒྱས་པའི་རྩ་བ་རུ། རྭ་བཅུའི་རུ་ཐུར་རྒྱས་ཤིང་སྤུ་རྩེ་གསེར་མདོག་ཏུ་མཛེས་པའི་ཤྭ་བ་དང་། མགྲིན་པ་དུང་ལྟར་དཀར་ཞིང་སྒྲོ་གཤོག་མཐིང་ལས་སྔོ་བའི་ཁྲུང་ཁྲུང་དག་བག་ཡོད་དུ་རྒྱུ་བའི་འཆི་མེད་རིག་འཛིན་གྲུབ་པའི་བཞུགས་གནས་ཉམས་དགའ་བ་འདུ་འཛི་བྲེལ་ཟིང་གི་གྲོང་ལས་རིང་དུ་འདས་པའི་བྲག་རིའི་བ་གམ་ཐེམ་སྐས་ཀྱིས་མཛེས་པའི་བྱ་སྐྱིབས་རྣམས་སུ། ཞི་བའི་ནགས་ཀྱི་རྒྱལ་སྲིད་ལ་འོས་པའི་སྡིག་བྲལ་གྱི་མཐུན་རྐྱེན་ཚང་བས་སྲིད་པར་སྐྱོ་བའི་ངེས་འབྱུང་གི་བློ་ཅན་ལ་ངལ་གསོའི་དབུགས་འབྱིན་སྟེར་བ། དབྱར་གྱི་དུས་ན་མ་རྨོས་མ་བཏབ་པར་ཁ་དོག་སྣ་ཚོགས་སུ་བཀྲ་བའི་མེ་ཏོག་འདབ་མ་བརྒྱ་པ་དང་། གསེར་མདངས་འཛིན་པ། སྦྲང་རྩི་ཅན་དང་སྤོས་དྲི་འཐུལ་བ་ལ་སོགས་པས་ས་གཞི་བར་མེད་དུ་ཁྱབ་ཅིང་། དལ་གྱིས་རྒྱུ་བའི་ན་བུན་ལས་ཟིམ་བུར་འཇོ་བའི་སྦྲང་ཆར་གྱི་རྒྱུན་དང་འགྲོག་པའི་འཇའ་ཚོན་གྱི་བཀྲག་མདངས་འཚེར་བ། སྟོན་གྱི་དུས་སུ་འབྲས་བུ་སྨིན་ཞིང་བདོ་བའི་སྐྱེ་དངོས་རྣམས་གསེར་མདོག་གི་ལོ་མས་བཀླུབས་པ་དང་ཆུ་འཛིན་རྒྱུ་བ་དལ་བའི་མཐོན་མཐིང་གི་ནམ་མཁར་ཡིད་འོང་ཟླ་བའི་དཀར་མདངས་རབ་ཏུ་གསལ་བ། དགུན་དུས་ཁ་བའི་མེ་ཏོག་བརྩེགས་མར་བབས་པས་རི་ཀླུང་དངུལ་དཀར་གྱི་ཁ་དོག་ཏུ་བསྒྱུར་བ་དང་། ཆུ་བོ་འཁྱགས་དཀར་གྱི་སྦུབས་སུ་འཐུམ་ཞིང་དབྱར་གྱི་དགའ་སྟོན་ཐམས་ཅད་བྱུང་ནས་ཡལ་བའི་རྗེས་ཤུལ་ཙམ་དུ་གྱུར་ཀྱང་། ཉི་འོད་རྣམ་པར་བཀྲ་བའི་ཚ་ཟེར་གྱིས་སྐྱེ་དགུ་གསོ་བ། དཔྱིད་དུས་ས་རླངས་དྲོད་དུ་སྨིན་པས་ཁུ་བྱུག་གི་དུས་འཛིན་གྱི་མགྲིན་གླུས་སྦྲན་ཏེ་མཚོ་དང་རྫིང་བུ་ཆུ་ཕྲན་རྣམས་འཁྱགས་པའི་ཤུབས་ལས་དོན་པ་དང་། རི་ཀླུང་སྔོ་ལྗང་ཅན་དུ་གྱུར་པ་ནས་སླར་ཡང་དབྱར་གྱི་དཔལ་ཡོན་ཤར་བ་བཅས་དུས་བཞིའི་འགྱུར་བ་གཞན་ལས་རགས་ཤིང་གསལ་བས་འཚོ་བཅུད་ཀྱི་ནུས་པ་ཆེ་བ་དང་། རང་བཞིན་གྱིས་ཁམས་དྭངས་རིག་པ་གསལ་བ། གཅིག་ཏུ་བརྟན་པ་མིན་པའི་དུས་ཀྱི་རྣམ་འགྱུར་གྱིས་སྲིད་པར་སྐྱོ་བ་བསྐུལ་བ་དང་དུས་བཞི་ལུག་བརྒྱུད་ཀྱི་བརྡ་ལས་འཁོར་བའི་ཕྱི་མ་སྟོན་པའི་ཆོས་སུ་གསལ་བ་སོགས་རྟེན་འབྲེལ་སྣང་བའི་འཆར་སྒོ་རུ་སྐྱེས་བུའི་ཡིད་ཀྱི་མེ་ལོང་གིས་བསྒྱུར་དུ་རུང་བ། གནས་དེར་ཕྱིན་པ་ཙམ་གྱིས་སེམས་ལ་ཉོན་མོངས་མེད་པའི་དགའ་བདེས་རབ་ཏུ་སིམ་པར་བྱེད་པའི་ཡུལ་ལྗོངས་དེ་ཉིད་རྩ་དབུ་རྐྱང་རོ་གསུམ་གྱི་ཚུལ་དུ་ལུང་ཚན་གསུམ་ལས་གྱེས་པའི་ལུང་ཕྲན་གྱིས་སྒོར་དབྱིབས་སུ་དོད་པ་སྟེ། དབུས་ལུང་དཔལ་ཆེན་གྱི་ཕོ་བྲང་བདུད་རྩི་སྨན་གྱི་སྒྲུབ་གནས། སྦས་ཡུལ་རོང་མོ་ལྗོངས་དང་འདབས་འབྱོར་དུ་འབྲེལ་བ་ཡ་མཚན་ཅན་གྱི་སྣང་བརྙན་འབུམ་ཕྲག་དང་ལྡན་པ། སྔར་ཨ་རུ་ར་ཡི་ཆར་ཕབ་པས་ད་ལྟའང་གངས་རྒན་གྱི་སྟེང་དུ་ཨ་རུ་རས་ཁྱབ་པ་སོགས་ངོ་མཚར་རྨད་དུ་བྱུང་བའི་གཟིགས་མོ་མིག་འཕྲུལ་ལྟར་མཛེས་པ། ཤར་ཕྱོགས་དབང་ཆེན་རྟ་ཡི་ལུང་པ་དཀར་པོ་དང་། ནུབ་ཕྱོགས་མགོན་པོ་ཤྭ་ནའི་ལུང་པ་དམར་པོ་གཉིས་ཀྱིས་གཡས་གཡོན་ནས་ཟུར་བརྒྱན་པར་གཏེར་ཁ་བརྒྱ་ཕྲག་གིས་གཏམས་པ། ཕྱོགས་དེའི་ཟོ་དོར་གཉན་པོ་ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་རྩལ་དེ་ཉིད་གངས་རི་ཤེལ་གུར་དཀར་པོ་ལྟ་བུའི་དབུ་རྩེ་རིམ་པ་བཅོ་བརྒྱད་དུ་གྱེས་པར་མཚོ་མོ་བརྒྱ་དང་བརྒྱད་ཅུས་བསྐོར་བ། གནས་བདག་ནོར་བུ་གཡུལ་རྒྱལ་དེ་རྫ་རི་སྨུག་པོ་མཆོང་མདོག་ཅན་ནོར་བུ་ཙིན་ཏ་མ་ཎིའི་དབྱིབས་དང་འདྲ་བ། སྐྱལ་གྱི་བྲག་དཀར་གཉན་པོ་དེ་བྲག་དཀར་ལྷ་ཡི་ཕོ་བྲང་དང་འདྲ་བར་གཡུ་ཤུག་སྔོན་མོས་མགུལ་བ་བརྒྱན་པ། བཀྲ་ཡི་རི་བོ་མཆོག་ཆེན་དེ་སྐྱེས་བུ་དར་མའི་སྙིང་འདྲ་བ། བསྟན་སྐྱོང་ཕོ་རོག་རྒྱལ་མོ་དེ་བྲག་ནག་སྲིན་པོ་ཁྲོས་འདྲའམ་མདུང་སོ་གནམ་དུ་བསླང་འདྲ་དང་། ཕྱོགས་བཞིའི་རི་ཆེན་བཞི་དང་། དཔའ་བོ་རྨོག་ཆེན་རྨོག་ཆུང་། ཁྲ་རྒྱལ་ནོར་བུ་སྤུན་གསུམ། མཚོ་སྨན་ཀླུ་ཡི་རྒྱལ་མོ་ལ་སོགས་པའི་ཡུལ་བདག་གཉན་པོ་གནས་འཆའ་བའི་ལྷ་རི་རྣམས་བཀྲག་མདངས་དང་ལྡན་པར་ཕྱོགས་ཀུན་ནས་དཀྲོང་ངེར་བརྗིད་པ་མི་ཆེན་གྲོས་ལ་རུབ་འདྲ་དང་། དཔའ་བོ་དགྲ་ལ་ཁྲོས་འདྲ། དམག་དཔོན་སོ་ལ་ཆས་འདྲའི་ཚུལ་གྱིས་མཛེས་སོ།།
དེ་ལྟར་ལྷ་ཡུལ་གྱི་བཀོད་པ་མི་ཡུལ་དུ་འཕོས་འདྲའི་མཛེས་ལྗོངས་ཆེན་པོ་དེར་ད་དུང་དེ་ལས་ཀྱང་ལྷག་པའི་མཛེས་བྱེད་ཀྱི་རྒྱན་ཆ་སྐྱེས་བུའི་རྩོལ་བས་བསྐྲུན་པའི་གནའ་བོའི་ལོ་རྒྱུས་ཀྱི་མཛེས་རྩལ་རྨད་བྱུང་གི་ཁྱད་ཐོན་པ་གཞན་ཞིག་གི་སྐོར་གསན་པར་དགྱེས་ན་གཤམ་དུ་གླེང་འགྱུར་གྱི་གཏམ་ཐུང་ལ་གཟིགས་འཚལ།
སྐྱིད་སྡུག་སྐྱེས་བུའི་བློ་ཡིས་བཏགས་པ་སྟེ།།
ལེགས་ཉེས་སྨྲ་བ་སོ་སོའི་ཞེན་ཕྱོགས་ཉིད།།
འགྱུར་བཅས་བདེ་བ་རྒྱུ་བཅས་ཡོངས་གཞིག་པའི།།
བདེ་ཆེན་སྟེར་ནུས་དོན་གྱི་མཛེས་ལྗོངས་ཡིན།།
ཉི་ཟླའི་སྒྲོན་མེས་གསལ་བའི་སའི་ཁྱོན་དུ།།
མ་བརྟག་ལྷ་འདྲའི་འབྱོར་བ་ལྡན་པའང་སྲིད།།
རྣམ་པར་དཔྱད་ན་འཕྲལ་ཡུན་ལུས་སེམས་བདེར།།
སཱ་ལའི་ལྗོངས་འདི་ལྷག་པར་དམན་པ་མིན།།
ས་འཛིན་གངས་ཀྱི་ཕྲེང་བས་ཡོངས་བསྐོར་གཞིར།།
བགྲང་ཡས་ནོར་བུ་བརྩེགས་པས་བསྒྲུན་མིན་པའི།།
སྔར་མེད་ལྔ་རིག་སྣང་བའི་སྐྱེད་ཚལ་མཆོག།
བསྐྲུན་ལ་མེས་པོའི་རྣམ་ཐར་སླར་ཡང་དྲན།།
རབ་མཛེས་དགའ་ཚལ་རྒྱས་པའི་ལྗོངས་ཆེན་པོར།།
ཕུལ་བྱུང་གཙུག་ལག་སྨྲ་བའི་གླུ་ལེན་མཁན།།
སྙན་པའི་བ་དན་འཛིན་པ་རྫོགས་ཆེན་པའི།།
གྲགས་པ་གངས་རིའི་ཁྲོད་དུ་སྔར་ནས་གླེང་།།
མི་བརྟན་འགྱུར་བ་སྲིད་པའི་ཟློས་གར་གྱིས།།
རེ་དོགས་མི་ཚེའི་ཉི་མ་ཡུན་སྟུང་པའི།།
མྱ་ངན་གདུང་བའི་མེ་ལྕེ་གཞིལ་བའི་སླད།།
ལེགས་སྐྱེས་གཏམ་གྱི་ཆར་རྒྱུན་འདི་རུ་སྐྱིལ།།
གོང་དུ་སྨོས་པའི་མདོ་ཁམས་གླིང་དཀར་གྱི་ས་ཆ་རུ་དམ་སྐྱིད་ཕྲམ་གྱི་ལུང་པའི་མཛེས་ལྗོངས་ཀྱི་དཀྱིལ་དུ། མདུན་རི་རྒྱལ་པོ་གདན་ལ་བཞུགས་འདྲའི་ཉེ་ཞོལ། རྒྱབ་རི་གླང་ཆེན་དྲེས་ལ་ཉལ་འདྲའི་མཁལ་ཁུང་། མདུན་ཐང་ནེའུ་གསིང་མར་ཁུའི་རྒྱ་མཚོ་འཁྱིལ་འདྲའི་ཐད་ངོས། ཕྱོགས་བཞིར་སྲུང་བཞིས་བསྐོར་བའི་ཡུལ་དབུས་སུ། སྔ་འགྱུར་བསྟན་པའི་ཆུ་འགོ་རྫོགས་ཆེན་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་དགོན་སྡེ་ཆེན་པོ་དེ་ཉིད་ཆགས་ཏེ། དེ་ཡང་གླང་ཆེན་འགྱིང་ཉམས་ཀྱིས་ཉལ་བའི་སྤྱི་བོའི་ཐད་ཀྱི་སྟག་འབྲུག་སེང་གེའི་གདན་གྱིས་མཐོ་བའི་སའི་ཆར། ཐུབ་བསྟན་ཡོངས་འདུས་དགའ་ཚལ་གྱི་གན་དྷོ་ལ་གྲུ་བཞི་ནར་མོའི་དབྱིབས་ཅན། རྒྱ་ཁྱོན་ཀ་བ་བརྒྱ་ཡི་ཚད། སྒོ་ཁྱམས་གློ་འབུར་དུ་བྱས་པའི་ནང་གི་ཕྱོགས་བཞིའི་གྱང་ངོས་སུ་རྒྱལ་པོ་ཆེན་པོ་སྡེ་བཞི་བྲིས་མ་འབུར་གྱི་བཟོ་དཀྲོལ་ལ་གསེར་ཞུན་གྱི་ཁྲབ་རིས་གསལ་བ་ཅན་གཟི་བརྗིད་ལྟར་མི་བཟོད་པ་ཙམ་དང་། རྗེ་ཡི་མགུར་ལྷ་བཅུ་གསུམ། བོད་སྐྱོང་བསྟན་མ་བཅུ་གཉིས། ཡུལ་རིས་སྐྱོང་བའི་ཟོ་དོར་བཅས་ཀྱི་ལྡེབས་རིས་བཀྲ་ཞིང་། དབྱངས་དང་གསལ་བྱེད་ངེས་པའི་བྱ་དཀའ་བའི་སྒྲའི་རྒྱན་གྱིས་སྤུད་པའི་སྙན་པར་སྨྲ་བས་དོན་ཟབ་མོ་བརྗོད་བྱར་བྱས་པའི་ཀུན་ནས་འཁོར་བའི་འཁོར་ལོ་དང་། སྲིད་པ་ཆགས་ཚུལ་གྱི་འཁོར་ལོ་སོགས་བྲིས་པ། གསེར་དངུལ་ཚག་མའི་སྒོ་རྒྱན་གྱི་རི་མོ་པདྨ་སྤུངས་པ་དང་། པ་ཏྲ་འཁྱིལ་བ་དང་། ནོར་བུ་མེ་འབར་དང་། ཤིང་ལོ་རྣམ་པར་འཕྲུལ་བ་ལ་སོགས་པས་མཛེས་པར་བྱས་པའི་གཙུག་ལག་ཁང་གི་སྒོ་ཆེན་ནས་ཞུགས་ན། གསལ་འོད་ཆེམ་ཆེམ་དུ་འཕྲོ་བའི་མར་མེའི་འོད་ཟེར་དང་སྐུ་གསུང་ཐུགས་རྟེན་གྱི་གསེར་མདངས་དབྱེར་མི་ཕྱེད་ཅིང་། དཀྱིལ་འཁོར་དང་དེའི་ཡོ་བྱད་འཕན་འཕུར་དང་ལྡ་ལྡི་ལ་སོགས་པ་ཟ་འོག་གི་རིས་བཞིན་མིག་གི་དབང་པོར་ཁྲ་ལམ་མེར་འཆར་བ་དང་། སྐྱེས་དང་སྦྱར་བའི་བདུག་སྤོས་ཀྱི་དུད་པ་གཡུ་འབྲུག་རིས་སུ་འཁྱིལ་བའི་དྲི་བསུང་ཞིམ་པོ་འཐུལ་ཞིང་། དགེ་འདུན་པའི་ཞལ་འདོན་གྱི་གསུང་ཞི་བའི་འབྲུག་སྒྲ་ལྟར་ལྡིར་བ་སྙན་འཇེབས་ཀྱི་དབྱངས་རྟས་བསྐུལ་བའི་བར་མཚམས་སུ་རོལ་སིལ་དུང་གླིང་གི་སྒྲ་དང་བཅས་པ་ཐོས་འཛིན་དུ་སོན་པས་སྐྱེ་བོའི་ཡིད་སྣང་དབང་མེད་དུ་འགྱུར་བའི་དང་བ་འདྲེན་ཞིང་དད་པའི་སྤུ་ལོང་གཡོ་བར་བྱེད། དེ་ལས་ཞིབ་པར་མཇལ་ན་གཙང་ཁང་དབུས་མའི་ཐད་དཀྱིལ་དུ་གསེར་དངུལ་ལས་བྱས་པའི་ཁང་བཟང་དུ་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་ལོངས་སྐུར་ཞལ་བསྒྱུར་བ་ཇོ་བོ་མཐོང་གྲོལ་ཆེན་མོ་སྐུ་རྒྱུ་ལྷ་མིའི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་ཐུབ་དབང་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་ཅན། གཡས་གཡོན་དུ་མཆོག་ཟུང་མཉམ་པར་བཞེངས་པ། གསེར་གཡུ། མུ་ཏིག མུ་མེན་ལ་སོགས་པའི་རིན་པོ་ཆེའི་ཕྲ་ཚོམ་གྱིས་བརྒྱན་ཅིང་མཆོད་པའི་ཡོ་བྱད་རིན་ཐང་ཆེ་བ་མང་པོས་མཆོད་པ། ཁང་བཟང་གི་མདུན་ངོས་ཀྱི་ཀ་བ་ཆ་ལ་གསེར་འབྲུག་ཁོང་སེང་མ་ལག་ན་ཤེལ་དཀར་གྱི་ནོར་བུ་འཛིན་པ། གཟི་མཆོང་གི་མིག་ཟུང་བགྲད་ཅིང་ཀ་བར་འཁྲིལ་ནས་མཆོངས་སྟབས་སུ་གཡོ་བའི་གསོན་ཉམས་དང་ལྡན་པ་སོགས་གནའ་བོའི་མཛེས་རྩལ་གྱི་བཟོ་བཀོད་ཕུན་སུམ་ཚོགས་པ་དང་ལྡན་པའི་མཆོད་རྫས་མང་པོས་མཛེས་པར་བྱས་པ། གཙང་ཁང་སྦུག་མར་གསེར་ཟངས་ལས་གྲུབ་པའི་དུས་གསུམ་སངས་རྒྱས་ཀྱི་སྐུ་བརྙན་ཁང་བརྩེགས་གཉིས་ཀྱི་ཚད་ཅན། འཁོར་ཉེ་སྲས་བརྒྱད་དང་གནས་བརྟན་བཅུ་དྲུག་གིས་བསྐོར་བ། གཙང་ཁང་གཡས་མར་རྒྱལ་བ་རྡོ་རྗེ་འཆང་ཆེན་པོ་རྫོགས་ཆེན་སྟོན་པ་བཅུ་གཉིས་དང་བཅས་པའི་སྐུ་བརྙན་དང་། གསང་ཆེན་ནང་གི་ཏནྟྲའི་སྐོར་གྱི་གླེགས་བམ་དག་བཞུགས་པ། གཙང་ཁང་གཡོན་མར་གུ་རུ་མཚོ་སྐྱེས་རྡོ་རྗེ་མཚོ་དཀྱིལ་པད་སྡོང་དུ་བཞུགས་པར་གུ་རུ་མཚན་བརྒྱད་ཀྱིས་བསྐོར་བ་དང་། རྫོགས་ཆེན་སྔ་འགྱུར་གྱི་རྒྱུད་འབུམ་དང་བཀའ་གཏེར་གྱི་ཆོས་སྡེ་ཁག་གི་དཔེ་ཚོགས་བཞུགས་པ། གཙུག་ལག་ཁང་གི་ནང་གི་ལྡེབས་སུ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་ཡབ་ཡུམ་མཆོག་ཟུང་ཚངས་དབང་དང་བཅས་པ་དང་། ཡི་དམ་རྒྱུད་སྡེ་བཞི་དྲུག་གི་ལྷ་ཚོགས་ཀྱི་སྣང་བརྙན་གསེར་ཞུན་མས་བྲིས་པ། རིན་ཆེན་སྣ་ལྔ་རྒྱུར་བྱས་ཏེ་རི་མོར་བཀོད་པའི་བཀའ་དང་དགོངས་པ་འགྲེལ་བའི་གསུང་རབ་ཀྱི་པོ་ཏི་བརྩིགས་པ་བྲག་རི་ལྟར་མཐོ་ལ། དཀྱིལ་གྱི་མཐོངས་ཆེན་གྱི་ཕྱོགས་བཞིར་ནོར་བུའི་དྲ་བ་དང་དྲ་བ་ཕྱེད་པ་འཕྱང་བ། སྟེང་གི་ལོགས་བཞིར་ཐུབ་པའི་མཛད་པ་བཅུ་གཉིས་ལས་བརྩམས་པའི་ལྡེབས་རིས་དང་། གསེར་ཟངས་ཀྱི་པ་ཏྲ་དང་ནོར་བུས་བརྒྱན་པའི་ཁང་བཟང་ནང་། བདེ་གཤེགས་སྨན་བླ་མཆེད་བརྒྱད། ལྟུང་བཤགས་ཀྱི་ལྷ་ཚོགས་སོ་ལྔ། སྒྲོལ་མ་ཉེར་གཅིག་སོགས་ཀྱི་སྐུ་གཟུགས་དག་བཀྲམ་པ། སྟེང་གི་ནམ་མཁར་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་དཀྱིལ་འཁོར་དང་། འབྲུག་སྤྲིན་དང་། འདོད་འབྱུང་གཡས་སུ་འཁྱིལ་བ་སོགས་བཀྲ་ཤིས་པའི་རི་མོས་མཚན་པ་དང་། བླ་བྲེ་དང་། གདུགས་དང་། རྒྱལ་མཚན་ལ་སོགས་པས་མངོན་པར་བརྒྱན་པ། གཙུག་ལག་ཁང་གི་ཡང་སྟེང་གི་སྒོ་ཐོད་དུ་གཟིམས་སྤྱིལ་སྣང་བྱེད་བདེ་ལྡན་འཁྱིལ་བའི་ཚོམས་ཆེན་གྱི་དཀྱིལ་དུ་འཕགས་པ་རིགས་གསུམ་སེམས་དཔའི་སྐུ་བརྙན་བྱིན་ལྡན་བཞུགས་ཏེ། དེ་ལས་ཀྱང་སྤྱན་རས་གཟིགས་བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་ཅན་དངུལ་དཀར་ལུགས་མ་ལས་གྲུབ་པ་གཟི་བྱིན་ཁྱད་དུ་འཕགས་པ་བཞུགས། གཞན་ཡང་གཡས་དང་གཡོན་ངོས་ཀྱི་སྟེང་རྒྱུད་དུ་སྒྲུབ་ཆེན་ཁག་གི་དཀྱིལ་འཁོར་གྱི་ཆས་དང་ཡོ་བྱད་ཀྱིས་གང་བའི་མཛོད་ཆེན་རྣམས་སྟར་འགྲིག་པ། རྒྱབ་ངོས་ཀྱི་གཙང་ཁང་སྟེང་མར་གྲུབ་དབང་རྫོགས་ཆེན་པ་སྐུ་ཕྲེང་རིམ་བྱོན་གྱི་སྐུ་བརྙན་དང་། སྐུ་གདུང་དང་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་སྡོང་རྣམས་ལ་རིན་ཆེན་རིན་ཐང་ཆེ་བའི་མཆོད་པའི་ཡོ་བྱད་གྱ་ནོམ་པས་ལེགས་པར་མཆོད་པ། ཡང་ཐོག་ཏུ་གསེར་གྱི་ཏོག་དང་། ཐུག་དང་། རྒྱལ་མཚན་དང་། ཆོས་འཁོར་དང་། རི་དྭགས་ལ་སོགས་པས་མཛེས་པར་བརྒྱན་ཅིང་། ཕྱོགས་བཞིའི་མདའ་ཡབ་ལ་གསེར་གྱི་དྲིལ་བུ་ཚར་དུ་དངར་བར་རླུང་གིས་བསྐྱོད་པའི་རྔ་ཡབ་དང་ཟླ་བ་ཕྱེད་པའི་གཟུགས་ཀྱིས་བསྐུལ་བའི་རང་སྒྲ་སྙན་པ་བར་མེད་དུ་འབྱིན་པ་སོགས་མདོ་ལྟར་གཙུག་ལག་ཁང་གི་ཚད་དང་ལྡན་ཞིང་སྔགས་ལྟར་གཞལ་ཡས་ཁང་གི་དབྱིབས་སུ་མཛེས་པའོ།།
བྱང་ཤར་གྱི་ཕྱོགས་སུ་གཙུག་ལག་ཁང་སྔ་མ་དང་ཚད་དབྱིབས་ཆ་འདྲ་བའི་ལྷ་སར་ལྷ་ཁང་ཆེན་མོ་ཐོག་བརྩེགས་ལྔ་པ། རྟེན་གྱི་གཙོ་བོ་གསེར་ཟངས་ལས་གྲུབ་པའི་མཁན་སློབ་ཆོས་གསུམ་གྱི་སྐུ་བརྙན་ལྷ་ཁང་གི་ཚད་དང་མཉམ་པ། ལོགས་བྲིས་སུ་ཐུབ་པའི་སྐྱེས་རབས་དང་པད་འབྱུང་གི་རྣམ་ཐར་བྲིས་པ། བཀོད་པ་གཞན་གོང་དང་མཚུངས། དེའི་སྟེང་གི་དཀྱིལ་མདུན་གྱི་ཚོམས་ཆེན་དུ་རྫོགས་ཆེན་མཁའ་འགྲོ་སྙིང་ཏིག་གི་བླ་བརྒྱུད་ཀྱི་སྐུ་བརྙན་དང་ལྡེབས་རིས། གཡས་གཡོན་གྱི་རྒྱུད་གཉིས་ཁྲིགས་ཆགས་སུ་གསུང་རབ་སྣ་ཚོགས་ཀྱི་ཤིང་པར་གྱིས་བཀང་བའོ།།
གཙུག་ལག་ཁང་ཆེན་མོ་གཉིས་ཀྱི་དབུས་ངོས་སུ་ཕོ་བྲང་ཁམས་གསུམ་ཟིལ་གནོན་རྒྱར་ཀ་བ་ཕྱེད་དང་ཉིས་བརྒྱའི་གཞི་ཁྱོན་ཅན། ཕྱི་ཕོ་བྲང་ལ་ནང་ལྷ་ཁང་དུ་གྲུབ་པ། ཐོག་སོ་རིམ་པ་རྣམས་སུ་བླ་མ། ཡི་དམ། མཁའ་འགྲོ་བཅས་ཀྱི་ལྷ་ཁང་དང་། རྡོར་སེམས་སྟོང་སྐུ་ལྷ་ཁང་། ཚེ་སྒྲུབ་ལྷ་ཁང་། དཔེ་མཛོད་ཁང་སོགས་སུ་སྐུ་རྒྱུ་སྣ་ཚོགས་ལས་གྲུབ་པའི་སྐུ་བརྙན་བཟོ་དབྱིབས་མི་འདྲ་བ་མང་པོ་དང་སྔ་ཕྱི་གསར་རྙིང་གི་ཆོས་དཔེ་ཁག་བཀྲམ་པ། བཀའ་རྒྱུད་ལྷ་ཁང་དུ་མར་མི་དྭགས་གསུམ། ས་སྐྱའི་ལྷ་ཁང་དུ་གོང་མ་རྣམ་ལྔ། དགའ་ལྡན་ལྷ་ཁང་དུ་རྗེ་ཡབ་སྲས་གསུམ་བཅས་ཀྱི་སྐུ་བརྙན་དང་། སོ་སོའི་རྣམ་ཐར་གསུང་འབུམ་དང་བཅས་པར་མཆོད་འབུལ་གྱི་རྒྱུན་འཛུགས་རྒྱ་ཆེ་བ། གཟིམས་སྤྱིལ་ཉི་འོད་འཁྱིལ་བ་དང་། ཕུན་ཚོགས་འདོད་འཇོ་དང་། འཆི་མེད་གྲུབ་པའི་དགའ་ཚལ་སོགས་དང་། ཚོམས་ཆེན་འདོད་དགུ་ལྷུན་གྲུབ་དང་། གཞན་ཕན་བརྩེགས་པ་དང་། གཡེན་ཁྲ་མ་སོགས་སུ་ལྷ་དང་མི་ཡི་རིན་པོ་ཆེ་སྣ་ཚོགས་ལས་བཞེངས་ཤིང་བྱིན་རླབས་ཀྱི་གཟི་འོད་འབར་བའི་སྐུ་རྟེན་སྲིད་ན་མཚུངས་ཟླ་དཀོན་པ། ཐུབ་སྐུ་གཡུ་ཐོད་མ། བཀའ་བརྒྱད་བསྐྱེད་རྫོགས་རྒྱས་པ། གུ་རུ་གསེར་སྨུག་མ། ཉང་གཏེར་ཁྲོས་མ་ནག་མོ། སྐུ་ཚབ་དགོས་འདོད་ཀུན་འབྱུང་། ཆོས་གོས་རྡོ་རྗེའི་གསང་ལམ་སོགས་རྟེན་གསུམ་རིན་ཐང་གཞལ་དུ་མེད་པ་མང་པོས་བཀང་ཞིང་མཆོད་པའི་ལྷ་རྫས་རྣམ་མང་གིས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟར་སྤྲོས་སོ།།
ཕོ་བྲང་ཐོག་ཁའི་ཤར་ནུབ་ཀྱི་རྒྱུད་གཉིས་སུ་མགོན་ཁང་གསར་རྙིང་ཁག་གཉིས་ཡོད། དེ་ལས་ཀྱང་ནུབ་བྱང་དབང་དྲག་རོལ་བའི་མགོན་ཁང་དུ་རྒྱལ་ཆེན་རྡོ་རྗེ་གྲགས་ལྡན་དང་གནོད་སྤྱིན་ཙིའུ་དམར་པོ་གཉིས་ཀྱིས་གཙོས་པའི་བསྟན་སྲུང་ཆོས་སྐྱོང་རྣམས་ཀྱི་སྐུ་འབག མདོས་གཏོར། སྤྱན་གཟིགས། རྟེན་རྫས། སྒྲུབ་རྫས། བསྐང་རྫས་ལ་སོགས་པ་རྒྱ་ཆེར་སྤེལ་བ་སྟེ། དྲག་པོ་གཡུལ་གྱི་མདུང་དམར་ལ་སྲུང་མའི་བླ་ཡིད་ཆགས་པའི་སྲོག་གི་འཁོར་ལོ་བརྗིད་ཅིང་། འཇིགས་རུང་ཁྲོས་པའི་སྡང་མིག་ལས་དགྲ་ལྷའི་མེ་ཡི་འོད་ཟེར་གློག་ལྟར་འཁྱུགས་པ། དུག་ཁྲག་ངར་མར་སྒྲེས་པའི་མཚོན་ཆ་སྣ་ཚོགས་རྩི་ཤིང་ལྟར་གཟིངས་ཤིང་། ཁྲག་ཆང་བཏུང་བའི་རྒྱ་མཚོ་རྦ་རླབས་ཕུད་སྐྱེམས་སུ་ཁོལ་བ་སོགས་འཇིགས་སུ་རུང་བའི་ཆོས་སྣ་ཚོགས་ཀྱིས་སྐྱི་ཟིང་བའོ།།
བྱང་ཕྱོགས་ཀྱི་སྟེང་ཁང་དུ་གཡང་ཁང་རྣམ་སྲས་བང་མཛོད་ནང་སེམས་དཔའ་ས་ཡི་སྙིང་པོ་དང་། གཡང་གི་ལྷ་མོ་མཆེད་བརྒྱད། ནོར་བདག་ཛམ་ལྷ་རིགས་ལྔ། གནོད་སྦྱིན་རྟ་བདག་བརྒྱད་སོགས་ཀྱི་སྐུ་བརྙན་དང་། གཡང་མཛོད་ནང་མར་ནོར་བུ་དོན་ཡོད་ཞགས་པ་དང་། གཡང་ཐོད་མེ་འབར་མ། ཆབ་རྡེལ་དཀར་ནག་ཁྲ་གསུམ། གཟི་ཞལ་དགོས་འདོད་ཀུན་འབྱུང་སོགས་ནོར་བུའི་རིགས་མི་དང་མི་མིན་གྱི་ལས་ཟོག་སྲིད་པའི་བདོག་དགུས་བཀང་བས་ས་བཅུད་གཏེར་གྱི་དཔལ་གཡང་སྤྲོ་བ་དང་། འོག་ཁང་དུ་དཀོར་བདག་རྒོད་ལྕམ་ཁ་རག་གི་རྟེན་དང་ཀླུའི་ཆུ་མིག་གཉན་པོ་བཅས་གནས་སོ།།
གཞན་ཡང་གཙུག་ལག་གཉིས་ཀྱི་མཛད་སྒོའི་ལས་ཤག་ཁག་དང་དཀོར་མཛོད་སྣ་ཚོགས་ཀྱིས་ཀུན་ནས་གང་བ་དང་། དཀྱིལ་གྱི་མཐོངས་ངོས་ཐོག་རིམ་གཉིས་ཀྱི་གྲུ་ཆད་དུ་སྐད་སྙན་སྒྲོག་ཅིང་མི་སྐད་སྨྲ་བའི་བྱ་དང་བྱེའུའི་རིགས་དང་སྤུ་སྡུག་བཀྲ་ཞིང་མི་ལ་འཁྲི་བའི་གཅན་གཟན་དང་རི་དྭགས་ཀྱི་རིགས་སྣ་ཚོགས་ཀྱིས་གང་བས་སྤྱན་གཟིགས་གླིང་ཁར་གྲུབ་པ་སོགས་ཕྱི་ནང་གི་བཀོད་པ་ལེགས་ཤིང་མཛེས་བརྗིད་ཕུན་སུམ་ཚོགས་པའོ།།
ལྷོ་ཕྱོགས་ཀྱི་ངོས་སུ་རྔ་རོལ་གྱི་ཐོག་ཁང་རིང་མོ་དང་། གྲྭ་མང་གཞུང་ལས་ཁང་། གཞུང་གཉེར་ཐབ་ཚང་ཁང་བཅས་ཏེ། དེ་རྣམས་ཀྱི་དཀྱིལ་དུ་འཆམ་ར་ཆེན་མོ་ཞི་རྒྱས་དབང་དྲག་གི་ཐིག་གིས་མཛེས་པ། ཚོགས་ཆེན་གཙུག་ལག་ཁང་གི་རྒྱབ་ཕྱོགས་སུ་དགེ་འདུན་གྱི་ཀུན་དགའ་ར་བ་ལྗོན་ཤིང་དང་མེ་ཏོག་གི་ཚལ་གྱིས་མཛེས་པ། ཆོས་ཁྲིའི་སྟེགས་བུའི་རྒྱབ་ངོས་ཀྱི་རྩིག་ལྡེབས་སུ་འཕགས་པ་རྟག་ཏུ་ངུས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འཚོལ་བ་དང་། འཕགས་པའི་ཡུལ་གྱི་རྒྱན་དྲུག་མཆོག་གཉིས་ཀྱི་རྣམ་ཐར་སོགས་རི་མོར་བྲིས་པ། མདུན་གྱི་ཆོས་ར་ཡངས་པོར་འཆད་པ་དང་། རྩོད་པ་དང་། རྩོམ་པའི་གནས་ཆོས་ཚན་དང་སྡེ་ཁག་སོ་སོར་ཕྱེས་པ། གཞན་ཡང་ཐུབ་དབང་སྟོང་སྐུ་དང་གུ་རུ་སྟོང་སྐུའི་ལྷ་ཁང་། ཞི་ཁྲོའི་ལྷ་ཁང་། བདུད་འདུལ་ལྷ་ཁང་། གེ་སར་ལྷ་ཁང་། གསེར་འཁོར་དང་དངུལ་འཁོར་གྱི་འཁོར་ཆེན་ལྷ་ཁང་ཁག་བཅས་སོགས་རང་རང་གི་བཀོད་པའི་ཁྱད་པར་གྱིས་འཕགས་པ་ཅན། དེ་དག་གི་མཐའ་སྐོར་དུ་དགོན་པ་གླིང་ཤོག་ཆེན་པོ་དྲུག་ཏུ་བགོས་ཏེ་ཆགས་པའི་གླིང་སོ་སོའི་ཚོགས་ཁང་དང་། བླ་བྲང་ཁག གྲྭ་ཚང་གི་སྒེར་ཤག་ཁག་བཅས་རེ་རེ་བཞིན་ཁྲ་ཆེམ་ཆེམ་དུ་བཀྲ་ཞིང་གྲལ་སྟར་འགྲིག་པ། མཐའ་སྐོར་གྱི་ཕྱོགས་བཞིར་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་ལྷ་ཁང་བཞི་ཞལ་ཕྱིར་ཕྱོགས་པ་དང་། བསྲུང་བཟློག་གི་སྙིང་པོ་ཅན་གྱི་དར་ཆེན་མཐོན་པོ་དག་ཕྱོགས་བཞིར་བསྒྲེངས་བས་བར་ཆད་སྲུང་བ། དགོན་གཡས་མདུན་གྱི་དྭངས་ཤིང་བསིལ་བའི་ཆུ་མིག་གི་འགྲམ་ནས་རྒྱབ་རིའི་ངོས་རྒྱུད་གཡོན་ཕྱོགས་བྱང་སྲུང་རུས་སྦལ་གནས་པའི་རི་རྒྱུད་བར་དུ་གཟུངས་སྔགས་སྣ་ཚོགས་པའི་དར་ལྕོག་གིས་འབྲེལ་བ་དང་། གཡོན་གཤམ་དུ་བདུད་འདུལ་དང་སྲི་མནན་ལ་སོགས་པའི་མཆོད་རྟེན་ཆེན་པོ་རྣམས་བརྗིད་ཆགས་པའོ།།
དགོན་ཆེན་གྱི་མདུན་ཞོལ་ནས་ཞི་བའི་རླབས་ཕྲེང་དཀར་པོ་གཡོ་བའི་ཆུ་ཀླུང་དལ་གྱིས་འབབ་པ་དེ་ལ་ལག་གཡོན་ཕྱོགས་ཏེ། སྤང་ཐང་ནེའུ་གསིང་འདྲེས་མ་བརྒྱུད་དེ་མདུན་དུ་རྒྱང་གྲགས་གཅིག་ཕྱིན་ན། མཁས་པའི་ལྗགས་སམ་ཤེས་རབ་ཀྱི་རལ་གྲིའི་དབྱིབས་དང་མཚུངས་པའི་ས་ཁད་ཅུང་མཐོ་བའི་སྤང་ལྗོངས་སུ། གྲུ་བཞི་རྒྱ་ཁྱོན་ཡངས་བའི་ལྕགས་རིས་བསྐོར་བའི་དབུས་སུ། གཙུག་ལག་ཁང་སུམ་ཐོག་མངོན་པར་མཛེས་པའི་ཡང་སྟེང་ནས་ཆོས་དུང་དང་འཁར་རྔའི་སྒྲ་ཡིས་བསྐུལ་བའི་ཚེ། སྦྱང་བའི་ཡོན་ཏན་ལ་གནས་ཤིང་། སྡེ་སྣོད་གསུམ་ལ་ཐོས་བརྩོན་གྱིས་འབད་པར་རྣམ་གཡེངས་ཀྱིས་མི་བརྫི་བའི་དགེ་སྦྱོང་དག་སྤྱོད་ལམ་དུལ་བས་རྒྱུ་བའི་གླིང་དེ་ནི་གངས་རིའི་ཁྲོད་ཀྱི་ནཱ་ལེནྡྲ་གཉིས་པ། ཡུལ་ཤར་ཕྱོགས་ཀྱི་མཁས་པའི་འབྱུང་གནས་ཆེན་པོ་རྫོགས་ཆེན་ཤྲཱི་སེང་དུ་གྲགས་པ་དེ་ཉིད་དེ། ཤར་ཕྱོགས་ལྷུན་པོའི་ཕྲག་པ་རྒྱང་རིང་གི་ས་ནས་དམའ་བའི་སྔོ་སངས་ནམ་མཁའི་མཐོངས་ཡངས་ནས། ཞོགས་པའི་མཚམས་སྤྲིན་དམར་སེར་གྱིས་འཁྱུད་པའི་རྟ་བདུན་དབང་པོ་ཐོག་མར་ཤར་བའི་འོད་ཟེར་འཇམ་མཛེས་ལྗང་སྔོན་འཚེར་བའི་སྤང་ཁའི་སྟེང་གི་གཙུག་ལག་ཁང་དང་ཆོས་རའི་གསེར་ཏོག་ལ་ཕོག་པས་གསེར་འོད་ལམ་མེར་འཕྲོ་བའི་འོད་མདངས་ཕན་ཚུན་འགྲན་པ་བཞིན་དུ་རྒྱས་པའི་ཆོས་མཚུངས་སུ། རྗེ་བཙུན་བརྟན་པའི་འཁོར་ལོའི་མཁྱེན་རབ་ཡེ་ཤེས་ཀྱི་ཉི་མ་དྭངས་གསལ་ཡིད་ཀྱི་ནམ་མཁར་འགོག་མེད་དུ་ཤར་བའི་མཐུ་ལས། བློ་གྲོས་སྤོབས་པའི་སྣང་བ་ནང་ནས་རྒྱས་པས་གནས་ལྔ་རིག་པའི་འོད་ཟེར་འབུམ་དུ་བདལ་བའི་ལུང་རྟོགས་བཤད་སྒྲུབ་ཀྱི་དགའ་ཚལ་ཆེན་པོ་དེ་ཉིད། མདོ་ཁམས་འཛིན་མའི་རྒྱན་ཆ་རུ་མཛེས་བརྗིད་ས་གཞིས་ཀྱང་ཐེག་པར་དཀའ་བ་ཙམ་དུ་ཆགས་ཏེ། འདིར་སྨོས་པ་གླིང་དེའི་ཕྱི་དབྱིབས་ཀྱི་ཆགས་ཚུལ་ནི། ཁོར་ཡུག་ལྕགས་རི་གྲུ་བཞིས་བསྐོར་བའི་ཤར་ཕྱོགས་ཀྱི་རྒྱུད་དུ་གསུང་རབ་དཔེ་ཚོགས་ཀྱི་མཛོད་སྣ་ཚོགས་དང་པར་ཁང་ཆེན་མོ་ཆོས་འབྱུང་ནོར་བུའི་གཏེར་མཛོད་བཞུགས་པ་དང་། ཕྱོགས་གཞན་གསུམ་པོའི་རྒྱུད་དུ་ཞལ་གཙུག་ལག་ཁང་ལ་ཕྱོགས་ཏེ་བཤད་གྲྭ་པའི་བཞུགས་ཤག་འཆད་ཚན་དང་འཛིན་གྲྭའི་ལོ་རིམ་ལྟར་ཁྲིགས་ཆགས་སུ་སྟར་འགྲིག་པ། དཀྱིལ་དབུས་སུ་གཙུག་ལག་ཁང་ཆེན་མོ་ཚད་དང་མཚན་ཉིད་ལྡན་པ། གཙང་ཁང་དུ་མཉམ་མེད་ཤཱཀྱའི་རྒྱལ་པོའི་སྐུ་བརྙན་མཐོང་གྲོལ་གཟི་འབར་མ། འཁོར་ཉེ་སྲས་བརྒྱད་དང་གནས་བརྟན་བཅུ་དྲུག་གིས་བསྐོར་བར་མཆོད་པའི་བྱེ་བྲག་མང་པོས་བསྟབས་པ། གཙུག་ལག་ཁང་གི་ནང་གི་ལྡེབས་སུ་ཐུབ་པའི་སྐྱེས་རབས་དང་ཆོ་འཕྲུལ་གྱི་མཛད་པ་རྣམས་དང་འཕགས་ཡུལ་དང་བྷོ་ཊའི་ལྗོངས་ཀྱི་པཎ་གྲུབ་སྔར་བྱོན་རྣམས་ཀྱི་རྣམ་པར་ཐར་པ་རི་མོའི་སྣང་བརྙན་དུ་བྲིས་པ། དབུས་ངོས་སུ་རྫོགས་ཆེན་སྙིང་ཐིག་གི་བརྒྱུད་པའི་བླ་མ་རྣམས་ཀྱི་འདྲ་སྐུ་བྱིན་ལྡན་མང་པོ་བཞུགས་སུ་གསོལ་ཞིང་། དཀྱིལ་ཐོད་དུ་མཁན་རབས་ནོར་བུའི་ཕྲེང་བ་བར་མ་ཆད་པར་བྱོན་པ་དག་གི་ཞབས་ཀྱི་པདྨོ་རྣམ་པར་བཀོད་ཅིང་ཟབ་རྒྱས་ཆོས་ཀྱི་སྒོ་འཕར་གྱི་སྐབས་དབྱེ་བའི་མཁན་ཁྲི་ནོར་བུ་མ་མཛེས་བརྗིད་དང་ལྡན་པ་བརྒྱབ་པ། མདུན་གྱི་གདོང་གྲལ་ཕྱི་ནང་དང་། དེའི་ཕྱི་རོལ་གྱི་རྒྱབ་གྲལ་རྣམས་བཅས་སོ་སོར་མང་ཐོས་སྡེ་སྣོད་འཛིན་པའི་དགེ་འདུན་པ་དག་གནས་བརྟན་དང་བསླབ་པ་རྒན་གཞོན་གྱི་རིམ་པས་ཕྱེ་བའི་བཞུགས་གྲལ་བསྒྲིགས་པ། སྟེང་ཕྱོགས་སྤོས་ཀྱི་ལྡིང་ཁང་མཆོད་སྤྲིན་སྣ་ཚོགས་སྤྲོ་བའི་གཞལ་མེད་ཁང་དུ་བདེ་བར་གཤེགས་པའི་གསུང་རབ་གསེར་དངུལ་མཚལ་སྣག་གི་རི་མོར་བཀོད་པའི་གླེགས་བམ་རིན་པོ་ཆེ་བརྒྱ་ཕྲག་མང་པོ་བཞུགས་པ་དང་། ཡང་སྟེང་དུ་མིའི་རིན་པོ་ཆེ་དུ་མ་རྒྱུར་བྱས་ཏེ་བསྐྲུན་པའི་སྐུ་གདུང་ཆེན་པོ་ཆ་བརྒྱད་ཀྱི་མཆོད་པའི་རྟེན་ངོ་མཚར་བའི་བྱིན་འོད་འབར་བ་དག་བཞུགས་ཤིང་། ལྕོག་བཞིར་ཆོས་སྐྱོང་མ་གཟའ་རྡོར་གསུམ་སོགས་ཀྱི་སྐུ་འབག་དང་རྟེན་རྫས་དཀོར་མཛོད་ཀྱིས་གང་བ་དང་། སྟེང་འོག་ཀུན་ཏུ་བླ་བྲེ་དང་། རྒྱལ་མཚན་དང་། འཕན་འཕུར་དང་། ལྡ་ལྡི་དང་ནོར་བུའི་དྲ་བ་ལ་སོགས་པས་མཛེས་པར་བརྒྱན་པ། ཕྱིའི་བྱང་ཤར་དུ་གླིང་འདིའི་སྲུང་མ་གནོད་སྦྱིན་དགྲ་ལྷའི་རྒྱལ་པོ་ཙིའུ་དམར་པོའི་རྟེན་མཁར་གྲུ་བཞི་མཚལ་དམར་གྱི་ཁ་བད་ཅན་དྲག་པོའི་རུ་མཚོན་གཡོ་བ། བླ་རྟེན་སྲོག་གི་འཁོར་ལོ་མི་ཤིགས་ཕྱག་རྒྱའི་རྫོང་བཙན་དུ་བརྗིད་པར་དམ་ལྡན་གཟུགས་ཅན་བཞིན་དུ་འདུ་བ་དང་། གཡུལ་རྒྱལ་དམོད་པའི་མཚོན་ཆ་བདེན་ཚིག་དྲག་སྔགས་རྩུབ་པས་ཕྱོགས་དེར་ཕལ་གྱིས་རྒྱུ་འགྲུལ་ཡང་དཀའ་བ་ཙམ་དུ་གནས་སོ།།
གླིང་ནང་གི་ཕྱོགས་བཞི་ཡངས་པོར་བདལ་བའི་ཆོས་རའི་སྤང་ལྗོངས་སུ་མ་རྨོས་མ་བཏབ་པའི་མེ་ཏོག་སྣ་བརྒྱ་བཞད་ཁ་དྭངས་ཤིང་དྲི་ཞིམ་གྱི་བསུང་དང་ལྡན་པ་དང་། རང་བཞིན་གྱིས་སྐྱེས་པ་དང་བདམས་ནས་བཙུགས་པའི་ཤིང་ཕྲན་སྣ་ཚོགས་ཀྱང་ཚོམ་བུ་ཚོམ་བུར་མཛེས་ཤིང་། ཤྭ་བ་ལ་སོགས་པའི་རི་དྭགས་དུལ་བ་འགའ་ཡང་བག་ཕེབས་པར་རྒྱུ་བའི་བྱ་ནེ་ཙོའི་མགྲིན་པ་ལྟར་ལྗང་ཞིང་སྣུམ་པའི་ཆོས་རའི་སྤང་འཇམ་དུ་ན་བཟའ་ངུར་སྨྲིག་གི་རྒྱལ་མཚན་སྐུ་ལ་བཞེས་ཤིང་ཕྱག་ན་ཆོས་ཀྱི་གླེགས་བམ་བསྣམ་པའི་དགེ་འདུན་པ་རྣམས། འགའ་ཡིས་ལྡབ་ལྡིབ་སྤང་བའི་རྗོད་བྱེད་གསུང་གི་སྒྲ་ཚིག་དག་ཅིང་གསལ་བས། དོན་བརླིང་བ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་རྣམ་གྲངས་བརྗོད་བྱར་བྱས་པ་རྣམས་མ་འདྲེས་ཤིང་མ་འཛོལ་བར་སློབ་མའི་རྒྱུད་དང་བསྟུན་ནས་འཆད་པའི་བྱེ་བྲག་སྣ་ཚོགས་པས་གཞན་རྗེས་སུ་འཛིན་པ་དང་། འགའ་ཞིག་གིས་སྔ་རྒོལ་དང་ཕྱི་རྒོལ་གྱི་ཚུལ་གྱིས་གཟུགས་ནས་རྣམ་མཁྱེན་གྱིས་བསྡུས་པའི་གཞལ་བྱའི་ཆོས་རྣམས། འཇལ་བྱེད་དངོས་སྟོབས་ཀྱི་རིགས་པ་དཔྱད་གསུམ་རྣམ་པར་དག་པའི་གཏན་ཚིགས་རྒྱུ་མཚན་དུ་བཀོད་པས་གཏན་ལ་ཕབ་སྟེ། ལུང་དང་རིགས་པའི་ཐོག་མདས་བསྟན་པའི་ཕྱི་རོལ་དུ་གྱུར་པའི་ལོག་སྨྲའི་རྒོལ་བ་ངན་པའི་བྲག་རི་གཏོར་ཞིང་ཚར་གཅོད་པར་བྱེད་པ། ལ་ལས་མ་འོངས་པར་བསྟན་རྒྱུན་སྤེལ་བ་དང་ཕྱི་རབས་ཀྱི་གང་ཟག་རྣམས་བརྩེ་བས་རྗེས་སུ་འཛིན་པ་མི་ལྷོད་པའི་ཕྱིར། མདོའམ་སྔགས་སུ་གཏོགས་པའི་བསྟན་བཅོས་སྔར་མ་གྲགས་པའི་གཞུང་ལུགས་མང་པོ་དང་། ཡང་ན་སྔར་བརྩམས་པའི་བསྟན་བཅོས་དག་ལ་གོ་སླ་ཞིང་འཇུག་བདེ་བའི་ཚིག་དང་དོན་གྱི་འགྲེལ་བ་སྣ་ཚོགས་དང་། དཀྱུས་དང་། ས་བཅད། སྡོམ་ལ་སོགས་པའི་རབ་ཏུ་དབྱེ་བ་དག་སྨྱུ་གུའི་གར་སྟབས་ཀྱིས་མཚོན་པར་བྱེད་པ་དང་། ཡང་ཁ་ཅིག་གིས་ནི་ཕྱི་དུས་ཀྱི་འཁོར་ལོ་ཉི་ཟླ་གཟའ་སྐར་གྱི་རང་འགྲོས་དང་། ནང་དུས་ཀྱི་འཁོར་ལོ་འཕོ་བ་རླུང་གི་རྒྱུ་བ་དག་དབུགས་དང་ཆ་ཤས་ཀྱིས་གཏན་ལ་འབེབས་པའི་ཕྲ་རགས་རྩིས་ཀྱི་རི་མོ་སམ་ཊའི་ངོས་སུ་ལྕགས་ཀྱི་ཐུར་མས་གསལ་བར་བྱེད་པ་དང་། གཞན་ལ་ལ་ཞིག་གིས་དུག་གསུམ་རྒྱུར་བྱས་པའི་རླུང་མཁྲིས་བད་ཀན་འདུ་བ་ལ་སོགས་པའི་ནད་རིགས་འཇོམས་པའི་རིག་པ་དང་སྙན་པར་སྨྲ་བའི་ངག་རྣ་བར་འཇེབས་པ་བཅད་ལྷུག་སྤེལ་མར་བྱས་པ་རྒྱན་གྱིས་སྤུད་པ་དག་དང་། ཚིག་གི་སྦྱོར་བ་དེ་དག་ལྕི་ཡང་གི་སྒྲ་ལ་ལྟོས་ཏེ་བསྡེབ་པའི་སྦྱོར་བ་དང་ཟློས་གར་དུ་བསྒྱུར་བ་དང་བཟོའི་རིག་ལ་སོགས་པར་བརྩོན་པ་ལྷུར་ལེན་པ། ཐམས་ཅད་ཀྱིས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་རྒྱ་མཚོ་ལྟ་བུར་འཇུག་པར་བྱེད་ཅིང་། རྟག་ཏུ་ཆོས་ཀྱི་སྒྲ་དབྱངས་རྒྱུན་མི་ཆད་པར་སྒྲོག་པས། ཐ་ན་དེར་གནས་པའི་བྱ་དང་བྱེའུའི་ཚོགས་ཀྱང་འཁོར་བ་མཐའ་ཅན་དུ་འགྱུར་བའི་བག་ཆགས་བཟང་པོ་རྒྱུད་ལ་ཐེབས་པར་ངེས་པའི་བློ་ལྡན་དགྱེས་པ་སྐྱེད་པའི་གླིང་ཆེན་པོ་དེར། ཕྱོགས་ཀྱི་མཁས་པའི་ཚོགས་ཀྱིས་ཡི་རངས་ཀྱི་མེ་ཏོག་དངོས་བརྒྱུད་ནས་འཐོར་བ་དང་བློ་གསལ་དོན་གཉེར་ཅན་གྱི་སྐྱེ་བོ་དེ་བས་མང་བ་ཞིག་འཚང་ཁའི་ངང་འདུ་བ་ནི། དབྱར་གྱི་དུས་ཀྱི་པདྨའི་ལྡུམ་རར་ཇི་ལྟར་རྐང་དྲུག་གི་ཚོགས་བཞིན་ཏེ། དེ་ལས་འགའ་ཞིག་ནི་རང་རང་གི་བགོ་སྐལ་དང་འཚམས་པའི་ཐོས་པའི་སྦྲང་རྩིས་ཚིམས་ཏེ་ཕྱོགས་བཅུར་ལེགས་པར་བཤད་པའི་ཟིལ་མངར་འགྲེམ་པ་ལ་བྲེལ་བ་ཧ་ཅང་མང་བ་ཡང་དེ་དང་མཚུངས་སོ།།
དེར་ནི་རབ་ཏུ་བྱུང་བ་གཅིག་པུས་མ་གཏོགས་བུད་མེད་ལྟ་ཅི་ཁྱིམ་ན་གནས་པའི་རྟེན་ཅན་གྱི་སྐྱེས་པས་ཀྱང་དུས་མ་ཡིན་པར་འགྲོ་བ་དང་སྡོད་པའི་སྐབས་མི་ཕྱེད་ཅིང་། གནས་དེར་ཚོགས་པ་ཀུན་གྱིས་གཞི་ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་པས་ཐོས་པ་དང་བསམ་པའི་ཡོན་ཏན་མཐའ་ཡས་པ་ལ་དབང་འབྱོར་བར་བྱས་ཏེ། ཕྱིན་ཅི་མ་ལོག་པའི་བསྒོམ་པའི་ཡེ་ཤེས་ལྟ་སྤྱོད་རྣམ་པར་དག་པས་གཏན་ལ་འབེབས་པའི་ལམ་གྱི་གཞི་རྟེན་མ་ནོར་བ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ། ལྷག་པ་ཤེས་རབ་ཀྱི་བསླབ་པ་གསུམ་གཙོ་བོར་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་བཀའ་དྲི་མ་མེད་པ་དམ་པའི་ཆོས་འདུལ་བ་དང་། མདོ་སྡེ་དང་། མ་མོ་བཅས་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་གྱི་དགོངས་དོན་འཕགས་པའི་ཡུལ་གྱི་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་དང་མཆོག་གཉིས་ལ་སོགས་པས་བཀྲལ་བར་མཛད་པའི་གཞུང་ཆེན་པོ་བཅུ་གསུམ་གྱི་རྣམ་པར་དབྱེ་བ་སོགས་དང་། རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་སྙིང་པོ་ལ་སོགས་པ་ཟབ་མོ་ནང་གི་རིག་པ་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་འབྲས་བུ་སྔགས་ཀྱི་ཐེག་པ་འཆད་ཉན་གྱི་མཛད་པ་གཙོ་བོར་སྟོན་པ་དང་མཉམ་དུ། སྒྲ་ཚད། བཟོ་གསོ། སྙན་ངག མངོན་བརྗོད། ཟློས་གར། སྡེབ་སྦྱོར། སྐར་རྩིས་ལ་སོགས་པ་རིག་པའི་གནས་ཆེ་ཕྲ་ཇི་སྙེད་པ་ཀུན་ལ་ཐོས་བསམ་གྱིས་སྒྲོ་འདོགས་བཅད་པ་དང་། ཤེས་བྱའི་གནས་ཕྲ་མོ་ཙམ་ལ་ཡང་སྦྱང་བརྩོན་གྱི་འབད་པ་མི་འདོར་བར། མཛད་པ་ཀུན་ཀྱང་མཐའ་ཡས་པའི་འགྲོ་བ་སྒྲོལ་བའི་སླད་དུ་བརྩོན་པའི་རང་བཞིན་ཅན་ཉིད་དེ་གནས་འདིར་རྐང་སྟེགས་དང་པོ་བཞག་པ་ནས་བརྩམས་པའི་སྒོ་གསུམ་གྱི་བྱ་བ་ཐམས་ཅད་རླབས་ཆེན་རྒྱལ་སྲས་ཀྱི་སྤྱོད་པར་གསེར་འགྱུར་གྱི་ཁམས་བཞིན་བསྒྱུར་བར་བྱེད་པའི་ཐེག་ཆེན་བྱང་ཆུབ་ཀྱི་སེམས་སྐྱེད་ཅིང་། དེའི་སྡོམ་པ་ནོད་པ་དང་། སྨོན་པ་དང་འཇུག་པའི་བསླབ་བྱ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྒྱལ་བའི་སྲས་ཀྱི་དགོངས་སྤྱོད་མཐའ་ཀླས་པར་སློབ་པར་བྱེད་པ་སྟེ། ཐོག་མ་ཉིད་ནས་རྒྱལ་སྲས་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པར་བློ་འདྲིས་པར་བྱས་ནས་རིམ་གྱིས་འཕགས་པའི་ཡུལ་གྱི་སློབ་དཔོན་མཁས་པ་རྣམས་ཀྱི་གཞུང་ཆེན་པོ་དག་ལ་འཇུག་པ་དང་གསང་བ་སྔགས་ཀྱི་འཇུག་སྒོ་སྨིན་ཅིང་གྲོལ་བར་བྱེད་པའི་དབང་ཁྲིད་ཀྱིས་རང་རྒྱུད་དག་པར་བྱས་ཏེ། མཚན་བཅས་དང་མཚན་མེད་ཀྱི་རྣལ་འབྱོར་ནས། བསྐྱེད་པ་དང་རྫོགས་པའི་རིམ་པ་དང་། ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གྱི་ལྟ་སྒོམ་སྤྱོད་པའི་གནད་ཟབ་མོས་མཐར་ཐུག་ཟད་སར་སྐྱེལ་བའི་གདམས་པ་སྡོམ་གསུམ་འགལ་མེད་ཀྱི་ཉམས་ལེན་ལ་དྲིལ་བ་སྟེ། འདིའི་སྐོར་ཞིབ་པར་ཆོས་གྲྭ་འདིའི་ཐོག་མའི་ཕྱག་སྲོལ་གྱི་ཕྱི་མོའི་སྒྲིག་དཔེ་བསླབ་པར་བྱ་བ་བཅའ་ཡིག་ཆེན་མོར་གསལ་བ་ཇི་བཞིན་ཕྱག་ལེན་དུ་བསྟར་བའོ།།
བཤད་གྲྭ་འདི་ཉིད་རྫོགས་ཆེན་རིན་པོ་ཆེ་སྐུ་ཕྲེང་བཞི་པའི་སྐབས་སེང་ཕྲུག་པདྨ་བཀྲ་ཤིས་དང་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་འོད་ཟེར་གྱིས་ཕྱག་བཏབ་པ་དང་། མཁན་ཆེན་པདྨ་བཛྲ་གྱིས་བསྐྱངས་ཤིང་། རྗེས་སུ་མཁན་ཆེན་གཞན་ཕན་ཆོས་ཀྱི་སྣང་བའམ་མཁན་གཞན་དགའ་རིན་པོ་ཆེས་དར་ཞིང་རྒྱས་པར་མཛད། ཁོང་གིས་གཞུང་ཆེན་བཅུ་གསུམ་ལ་མཆན་གྱི་འགྲེལ་བ་དགོངས་དོན་རྩལ་དུ་བཏོན་པ་དག་བརྩམས་པ་ནས་བཟུང་། ཡིག་ཆ་དེ་ཉིད་ལ་གཞིར་བཟུང་ནས་གཟིགས་པའི་སྲོལ་བྱུང་ཞིང་། རྗེ་དེ་ཉིད་ཀྱིས་རྫོགས་ཆེན་ཤྲཱི་སེང་དུ་གྲགས་པའི་ཆོས་གྲྭ་ཆེན་པོ་འདི་ཉིད་ཀྱི་ཡན་ལག་ཏུ་གྱུར་པའི་བཤད་གྲྭ་ཤིན་ཏུ་མང་པོ་བཙུགས་པས་རིས་མེད་བསྟན་པ་སྤྱི་དང་། བོད་ཆེན་པོའི་ལྗོངས་ཀྱི་ཡུལ་གྲུ་མང་པོ་ལ་ཁྱབ་པར་མཛད་པ་དང་མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་འབྱོར་བའི་སློབ་མའི་ཐུ་བོ་མང་དུ་བྱོན་པར་མ་ཟད། དེ་དག་གི་ཡང་སློབ་ཤིན་ཏུ་མང་བ་རྣམས་ཀྱིས་བཤད་པ་དང་སྒྲུབ་པས་རྒྱལ་བའི་བསྟན་ལ་བྱ་བ་བྱས་པ་བསམ་གྱིས་མི་ཁྱབ་ཅིང་། ཆོས་གྲྭ་འདིར་སྟོད་སྨད་བོད་ཀྱི་གྲྭ་རིགས་ཞུགས་པས་མི་ཚད། ཤར་ཕྱོགས་ནང་ཆོས་དར་བའི་རྒྱལ་ཁབ་འགའ་ཡི་གྲྭ་རྒྱུན་ཞུགས་མྱོང་བ་དང་། འཛམ་གླིང་ཡུལ་གྲུ་མང་པོའི་དཔྱད་ཞིབ་མི་སྣས་ཀྱང་སྔར་ནས་རྩད་ཞིབ་བྱས་པའི་ལོ་རྒྱུས་མང་བར་གྲགས་སོ།།
དེ་ལས་རྒྱང་གྲགས་གཉིས་ཀྱིས་ཆོད་པའི་ས་དབྱིབས་སྒོམ་ཆེན་མཉམ་བཞག་གིས་བཞུགས་པ་ལྟ་བུའི་པང་དུ། ཁོར་ཡུག་ནགས་ཚལ་གྱིས་གང་ཞིང་གཡས་ཕྱོགས་ནས་ཆུ་ཕྲན་འབབ་པའི་གནས་སུ་སྤོང་བ་བསམ་གཏན་སྒོམ་པ་དང་། ཡི་དམ་སོ་སོའི་བསྙེན་སྒྲུབ་མཐར་ཆགས་སུ་སྐྱེལ་བའི་སྒྲུབ་གྲྭ་གསང་ཆེན་ངེས་དོན་གླིང་ཆགས་ཏེ། གཙུག་ལག་ཁང་ཉིས་ཐོག་ཏོག་དང་ཐུག་གིས་མཛེས་པ། རྟེན་གྱི་གཙོ་བོ་གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་བརྙན་གསུང་འབྱོན་མས་གཙོས་པའི་རྒྱ་གར་གྱི་གྲུབ་ཆེན་བརྒྱད་ཅུ། བོད་ཀྱི་རྗེ་འབངས་ཉེར་ལྔ་སོགས་བྲིས་འབུར་ལུགས་བླུགས་ཀྱི་སྐུ་གསུང་ཐུགས་རྟེན་མང་པོས་གང་བ། མཐའ་སྐོར་དུ་སྒྲུབ་གྲྭའི་དགེ་འདུན་པའི་བཞུགས་ཤག་དང་སྒོམ་ཁང་གིས་ར་བ་གྲུ་བཞིར་འཁོར་བ་སྟེ། ཀུན་ཀྱང་སྤྱོད་ལམ་བཞི་ཤོང་གི་ཚད་ཅན་གྲབ་མཚུངས་ཤིང་ནང་བཞུགས་དགེ་འདུན་པ་དག་ཀྱང་། ཐུན་བཞིའམ་དྲུག་གི་རྣལ་འབྱོར་ལས་མི་འདའ་ཞིང་བུག་སྒོ་འདག་ཞལ་བྱས་པ་ཤིན་ཏུ་མང་། འཇའ་ལུས་འོད་སྐུར་དེངས་པ་མང་རབ་བྱོན་པ་ཡང་གནས་འདི་ནས་སོ།།
དེ་ལས་ཐད་དུ་ཕྱིན་པའི་ཡར་འདབས་སུ་ངོས་བཞིར་ཐང་ཤིང་དང་། ནེའུ་གསིང་དང་། ཁྲུས་ཀྱི་རྫིང་བུ་རང་བཞིན་གྱིས་དྲོད་དང་ལྡན་པ་དང་། དལ་གྱིས་རྒྱུ་བའི་ཆུ་ཀླུང་བཅས་ཀྱིས་ཕྱོགས་སོ་སོ་ནས་བསྐོར་བའི་མེ་ཏོག་པདྨའི་འདབ་མ་རྒྱས་པ་ལྟ་བུའི་པདྨའི་ཐང་དང་། དེ་ལས་གྱེན་དུ་ནགས་ཀྱི་འཕྲེད་ལམ་ལ་བརྒྱུད་ན་བཀྲ་ཤིས་ཚེ་རིང་མཆེད་ལྔས་སྲུང་བའི་གནས། སྨན་གྱི་འབྲས་བུ་བདུད་རྩིའི་ཟིལ་བཅུད་དང་ལྡན་པས་གང་བའི་ཚེ་རིང་ལྗོངས་དང་། དེ་ལས་ཀྱང་གྱེན་དུ་བགྲོད་པའི་རྫ་ཁྲོད་དུ་འཇམ་པའི་དབྱངས་དྲག་ཏུ་ཁྲོས་པའི་སྒྲུབ་ཕུག་གོང་འོག དེའི་ཡང་གོང་གི་གངས་ཁྲོད་དུ་གཡུ་འབྲུག་ནམ་མཁའ་རྫོང་སོགས་དང་། གཞན་ཡང་ནགས་ཆུང་མ། དམ་ཅན་སྒང་། སྒྲུབ་མཚོ་གོང་འོག་བར་གསུམ། སྐྱལ་གྱི་བྲག་དཀར། རྒྱལ་དང་གནསའི་ཕུ་སོགས་ཉམས་རྟོགས་ཁྱད་པར་ཅན་རང་ཤུགས་སུ་སྐྱེ་བའི་དབེན་པའི་སྒྲུབ་གནས་ཤིན་ཏུ་མང་ཞིང་། དེ་དག་ཏུ་སྒྲུབ་པའི་རྒྱལ་མཚན་བཙུགས་ནས་ཚེ་དང་སྒྲུབ་པ་སྙོམས་པ་དེ་བས་མང་བ་དང་། དགེ་བའི་བཤེས་གཉེན་རེ་རེས་མདོ་དང་སྔགས་ཀྱི་ཆོས་འཆད་སྤེལ་མཛད་པའི་སློབ་ཚོགས་འདུ་བ་བསམ་གྱིས་མི་ཁྱབ་སྟེ། རུ་དམ་ལུང་དུ་དུས་བཞི་ཆགས་མེད་དུ་ཉིན་བཞིན་ཆོས་དུང་བཅུ་ཕྲག་ཁ་ཤས་ཐོས་པ་རྒྱུན་མི་ཆད་ཅིང་། གཉུག་མར་གནས་པའི་འདུས་པའི་ཞལ་གྲངས་ལས་ཀྱང་ཕྱོགས་མཐའི་སློབ་བརྒྱུད་ཀྱིས་མང་བས་དེང་གི་དུས་སུའང་འཛམ་གླིང་གི་ཡུལ་གྲུ་མང་པོར་ཁྱབ་པ་འདི་བཞིན་དང་། གནས་འདི་རུ་བྱོན་པའི་བསྟན་འཛིན་གྱི་སྐྱེས་བུ་དག་གིས་ཕྱི་རབས་ཀྱི་བསྟན་པའི་བཙས་སུ་བཞག་པའི་གསུང་རབ་ཀྱང་ཆེས་མང་བ། གྲུབ་དབང་སྐུ་ཕྲེང་རིམ་བྱོན་གྱི་གསུང་ཆོས་དང་། རྒྱལ་སྲས་གཞན་ཕན་མཐའ་ཡས། སེང་ཕྲུག་པདྨ་བཀྲ་ཤིས། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། མཁན་ཆེན་པདྨ་བཛྲ། འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། གཞན་ཕན་ཆོས་ཀྱི་སྣང་བ། པདྨ་ཐེག་མཆོག་བློ་ལྡན། འཇིགས་མེད་ཡོན་ཏན་མགོན་པོ། མཁན་ཆེན་ཐུབ་བསྟན་སྙན་གྲགས། མཁན་ཆེན་པདྨ་ཚེ་དབང་སོགས་ཀྱི་གསུང་འབུམ་ལྟ་བུའོ།།
དྲན་པའི་ཡུལ་གྱུར་འདས་པའི་གཟུགས་བརྙན་རིས།།
དྭངས་བའི་ཡིད་ངོར་རྗེས་དྲན་པིར་གྱིས་བྲིས།།
ཇི་བཞིན་གསལ་བ་ངག་ལས་ཉེར་མཚོན་པ།།
མངོན་སུམ་སྣང་བ་ཡི་གེའི་གཟུགས་སུ་བསྒྱུར།།
རྣམ་མང་ཚིག་གི་སྤྲོས་པ་སྤོས་རྒྱའི་འགྲོས།།
ཀུན་རྟོག་ཆུ་ཡི་གཉེར་མའི་མཐས་གཏུགས་ཀྱང་།།
ཡ་རབས་སྐྱེ་བོ་དགའ་བའི་གླེང་གཞིའི་མཆིད།།
ལྷུགས་པོར་སྤེལ་བ་དོན་དང་ལྡན་པར་འདུན།།
ལེགས་བཤད་ཉི་མ་སྣང་བ་དམ་པའི་མཛོད།།
ས་གསུམ་དགེ་བའི་འོད་ཀྱི་འབྱུང་གནས་ཏེ།།
འདི་ཡང་ཀུན་ནས་སྐྱོ་བས་ཡིད་དབྱུང་བའི།།
སྙིང་གི་དགའ་སྟོན་སྟེར་ལ་རིན་ཆེན་བཞིན།།
ཕུལ་བྱུང་གཞན་དོན་སྒྲུབ་པའི་དམ་བཅའི་གཟུགས།།
མི་ངལ་སྲོག་གི་ཟུངས་སུ་ཡོངས་བཞེས་པ།།
སྐལ་བཟང་གདུལ་བྱར་མདོ་སྔགས་ཆོས་ཚུལ་སྒོ།།
བརྒྱ་ཕྲག་གཅིག་ཅར་འབྱེད་འདི་སྲིད་ན་རྨད།།
རླབས་ཆེན་འགྲོ་དོན་སྤྱོད་པའི་མཐུ་ཕྲ་ཡང་།།
གྱི་ནའི་འཚོ་གོས་སྲོག་ཀྱང་བསླབ་པའི་ཕྱིར།།
གཏོང་ལ་ཇི་མི་སྙམ་པའི་ཡང་མེས་ཚོའི།།
སྙིང་སྟོབས་ས་ཆེན་ཕྲག་པའི་བླ་རུ་བརྗིད།།
ཇི་སྙེད་གྲགས་པའི་གཏམ་དང་དྲན་པའི་ཆོས།།
ཟླ་མེད་སྐྱེ་བོས་བསྒྱུར་བའི་ཟློས་གར་གྱིས།།
ཡིད་རབ་བྲིད་པའི་རྗེས་ཞུགས་རྟོགས་བརྗོད་གཞུང་།།
ངོ་མཚར་སྙན་པའི་ལེའུ་རྫོགས་མཐའ་བྲལ།།
དེ་སླད་སྔོན་བྱུང་ལོ་རྒྱུས་རིང་པོའི་གཏམ།།
གྱ་ཚོམ་ཉུང་ངུའི་ཚིག་གིས་མཚོན་མིན་ཡང་།།
ཐོག་མའི་རྟོག་དཔྱོད་འཇུག་པའི་སྒོ་འབྱེད་དེ།།
གསལ་དབྱེ་ཞིབ་མོའི་བློ་ཡིས་དཔོག་པར་གྱིས།།
ཞེས་བར་སྐབས་སུ་ཚིགས་བཅད་ཐུང་ངུས་ངལ་གསོས་ཏེ་ལྗོངས་འདིའི་བསྟན་འཛིན་གཙོ་བོ་གྲུབ་དབང་པདྨ་རིག་འཛིན་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་ཁོལ་བྱུང་འགའ་ཞིག་མཁྱེན་པར་བཞེད་ན་སླར་ཡང་གཤམ་གསལ་གྱི་ལེ་ཚན་ལ་སྤྱན་རས་གཡོ་བར་ཞུ།
གང་ཞིག་བདུད་བཞིའི་སྟོབས་ལས་རབ་རྒྱལ་ཞིང་།།
སྲིད་དང་ཞི་བའི་མཐའ་ལས་ཡོངས་གྲོལ་སྐུ།།
ཚངས་དབང་ལྷ་དང་བཅས་པས་གུས་བཏུད་པ།།
ཐུབ་དབང་ཉི་མའི་གཉེན་མཆོག་གཙུག་ཏུ་མཆོད།།
སྲས་བཅས་རྒྱལ་བའི་ཡེ་ཤེས་གཅིག་བསྡུས་དཔྱིད།།
སིནྡྷུའི་དྭངས་མཚོར་འདབ་སྟོང་པདྨའི་རྩེར།།
འཆི་མེད་རིག་འཛིན་རྒྱལ་པོའི་སྐུར་བཞེངས་པ།།
མཚོར་འཁྲུངས་རྒྱལ་བའི་ཞབས་སེན་སྤྱི་བོར་བསྙེན།།
བསིལ་ལྡན་ས་འཛིན་དཀར་པོས་ཡོངས་བསྐོར་བའི།།
ལྗོངས་འདིའི་སྔ་འགྱུར་བསྟན་པའི་བདག་པོ་མཆོག།
གྲགས་པ་དོན་ལྡན་གྲུབ་དབང་རྫོགས་ཆེན་པ།།
ཡབ་སྲས་བརྒྱུད་པར་བཅས་པས་དེང་འདིར་སྐྱོངས།།
མཆོད་སྦྱིན་དགེ་བ་བསོད་ནམས་བརྒྱ་ཡི་རྒྱུས།།
ལྷ་དབང་ལྷ་ཡི་ཡོན་ཏན་རྨད་བྱུང་སྟེ།།
དེས་ཀྱང་མ་ཡིན་མཚན་གྱིས་ངན་སོང་སྒྲོལ།།
དམ་པའི་རྣམ་ཐར་སྟོན་ལ་ཅིས་མི་སྤྲོ།།
སྙན་འགྱུར་དྲི་ཟ་སྟོང་གི་རྒྱུད་མང་སྒྲས།།
འགྲན་མིན་ངོ་མཚར་དོན་གྱི་འགྱུར་ཁུག་དེས།།
མི་སྙན་སྒྲ་ལས་རྣ་བ་རིང་ཕྱོགས་པའི།།
ངལ་གསོའི་གཏམ་གྱི་རོལ་མོ་འདི་རུ་འཁྲོལ།།
དེ་ལ་འདིར་སངས་རྒྱས་གཉིས་པ་རྒྱལ་དབང་པདྨ་ཀཱ་རའི་རིང་ལུགས་འཁྲུལ་མེད་དུ་འཛིན་པ་སྔ་འགྱུར་རྙིང་མ་པ་ཞེས་ཡོངས་སུ་གྲགས་པ་མདོ་སྔགས་གཉིས་ལྡན་གྱི་རིང་ལུགས་འཛིན་པས་འཕགས་བོད་ཀྱིས་གཙོས་པའི་ཡུལ་གྲུ་མཐའ་དག་ལ་མ་ཁྱབ་པ་མེད་ལ། དེ་ལས་ཀྱང་གྲགས་ཆེ་བ་ནི་དབུས་ན་རྡོར་སྨིན་དཔལ་གསུམ། ཁམས་ན་ཀཿ དཔལ་རྫོགས་གསུམ་ཞེས་གྲགས་པའི་ནང་ཚན། མདོ་ཁམས་རྫོགས་ཆེན་པ་ཞེས་ཆོས་མིང་གང་ཟག་ལ་ཐོགས་པའི་གདན་ས་དེའི་བདག་པོ་ནི། གྲུབ་པའི་དབང་ཕྱུག་པདྨ་རིག་འཛིན་ཞེས་མཚན་སྙན་གྱི་བ་དན་དཀར་པོ་སྲིད་པའི་རྩེ་མོར་མཐོ་བ་དེ་ཉིད་ཡིན་ལ། གང་ཉིད་བསྐལ་པ་དུ་མའི་སྔ་རོལ་ནས་མཚན་ཙམ་གྱིས་ཀྱང་ངན་འགྲོའི་གཡང་ལས་སྐྱོབ་པའི་བདེ་གཤེགས་རིན་ཆེན་གཙུག་ཏོར་ཅན་དུ་མངོན་པར་བྱང་ཆུབ་བརྙེས་ཟིན་ཀྱང་། སླར་ཡང་མུ་མེད་སྲིད་མཚོར་དུབ་པའི་འགྲོ་བ་མཐའ་དག་བསྒྲལ་བའི་སླད་དུ། རྒྱལ་བ་ཤཱཀྱ་སེང་གེའི་བསྟན་པ་འདིར་ཡང་འཕགས་པའི་ཡུལ་དུ་དཔལ་ལྡན་ས་ར་ཧ་པ་དང་། པཎ་ཆེན་བི་མ་མི་ཏྲ། སློབ་དཔོན་ཀུ་ཀུ་རི་པ། པཎ་ཆེན་དྲི་མེད་བཤེས་གཉེན། བོད་དུ་དཔལ་གྱི་སེང་གེ་དང་། ལང་གྲོ་དཀོན་མཆོག་འབྱུང་གནས། ཆོས་རྒྱལ་མངའ་བདག་ཁྲི་རལ། ཀརྨ་པ་དུས་གསུམ་མཁྱེན་པ། རྗེ་མཉམ་མེད་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པ་སོགས་སྣ་ཚོགས་གདུལ་བྱའི་མོས་ངོར་གང་འདུལ་སྒྱུ་འཕྲུལ་གྱི་མཛད་པ་ཅིར་ཡང་བསྒྱུར་ནས། སླར་ཡང་ཟབ་གསང་སྙིང་པོའི་ཐེག་པ་འོད་གསལ་རྫོགས་ཆེན་གྱི་བསྟན་པ་གཞི་བཞེངས་སུ་སློང་བའི་ཕྱིར་དུ་བསམ་བཞིན་མི་རུ་བརྫུས་པ་སྟེ། ཨོ་རྒྱན་གཏེར་བདག་གླིང་པས། ལང་གྲོའི་སྤྲུལ་པ་པདྨ་དྲག་པོའི་མིང་། །རྣལ་འབྱོར་འཛིན་པ་མདོ་ཁམས་སྨད་ནས་འབྱུང་། །ཞེས་དང་། རིག་འཛིན་བདུད་འདུལ་རྡོ་རྗེས། རླང་དཔལ་སྤྲུལ་པ་རི་བོའི་ཕྱོགས་ནས་འབྱུང་། །པདྨའི་མིང་ཅན་བྲང་ལ་སྨེ་བས་བརྒྱན། །ཞེས་པ་ལ་སོགས་པ་ནོར་བ་མེད་པའི་བཀའ་ལུང་གིས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བར་མཛད་པ་ལྟར་ཁམས་ཀྱི་རི་བོ་ཆེའི་ཕྱོགས་སུ་སྐུ་འཁྲུངས། གྲུབ་དབང་ཀརྨ་ཆགས་མེད་དང་། གངས་ལྗོངས་བསྟན་པའི་བདག་པོ་རྒྱལ་དབང་ལྔ་པ་ཆེན་པོ་སོགས་ཀྱི་ཞབས་ལ་གཏུགས་ནས། གསར་རྙིང་གི་གདམ་ཁྲིད་དང་ཕྱག་རྫོགས་ཀྱི་རྣལ་འབྱོར་སོགས་ལ་ཐུགས་སྦྱངས། མདོ་རྒྱུད་མན་ངག་རྒྱ་མཚོའི་གསན་བསམ་གྱི་ཕ་མཐར་སོན། བསམ་ཡས་མཆིམས་ཕུ་དང་། ལྷོ་བྲག་མཁར་ཆུ། ཡེར་བ་ལྷ་རི། ཤང་ཟབ་བུ་ལུང་། བྱང་གནམ་མཚོ། དཔལ་གྱི་ཙ་རི་ཏྲ་སོགས་སུ་སྒྲུབ་པ་མཛད་པས་ལྷག་པའི་ལྷས་ཞལ་གཟིགས། རིག་པ་ཚད་ཕེབས་ཀྱི་རྟོགས་པ་མངོན་དུ་བརྙེས་ཏེ་ཀུན་བཟང་དགོངས་པའི་རྒྱལ་ཐབ་ཆེན་པོ་ལ་མངའ་དབང་བསྒྱུར། རྫོགས་ཆེན་གཞི་ལམ་འབྲས་གསུམ་གྱི་དོན་སྟོན་པ་མན་ངག་ཤེལ་ཕྲེང་གི་གླེགས་བམ་དང་། གསོལ་འདེབས་བླ་མའི་རྣལ་འབྱོར་དང་བསྟོད་ཚོགས་སྨོན་ལམ་གྱི་སྐོར། དགེ་བསྐུལ་ལྕག་འདེབས་ཀྱི་སྐོར། རང་ཉིད་ཀྱི་རྣམ་ཐར་འཕྲོས་དོན་དུ་ཡོད་པའི་ལྟ་སྒོམ་སྤྱོད་པའི་གདེང་ཚད་ཉམས་མྱོང་མགུར་གྱི་སྐོར། ཐར་འདོད་ཀྱི་གང་ཟག་མཆོག་དམན་ཀུན་ལ་ཞལ་གདམ་ངོ་སྤྲོད་ཀྱི་སྐོར། སྒྲུབ་འཕྲིན་ཆོ་གའི་སྐོར་ཏེ་སྐོར་ཚོ་དྲུག་གི་རིམ་པ་རྣམས་ཕྱི་རབས་ཀྱི་གང་ཟག་རྣམས་བརྩེ་བས་རྗེས་སུ་བཟུང་བའི་ཕྱིར་བསྟན་པའི་བཙས་སུ་བཞག ཉམས་རྟོགས་ཀྱི་བགྲོ་གླེང་རྒྱལ་དབང་ལྔ་པ་ཆེན་པོར་འབུལ་སྐབས་ཟབ་ཡངས་ཐུགས་ཀྱི་ཀློང་དུ་ངེས་ཤེས་ཁྱད་པར་ཅན་འཁྲུངས་ཏེ། གསུང་ལས། ཁམས་པ་རྫོགས་ཆེན་པ་ཉམས་རྟོགས་ཀྱི་འཆར་ཚུལ་བརྗོད་པ་བཅོས་མ་མ་ཡིན་པར་ཀློང་བརྡོལ་བའི་གྲུབ་པའི་དབང་ཕྱུག་རྩེ་གཅིག་བསྐྱངས་པའི་ལག་རྗེས་ཤར་བར་སྣང་ཞེས་རྣམ་ཐར་པོ་ཏི་ཁ་བར་གསལ་ཞིང་། ཕྱིས་གྲུབ་དབང་ཉིད་ལ་འཕྲིན་ལན་གྱི་ཆབ་ཤོག་བསྩལ་བ་ཀུན་བཟང་ཞལ་ངོམས་སུའང་ཕུལ་དུ་བྱུང་བའི་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བར་མཛད། དེ་ལྟར་གྲུབ་པའི་དབང་ཕྱུག་ཆེན་པོར་གྲགས་པའི་རྒྱལ་རྔ་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་ལྡིར་བས་ལས་ཅན་སྐལ་བཟང་གི་གདུལ་བྱ་མཐའ་དག་སྨིན་གྲོལ་གྱི་ལམ་ལ་བཀོད། དེ་ལས་ཀྱང་སློབ་མའི་གཙོ་བོར་གྱུར་པ་ཉི་མ་ལྟ་བུ་འཁོན་ཆེན་ཀླུ་དབང་སྲུང་གི་སྤྲུལ་པའི་རྣམ་རོལ་རིག་འཛིན་ཉི་མ་གྲགས་པ། ཟླ་བ་ལྟ་བུ་གྲུབ་ཆེན་མེ་ལོང་རྡོ་རྗེའི་རྣམ་འཕྲུལ་རྗེ་ནམ་མཁའ་འོད་གསལ། ནམ་ཐོ་རངས་ཀྱི་སྐར་ཆེན་ཤར་བ་ལྟ་བུ་བདེ་གཤེགས་མྱ་ངན་མེད་པ་མིའི་ཟོལ་དུ་བསྟན་པ་རབ་འབྱམས་པ་བསྟན་པའི་རྒྱལ་མཚན་ཏེ་ཐུགས་སྲས་བུ་ཆེན་གསུམ་གྱིས་གཙོས་པའི་སློབ་ཚོགས་ནམ་མཁའི་རྒྱུ་སྐར་ལྟར་བཀྲ་བས་ཕྱོགས་ཀུན་ཁྱབ་ཅིང་། འཁོར་ལོ་གསུམ་གྱི་མཛད་པས་རྒྱལ་བསྟན་ཉིན་མོར་བྱས། སླར་ཡང་གྲུབ་མཆོག་ཉིད་སྐུ་ལུས་མི་སྤང་བར་འོད་ལུས་གཞོན་ནུ་བུམ་སྐུ་འགྲུབ་པར་དགོངས་གཏད་ཀྱི་ཉམས་བཞེས་སྐྱོང་ཚེ། གོང་ས་རྒྱལ་དབང་ལྔ་པ་ཆེན་པོ་མཆོག་གིས། ཨོ་རྒྱན་ལུང་ཟིན་པདྨའི་མཚན། །རྣལ་འབྱོར་དབང་ཕྱུག་ཁྱོད་ཉིད་ཀྱིས། །མདོ་སྨད་ཉི་མ་ཤར་ཕྱོགས་སུ། །རྒྱལ་དང་རུ་དམ་ར་བ་དཀར། །གང་རུང་གདན་ས་གནས་གྱུར་ཚེ། །བསྟན་འགྲོ་སྤྱི་ཡི་རྒུད་པ་གསོ། །མཐའ་འཁོབ་སྐྱེ་འགྲོ་ཆོས་ཀྱིས་འདུལ། །ཞེས་སོགས་ལྐོག་གྱུར་སྒྲིབ་མེད་དུ་གཟིགས་པའི་རྡོ་རྗེའི་བཀའ་ལུང་གིས་བསྐུལ་ནས་ཇོ་བོ་དཱི་པཾ་ཀཱ་ར་བོད་དུ་བྱོན་པའི་རྣམ་ཐར་དང་མཚུངས་པར་བསྟན་འགྲོའི་དོན་ཆེན་ཐུགས་ལ་བརྣགས་ཏེ་ཟབ་གསང་རྫོགས་པ་ཆེན་པོའི་བསྟན་པ་སྤེལ་ཕྱིར་དགུང་གྲངས་དྲུག་ཅུ་བཞེས་པ་ཤིང་ཕོ་བྱི་བའི་ལོ་ལ་མདོ་སྨད་ཉི་མ་ཤར་ཕྱོགས་སུ་ཞབས་བསྐྱོད། ལྷ་གཉན་ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་གི་གཡོན་ཞོལ། ཨོ་རྒྱན་རྡོ་རྗེ་འཆང་གིས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པས་དཔའ་བོ་མཁའ་འགྲོ་སྤྲིན་ལྟར་འདུ་བའི་གནས་མཆོག མདོ་ཁམས་ས་ཡི་ལྟེ་བ་གདན་ས་བར་བ་རུ་དམ་སྐྱིད་ཕྲམ་གྱི་ལུང་པ་ཞེས་སའི་དཔྱད་ཕུན་སུམ་ཚོགས་དགུ་མ་ཚང་བ་མེད་པའི་ནོར་འཛིན་གྱི་ཐིག་ལེ་དེ་ཉིད་དུ། གྲུབ་དབང་ཉིད་དགུང་ལོ་རེ་གཅིག་བཞེས་པ། རབ་བྱུང་བཅུ་གཅིག་པའི་ཤིང་མོ་གླང་(སྤྱི་ལོ་༡༦༨༤)ལོར་ཨོ་རྒྱན་བསམ་གཏན་ཆོས་གླིང་དུ་གྲགས་པའི་ཆོས་སྡེ་ཆེན་པོ་དེ་ཉིད་བཏབ། ལྷས་ཀྱང་དགའ་བའི་མེ་ཏོག་འཐོར་བ་སོགས་བཀྲ་ཤིས་པའི་སྣང་བ་འབུམ་ཕྲག་དུས་གཅིག་ཏུ་ཤར་བས་རྟེན་འབྲེལ་ལེགས་ལམ་གྱི་སྒོ་འབྱེད། རྫོགས་ཆེན་ལམ་གྱི་རྣལ་འབྱོར་རིག་འཛིན་འདུས་པའི་སྡེ་ཆེན་པོ་དགེ་འདུན་པ་སྟོང་ཕྱེད་ལྔ་བརྒྱར་ལོངས་པས་སྒྲུབ་པའི་རྒྱལ་མཚན་བཙུགས་ཏེ་སྔ་འགྱུར་ངེས་གསང་གི་སྙིང་པོའི་བསྟན་པ་ཉིན་བྱེད་ལྟར་གསལ་བར་མཛད་པ་ཡིན་ནོ།།
དེ་ནས་སྐུ་རབས་གཉིས་པ། བྱང་སོག་པོའི་ཡུལ་དུ་སྐུ་འཁྲུངས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན་མཐུ་སྟོབས་དབང་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེ་དེ་ཉིད་ཁྲིར་འཁོད་ནས། དཔོན་སློབ་དང་རབ་འབྱམས་པ་སོགས་རྗེ་གོང་མའི་བུ་སློབ་རྣམས་དང་། རྒྱལ་དབང་སྐལ་བཟང་རྒྱ་མཚོ། ལོ་ཆེན་དྷརྨ་ཤྲཱི། རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོ། གཏེར་ཆེན་ཉི་གྲགས་ཡབ་སྲས། ངོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་སོགས་རིས་མེད་ཀྱི་བསྟན་འཛིན་མང་པོ་བསྟེན་ཏེ་སོ་བྱང་སྔགས་གསུམ་གྱིས་ཐུགས་རྒྱུད་སྨིན་པར་མཛད། གོང་ས་རྒྱལ་དབང་མཆོག་གིས་རྟེན་གསུམ་གདམ་ཀ་གནང་བའི་སྔ་དགུང་དུ་དམ་ཅན་ནོར་སྒྲུབ་ཀྱིས་རང་གཟུགས་དངོས་སུ་བསྟན་ཏེ་ལུང་བསྟན་པ་ལྟར་ཐུབ་སྐུ་གཡུ་ཐོད་མ་སོགས་སྲིད་ན་མཚུངས་ཟླ་དཀོན་པའི་སྐུ་རྟེན་མང་པོ་སྤྱན་དྲངས། ཟླ་བ་དུས་མེས་སྒྲིབ་པ་ཉིན་ཞག་ཕྲུག་གཅིག་ལ་ཕྱིར་བསྣུར་བ་སོགས་ཐུན་མོང་མ་ཡིན་པའི་གྲུབ་རྟགས་མཐོང་ཆོས་སུ་གྱུར་པ་བསམ་གྱིས་མི་ཁྱབ། ས་སྐྱོང་སྡེ་དགེ་རྒྱལ་པོ་དང་མཆོད་ཡོན་བཀའ་བགྲོས་ཀྱི་མཐུ་ལས་ཆོས་རྒྱལ་མཆོག་གིས་རྒྱལ་ས་ལྷུན་གྲུབ་སྟེང་དུ་པར་ཁང་ཆོས་མཛོད་ཆེན་མོ་བཞེངས་པ་སོགས་རྣམ་དཀར་ཕྲིན་ལས་ཀྱི་མཛད་པ་རྒྱ་ཆེར་བསྐྱངས། ཕུར་པ་ཡང་གསང་གི་སྒྲུབ་ཆེན་དང་། བླ་མ་བདེ་མཆོག་འཁོར་ལོ། གཤིན་རྗེ། ཁྲོ་བཅུ། ཀིང་ཀང་། མ་ཏིའི་སེང་དམར། བཀའ་བརྒྱད་ཁྲོ་བོ་རོལ་བའི་གཏོར་བཟློག་སོགས་བཀའ་གཏེར་སྒྲུབ་མཆོད་ཀྱི་རྒྱུན་བཙུགས་ཏེ་བསྟན་སྲིད་ཀྱི་ཕྲིན་ལས་གོང་འཕེལ་དུ་གྱུར། སློབ་མའི་གཙོ་བོ་རབ་འབྱམས་གཉིས་པ་འགྱུར་མེད་ཀུན་བཟང་རྣམ་རྒྱལ་དང་། དཔོན་སློབ་གསང་སྔགས་བསྟན་འཛིན། ཉི་སྤྲུལ་པདྨ་ཐེག་མཆོག རྗེ་བཙུན་མ་མི་འགྱུར་དཔལ་སྒྲོན་སོགས་བྱོན་པ་དང་། དེ་དག་ལས་མཆེད་པའི་སློབ་བརྒྱུད་ཀྱིས་ཕྱོགས་ཀུན་ཁྱབ་ཅིང་ཟབ་གསང་སྙིང་པོའི་ཐེག་པའི་བསྟན་པའི་གསོས་སུ་གྱུར་པ་ཡིན་ནོ།།
སྐུ་རབས་གསུམ་པ། བྱང་ཟླ་ཀླུང་སྔོན་མོ་དལ་གྱིས་འབབ་པའི་གཡས་འགྲམ་ཟླ་རྒྱུད་ཧོ་བའི་སྡེ་བར་སྐུ་འཁྲུངས་པ་ངེས་དོན་བསྟན་འཛིན་བཟང་པོ་ཨ་ཏི་བསྟན་པའི་རྒྱལ་མཚན་དེ་ཉིད་ཁྲིར་འཁོད་དེ། རྫོགས་ཆེན་པ་རང་བྱུང་རྡོ་རྗེ་སོགས་མཁས་ཤིང་གྲུབ་པ་བརྙེས་པའི་བཤེས་གཉེན་དུ་མའི་ཞབས་པད་སྤྱི་བོར་བསྙེན་ནས་གསན་བསམ་སྒོམ་པའི་ཡོན་ཏན་མཐར་ཕྱིན། རྫོགས་ཆེན་མཁའ་འགྲོ་སྙིང་ཏིག་ལ་ཉམས་ལེན་གནད་ཀྱི་སྙིང་པོར་དྲིལ་ནས་སྔ་འགྱུར་བཀའ་གཏེར་གྱི་འཆད་སྤེལ་རྒྱ་ཆེ་ཞིང་གྲངས་མང་བ་བསྩལ་པས། སྨིན་གྲོལ་གཉིས་ལྡན་གྱི་སློབ་མའི་ཐུ་བོ་རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན། འབར་ཆུང་འཇིགས་མེད་གོ་ཆ། སེང་ཕྲུག་པདྨ་བཀྲ་ཤིས་སོགས་བསྟན་འཛིན་གྱི་སྐྱེས་བུ་གྲངས་ཀྱིས་མི་ལོངས་པ་བྱོན། ཕུ་ན་སྤོང་བ་བསམ་གཏན་སྒོམ་པའི་སྒྲུབ་སྡེ་བཅུ་གསུམ་རྒྱུན་འཛུགས་མཛད། ཕུང་པོ་འོད་སྐུར་དེངས་པའི་འཇའ་ལུས་པ་བཅུ་གསུམ་བྱོན། བར་ན་བཀའ་མ་མདོ་སྒྱུ་གཙོ་བོར་གྱུར་པའི་ཆོས་གྲྭ་ཆེན་པོ་བཅུ་གསུམ་བཙུགས། མདོ་རྒྱུད་ཀྱི་དགོངས་པ་དང་མཐུན་པའི་མཐོང་བ་བརྒྱུད་པའི་ཕྱག་བཞེས་རྨ་མེད་པའི་སྲོལ་གཏོད། མདའ་ན་གཟུངས་སྔགས་ཀྱི་འཁོར་ཆེན་བཅུ་གསུམ་བཞེངས་ནས་འབྱུང་བ་ཆུ་ཡང་ཆོས་མཛད་ཀྱི་བྲན་དུ་བཀོལ། གསང་སྙིང་གི་ཆོས་ཚན་མང་པོ་པར་དུ་བསྐྲུན་པ་ལ་སོགས་པ་རྣམ་དཀར་བླ་ན་མེད་པའི་མཛད་རྒྱུན་བསྐྱངས་པའི་རྣམ་ཐར་བཟང་པོའི་ཕྲིན་ལས་ཀྱིས་རང་དང་གཞན་གྱི་ཆོས་བརྒྱུད་ཀུན་ལ་བཀའ་དྲིན་ཆེ་བར་མཛད་དོ།།
སྐུ་རབས་བཞི་པ། འབྲི་ཀླུང་སྔོན་མོའི་རྒྱུད་འདན་ཆོས་འཁོར་དུ་སྐུ་འཁྲུངས་པ་མི་འགྱུར་ནམ་མཁའི་རྡོ་རྗེ་ཚེ་དབང་གྲུབ་པ་རྩལ་ཁྲིར་ཕེབས་ནས་རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་དང་། སྨིན་གླིང་ཁྲི་ཆེན་པདྨ་དབང་རྒྱལ་སོགས་གྲུབ་བརྙེས་ཀྱི་དམ་པ་དུ་མ་བསྟེན་ནས་གྲུབ་པའི་རྒྱལ་སར་གཤེགས་ཏེ་དུས་གསུམ་ས་ལེར་གཟིགས་པས་ལྐོག་གྱུར་གྱི་ཆོས་རྣམས་མ་འདྲེས་པར་གཏན་ལ་དབབ་པར་མཛད་པ་དང་འབྱུང་འགྱུར་སྒྲིབ་མེད་དུ་ལུང་བསྟན་པ་སོགས་ངོ་མཚར་བའི་རྣམ་ཐར་རྒྱ་ཆེ་ཞིང་། ཟབ་གསང་ཆོས་ཀྱི་འཁོར་ལོ་རྒྱ་ཆེ་ལ་རྒྱུན་མི་ཆད་པར་བསྐོར་བས་མཁས་གྲུབ་འཛོམས་པའི་སློབ་མ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེ། མཁན་ཆེན་པདྨ་རྡོ་རྗེ། རྒྱ་རོང་ཀུན་བཟང་ཐེག་མཆོག་རྡོ་རྗེ། རྒྱལ་སྲས་གཞན་ཕན་མཐའ་ཡས། སྨྱོ་ཤུལ་ལུང་རྟོགས་སོགས་སར་གནས་ཀྱི་སེམས་དཔའ་མིའི་རྫུ་ལ་ཞུགས་པ་ཡང་མང་དུ་བྱོན། ཐུགས་སྲས་བརྒྱུད་འཛིན་གྱི་གཙོ་བོ་ཁྱབ་བདག་བཀའ་འགྱུར་པ་ཆེན་པོ་རྒྱལ་སྲས་གཞན་ཕན་མཐའ་ཡས་འོད་ཟེར་གྱི་ཐུགས་བསྐྱེད་དང་འབྲེལ་བར་རྫོགས་ཆེན་ཤྲཱི་སེང་ཧའི་ཆོས་གྲྭ་ཆེན་པོ་བཙུགས། བསྟན་པའི་གཞི་མ་དམ་ཆོས་འདུལ་བའི་ཕྱག་བཞེས་དང་། རྒྱུད་རྒྱལ་གསང་བ་སྙིང་པོའི་བཤད་པ་སོགས་ལྷག་པར་རྒྱ་ཆེར་སྤེལ་ནས་མདོ་སྔགས་བཤད་སྒྲུབ་ཀྱི་སྣང་བས་ཕྱོགས་བཅུར་ཁྱབ་པར་མཛད། ལོ་དར་གྱི་དུས་མཆོད་བུམ་སྒྲུབ་ཆེན་མོ་དང་། བླ་མ་གསང་བ་འདུས་པའི་སྒོ་ནས་གུ་རུ་ཆོས་དབང་གི་དག་སྣང་ཚེས་བཅུའི་གར་འཆམ་དང་བཅས་པ་རྒྱུན་འཛུགས་གནང་། གངས་ར་ཉེར་ལྔའི་ནང་ཚན་ཡོན་ཏན་གནས་ཀྱི་གཙོ་བོ་རུ་དམ་གངས་ཀྱི་ར་བའི་གནས་སྒོ་ཕྱེས། ཁྱད་པར་དུ་རྗེ་འདི་ཉིད་ཀྱི་མ་འདྲེས་པའི་མཛད་པ་ནི་དུས་ཀུན་འོད་གསལ་ཆོས་ཉིད་ཀྱི་ངང་ལས་མི་འདའ་བར་མཉམ་རྗེས་དབྱེར་མི་ཕྱེད་པའི་རང་རྩལ་ལས་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོར་དོན་གཉིས་ལྷུན་གྲུབ་ཀྱི་མཛད་པ་འགོག་མེད་དུ་སྣང་བའོ།།
སྐུ་རབས་ལྔ་པ། སྐུ་ཕྲེང་དང་པོའི་འཁྲུངས་ཡུལ་དང་གཅིག་པར་ཁམས་ཀྱི་རི་བོ་ཆེའི་ཕྱོགས་སུ་སྐུ་འཁྲུངས་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་བསྟན་འཛིན་འཇིགས་མེད་དབང་པོ་ཁྲིར་བྱོན་ཏེ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། གར་དབང་བློ་གྲོས་མཐའ་ཡས། ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་སོགས་གསར་རྙིང་གི་གྲུབ་བརྙེས་དུ་མ་ལས་སྨིན་གྲོལ་གྱི་བདུད་རྩི་ཐུགས་ཉམས་སུ་བཞེས། སྒྲ་ཚད་སོགས་རིག་གནས་ཀྱི་སྦྱངས་པ་ལ་མ་ལྟོས་པར་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ཆེན་པོ་ལ་མངའ་དབང་མཛད་པས་དགོངས་པའི་ཀློང་བརྡོལ། ཡིད་དཔྱོད་རྩོལ་ཞེན་གྱི་འཕྲང་ལ་མི་ལྟོས་པར་ས་ལམ་གདན་ཐོག་གཅིག་ཏུ་གཅོད་པའི་གྲུབ་བརྙེས་ཡིད་བཞིན་གྱི་རྒྱལ་སར་ཕེབས་པས། ནམ་མཁར་བྱ་བཞིན་འཕུར་བ་དང་། སྒྲུབ་དང་མཆོད་པའི་གཏོར་མ་འོད་དུ་ཞུ་ནས་བདུད་རྩིར་གྱུར་པ། ཉི་མ་རྟོད་ལ་མནན་པ། བུམ་པ་བར་སྣང་དུ་བཞག་པ། བུམ་ཆུ་ཟད་མེད་དུ་བསྒྱུར་བ། ཞབས་རྗེས་རྡོ་ལ་མངོན་པ། མྱ་ངམ་གྱི་ཐང་སོགས་ནས་ཆུ་གཏེར་སྟོན་པ། ཤངས་ཁྲག་རས་དཀར་དུ་བྱུགས་ནས་དྲིལ་ཏེ་གནང་བ་ཕྱིས་མཇལ་ཚེ་ཐང་སྐུར་གྱུར་ཅིང་རིང་བསྲེལ་གྱིས་གང་བ་སོགས་གྲུབ་རྟགས་ཀྱི་མཛད་པ་ཕལ་བའི་སྤྱོད་ཡུལ་དུ་ཀུན་གྱི་མཐོང་ཆོས་སུ་གྱུར་པ་དང་། དངོས་ཉམས་འོད་གསལ་གྱི་སྣང་ཆར་དཔལ་རི་པདྨ་འོད་གླིང་དུ་རིག་འཛིན་འདུས་པའི་ཚོགས་གྲལ་ལ་ལན་གཉིས་ཕེབས་པ་སོགས་དག་པའི་སྣང་བ་འབའ་ཞིག་འབྱམས་ཀླས་ཤིང་། ལྐོག་གྱུར་གྱི་ཆོས་ཀུན་སྒྲིབ་མེད་ས་ལེར་གཟིགས་པའི་རྡོ་རྗེའི་ལུང་གིས་བསྟན་འཛིན་སྐྱེས་བུ་མང་པོ་གཟེངས་སུ་བསྟོད། གཞན་སེམས་མཁྱེན་པའི་མངོན་ཤེས་ཀློང་བརྡོལ་དུ་གསུངས་པ་དང་། མི་བསྲུན་སྐྱེ་བོའི་སྡེ་ཚོགས་ཇི་ལྟར་གཏུམ་ཡང་གང་གི་དགྱེས་ཞལ་མཇལ་བ་ཙམ་གྱིས་གཞན་སྣང་དབང་དུ་སྡུད་པ་སོགས་གྲུབ་པའི་མཛད་པ་བློས་དཔོག་པར་མི་ནུས་ཏེ་དེ་དག་ནི་ཐུགས་རྒྱུད་ཀྱི་ཡོན་ཏན་ནམ་ནང་རྟགས་ཕྱི་རུ་ཤར་བའི་མཛད་པ་དང་། དེ་ལས་གཞན་དུ་བཤད་སྒྲུབ་ལས་གསུམ་གྱིས་བསྟན་པ་སྤེལ་ཚུལ་ནི་སྔར་ཡོད་ཀྱི་སྒྲུབ་སྡེ་བཅུ་གསུམ་དེ་བཅུ་ཕྲག་གསུམ་གྱི་གྲངས་སུ་སྤེལ། སྐྱལ་གྱི་བྲག་དཀར་ལ་ཚེ་སྒྲུབ་རྒྱུན་མཚམས་པ་བཅུ་གསུམ་ཡོད་པའི་སྒྲུབ་སྡེ་གསར་དུ་བཏབ། ཤྲཱི་སེང་གི་ཆོས་གྲྭར་རྒྱུན་བཞུགས་ཀྱི་བཤད་གྲྭ་བ་བཅུ་ཕྲག་ལྔ་རུ་སྤེལ། གང་གི་ཐུགས་བསྐྱེད་ཀྱི་མཐུས་བསྐུལ་ཏེ་མཁན་གཞན་དགའ་རིན་པོ་ཆེས་གཞུང་ཆེན་བཅུ་གསུམ་གྱི་མཆན་འགྲེལ་ལྗགས་བརྩམས་གནང་བ་པར་དུ་བསྐྲུན་པ་སོགས་དགོན་ཡར་མར་གཉིས་སུ་གསར་རྙིང་རིས་མེད་ཀྱི་ཆོས་ཚན་པར་ལྡེབ་ཁྲི་ཕྲག་བཅུ་ལས་མི་ཉུང་བ་གསར་བཞེངས་མཛད། བཤད་སྒྲུབ་ལུང་རྟོགས་ཀྱི་བསྟན་པ་དར་བར་མཛད་པའི་མཐུ་ལས་གྲུབ་པའི་ས་མཐོར་གཤེགས་ཤིང་མཁས་པའི་ཡང་རྩེར་སོན་པ་གྲངས་ལས་འདས་ལ། དམ་པ་གང་གི་གསུང་གི་བདུད་རྩིས་དབུགས་ཕྱུང་པའི་ལས་ཅན་གྱི་བུ་སློབ་ནམ་མཁའི་སྐར་ཚོགས་ལྟར་མང་བ་དེ་དག་རེ་རེས་ཀྱང་བསྟན་པ་ལ་བྱ་བ་བྱས་པ་བསམ་གྱིས་མི་ཁྱབ་པས། རྗེ་འདི་ཉིད་ཀྱི་སྐུ་རིང་ལ་བུ་དགོན་ཉིས་བརྒྱ་ལྷག་ཏུ་འཕེལ་ཞིང་། གཉུག་མར་གནས་པའི་འདུས་པའི་ཞལ་གྲངས་སྟོང་ཕྲག་ལས་བརྒལ་བར་གྱུར། གཞན་ཡང་སྟོང་མཆོད་ཀུན་བཟང་མཆོད་སྤྲིན་དང་། མགོན་ཁང་དབང་དྲག་རོལ་པ། ལྷ་སར་ཐོག་བརྩེགས་ལྔ་པ་སོགས་རྟེན་བརྟེན་པ་དང་བཅས་པ་གསར་དུ་བཞེངས། ལོ་དར་གྱི་དུས་མཆོད་བཀའ་གཏེར་ཆུ་བོ་ཟུང་འབྲེལ་གྱི་མཆོད་ཁག་བརྒྱད་ཅུ་ཐམ་པ་དང་། ཚེ་སྒྲུབ་བདུད་བཞི་རྣམ་རྒྱལ་ཚེ་གཡང་ཁ་སྤྲོད་དུ་སྒྲུབ་པ་ལས་ཀྱི་ཁ་ཚར་དང་བཅས་པ། ཕུར་ཆེན་དགྲ་བགེགས་ཀུན་སྒྲོལ་སྨད་ལས་གར་འཆམ་དང་བཅས་པ། མཐའ་དམག་འདུལ་བའི་གཉེན་པོར་འཛམ་གླིང་གེ་སར་རྒྱལ་པོ་བཀའ་སྡོད་ཕུ་ནུའི་འཁོར་ཚོགས་དགྲ་ལྷ་རླུང་རྟའི་ལྷ་ཚོགས་དང་བཅས་པའི་གར་འཆམ་གསར་འཛུགས་དང་། ལོ་རེར་མར་མེ་ཚེ་འབར་སུམ་ཅུ་དང་། དེ་མིན་གྱི་མར་མེ་འབུམ་ཁ་སྐོང་དང་བཅས་པ་རྒྱུན་འཛུགས་མཛད་པ་སོགས་རྣམ་དཀར་གྱི་བཞེངས་པ་རྒྱ་ཆེ་ཞིང་། མི་རིགས་སྐད་རིགས་མི་གཅིག་པའི་འཛམ་གླིང་ཆོས་ལྡན་གྱི་ཡུལ་གྲུ་མང་པོར་གང་གི་ཕྲིན་ལས་ཀྱི་གདུགས་དཀར་ཡངས་པོས་ཁྱབ་པར་གྱུར་ཏོ།།
དེ་ནས་སྐུ་རབས་དྲུག་པ། ལྷོ་ཕྱོགས་དཔལ་གྱི་ཙཱ་རི་ཏྲ་དཔའ་བོ་དང་མཁའ་འགྲོ་རང་བཞིན་གྱིས་འདུ་བའི་གནས་མཆོག་ཏུ། རྗེ་གོང་མའི་ལུང་ལས། ཁྱད་པར་གནས་མཆོག་དཔལ་གྱི་བསམ་ཡས་ཀྱི། །བྱང་ནས་བྱང་དུ་བསྙེགས་པའི་གྲོང་ཁྱེར་དུ། །ཐབས་ཤེས་ཨི་ཨུར་ཞུགས་པའི་མིང་ཡིག་དང་། །པུནྱ་དྷེ་ཝ་ཞེས་གྲགས་གཙང་མའི་རིགས། །ཞུགས་དང་བལྟམས་པའི་མཚན་ལྟས་གསར་དུ་ངོམ། །སྐྱེ་ཀུན་འབྲེལ་བའི་ལྷ་མཆོག་དྲེགས་པའི་རྗེ། །མཐུ་ཆེན་སྲུང་མའི་དབང་པོ་སྡེ་བཞི་ཡི། །མི་འདའ་རྡོ་རྗེའི་ཐ་ཚིག་གཉན་པོ་ཡིས། །མི་རིང་གདན་ས་འཛིན་པའི་དཔལ་དུ་ཤར། །ཞེས་སོགས་དང་། དམ་པ་དུ་མའི་བསླུ་མེད་རྡོ་རྗེའི་ལུང་བྱང་མང་པོ་ནས་དགོངས་པ་གཅིག་དང་དབྱངས་གཅིག་གིས་བསྔགས་པ་ལྟར་རིགས་རུས་ཁྱད་པར་ཅན་དུ་ཡ་མཚན་ངོ་མཚར་གྱི་ལྟས་བཟང་དུ་མ་དང་བཅས་ཏེ་སྐུ་འཁྲུངས་པ་བདག་ཅག་གི་རིགས་ཀྱི་བདག་པོ་བཀའ་དྲིན་སུམ་ལྡན་གྱི་འཁོར་ལོའི་མགོན་པོ། དོན་གྱི་ཕྱིར་མཚན་ནས་སྨོས་ན། ཨོ་རྒྱན་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་ཞེས་མཚན་གྱི་བ་དན་སྲིད་པའི་བླ་ན་གཡོ་བ་དེ་ཉིད་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་ཁྲིར་ཕེབས། སྐུ་བྱིས་པའི་དུས་ནས་འབྲི་ཀློག་སོགས་བརྡ་དང་རྟགས་ཙམ་གྱིས་མཁྱེན་ཞིང་མཁྱེན་རབ་དང་རྣམ་དཔྱོད་འགྲན་ཟླ་བྲལ་བས་ཐ་མལ་གྱི་སྐྱེ་བོས་ལོ་ཟླ་དུ་མར་འབད་པའི་གནས་ཀྱང་གཟིགས་པ་ཙམ་གྱིས་མཁྱེན་ནས་བཅུ་ཕྲག་རིག་པའི་གནས་ཡན་ལག་དང་བཅས་པ་དུས་ཡུན་རིང་པོའི་ངལ་བ་ལ་མ་ལྟོས་པར་དགོངས་དབྱིངས་སུ་ཆུབ་པ་སྟེ། ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོ་རྟ་མགྲིན་ཡོན་ཏན་མགོན་པོ་དུས་ཀུན་འབྲལ་བ་མེད་པར་ཡོངས་འཛིན་དུ་བསྟེན་ཅིང་ཞབས་པད་མཉེས་པ་གསུམ་གྱིས་བསྙེན་ནས་སྔོན་འགྲོ་ཀུན་བཟང་བླ་མའི་ཞལ་ལུང་། ཀློང་ཆེན་མཛོད་བདུན། སྙིང་ཐིག་ཡ་བཞི་ལ་སོགས་པའི་མན་ངག་ཟབ་ཁྲིད་ཀྱི་སྐོར་སོགས་གསན་བསམ་རྒྱ་མཚོའི་ཕ་མཐའ་རུ་བདེ་བླག་ངང་སོན། དགུང་ལོ་བརྒྱད་པར་དམ་པའི་ཆོས་འདུལ་བ་ལས་རབ་ཏུ་བྱུང་ནས་ཐོག་མར་སུམ་ལྡན་འདུས་པའི་དགེ་འདུན་པ་སྟོང་ཕྲག་མང་པོ་འཚོགས་པའི་བུམ་སྒྲུབ་ཆེན་མོའི་དབུ་བཞུགས་མཛད་དེ་གནས་དུས་སྟོན་འཁོར་ཕུན་སུམ་ཚོགས་ཤིང་། གནམ་ལ་ཉི་ཟླ་སྐར་གསུམ་འཛོམས་པ་དང་། དགུན་གྲང་བའི་སྒང་ཡིན་ཀྱང་དབྱར་རྔའི་སྒྲ་ལྡིར་ཞིང་ཨུག་ཆོས་མེ་ཏོག་བཞད་པ་སོགས་ལྷར་བཅས་ཆེ་དགུའི་གཙུག་གིས་བཏུད་པའི་ངོ་མཚར་བའི་ལྟས་དུ་མ་དང་བཅས་མཆོག་གི་རྡོ་རྗེ་སློབ་དཔོན་དུ་ཁྲིར་ཕེབས། དེ་ཉིད་བཅུ་དང་རང་བཞིན་བརྒྱད་ལ་སོགས་པ་རྡོ་རྗེ་ཐེག་པ་རང་གཞུང་ནས་ཇི་ལྟར་འབྱུང་བ་བཞིན་གྱི་ཡོན་ཏན་དང་མཚན་ཉིད་ཐམས་ཅད་མ་ཚང་བ་མེད་པས་སྐལ་ལྡན་ལས་ཅན་འདུས་པ་དང་པོའི་འཁོར་གྱི་གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད། དགུང་ལོ་བཅུ་ནས་འཇམ་མགོན་ཆོས་ཀྱི་བློ་གྲོས་རིགས་ཀྱི་བདག་པོར་བཀུར་བ་དང་། མཁན་ཆེན་པདྨ་ཐེག་མཆོག་བློ་ལྡན། འཁྲུལ་ཞིག་ཀུན་དགའ་དཔལ་ལྡན། ཉི་གྲགས་རིན་པོ་ཆེ་ཐུབ་བསྟན་བཤད་སྒྲུབ་བསྟན་པའི་ཉི་མ། གླིང་སྤྲུལ་ཐུབ་བསྟན་ཉིན་བྱེད་རྒྱ་མཚོ། རྒྱ་རོང་ནམ་སྤྲུལ། མཁན་ཟུར་ཐུབ་བསྟན་སྙན་གྲགས། མཁན་ཟུར་པདྨ་ཚེ་དབང་། རྫ་ལྕང་མའི་མཁན་པོ་ཐུབ་དགའ། མུ་ར་པདྨ་ནོར་བུ། དགེ་བའི་བཤེས་གཉེན་ཚུལ་ཁྲིམས་བློ་གྲོས། ཡབ་རྗེ་ངག་དབང་ནོར་བུ། འབྲི་གུང་གཏེར་ཆེན་སོགས་དམ་པ་དུ་མའི་ཞབས་པད་བསྙེན་ནས་གསར་རྙིང་རིས་སུ་མ་ཆད་པའི་དབང་ལུང་མན་ངག་ཁྲིད་རྒྱུན་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་ཐུགས་ཉམས་སུ་བཞེས། ཡི་དམ་སོ་སོའི་བསྙེན་སྒྲུབ་མཐར་ཆགས་སུ་མཛད་པས་སྒྲུབ་རྟགས་མངོན་དུ་གྱུར། དགུང་ལོ་བཅུ་བདུན་ནས་བསྟན་སྲིད་ཀྱི་ཐུགས་འགན་བཞེས། ཆོས་ཁྲིམས་དར་གྱི་མདུད་པ་སྡོམ་གསུམ་གནང་བཀག་གི་བཅའ་ཁྲིམས་ལ་གཞི་བཟུང་། རྟེན་བཞེངས་ཀྱི་མཛད་པ་རླབས་ཆེན་གྱི་དབུ་བརྩམས། གྲུབ་དབང་རྫོགས་ཆེན་པའི་ཆོས་བརྒྱུད་འཛིན་པའི་བུ་དགོན་ཉིས་བརྒྱ་དང་ལྔ་བཅུ་ལྷག་ལ་སྤེལ་བ་སོགས་མཛད་ཕྲིན་ནམ་མཁའི་ཕྱོགས་མཐར་བདལ། མཁྱེན་རབ་ཀྱི་རྩལ་འབར་ཞིང་སྤོབས་པའི་གཏེར་བརྒྱད་གྲོལ་བས་དབུ་ཕར་འདུལ་མངོན་དང་། རྒྱུད་རྒྱལ་གསང་བ་སྙིང་པོ། ཡོན་ཏན་རིན་པོ་ཆེའི་མཛོད་སོགས་རྒྱ་བོད་མདོ་སྔགས་ཀྱི་གཞུང་ལུགས་མང་པོ་ཐུགས་ཐོག་ནས་འཆད་སྤེལ་མཛད་ཅིང་། གང་སྣང་བརྡ་དང་དཔེ་ཆར་ཤར་ནས་འཆད་རྩོད་རྩོམ་པར་ཐོགས་པ་མི་མངའ་བས་མཁས་པའི་ཕུལ་དུ་ཕྱིན། སྒོམ་དོན་གྱི་ཡེ་ཤེས་མངོན་དུ་གྱུར་པའི་གྲུབ་རྟགས་གདུལ་བྱ་ཐུན་མོང་བའི་ངོར་ཡང་རྡོ་ལ་ཞབས་རྗེས་བཞག་པ་དང་། ན་བཟའི་དུམ་བུ་ཙམ་གྱིས་ཀྱང་ནད་གདོན་དང་མཚོན་གྱི་འཇིགས་པ་འགོག་པ། གཞན་སྣང་དབང་དུ་བསྡུ་བའི་ཏིང་འཛིན་གྱིས་སྡེ་བརྒྱད་ལས་ལ་འདུ་བས་ཅི་བཅོལ་གྱི་ཕྲིན་ལས་སྒྲུབ་པ་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཛད་པ་ངོ་མཚར་བ་བསམ་གྱིས་མི་ཁྱབ། དགུང་ལོ་ཉི་ཤུ་པར་དབུས་སུ་ཕེབས། ཇོ་ཤཱཀ་རྣམ་གཉིས་ཀྱིས་གཙོས་པའི་སྐུ་གསུང་ཐུགས་རྟེན་དང་། ལྷ་ཁང་། དགོན་སྡེ། སྒྲུབ་གནས། མཐའ་འདུལ་དང་ཡང་འདུལ་རུ་གནོན་གྱི་གཙུག་ལག་ཁང་ལ་སོགས་པར་མཆོད་འབུལ་བརྟན་བཞུགས་དང་འབྲེལ། ཐུབ་བསྟན་དར་ཞིང་རྒྱལ་ཁམས་བདེ་བའི་ཐུགས་སྨོན་མཛད། ༧ གོང་ས་ཐམས་ཅད་མཁྱེན་གཟིགས་ཆེན་པོ་མཆོག་གིས་མ་ཧཱ་པཎྜི་ཏ་ཨེར་ཏི་ནི་ཧོ་ཐོག་ཐུ་ཞེས་པའི་མཚན་གྱི་ཅོད་པན་གསོལ། ཆེན་པོར་འོས་པའི་ཡོ་བྱད་སྣ་ཚོགས་ཀྱིས་ཆོས་སྲིད་ཀྱི་ཁྲི་འཕང་མཐོན་པོར་གཟེངས་སུ་བསྟོད་པ་བདག་གིར་བཞེས། འདིའི་དུས་སུ་ཆོལ་གསུམ་བོད་ཁམས་ཀྱི་དགོན་ཡུལ་ཕལ་མོ་ཆེ་ཞལ་ཕྱི་གླིང་དུ་ཕྱོགས་པའི་སྒང་ཡིན་ཡང་འདྲེན་པ་མཆོག་གིས་རྒྱལ་དང་དེ་སྲས་ཀྱི་མཛད་སྤྱོད་དགོས་པ་ཁྱད་པར་ཅན་གཞན་དང་གཞན་ལ་གཟིགས་ནས་སླར་གདན་ས་རང་དུ་ཆིབས་ཀྱི་ཁ་ལོ་བསྒྱུར། གཙང་དབུས་ཁམས་གསུམ་གྱི་དགོན་ཁག་དང་ཆོས་སྡེ་ཚང་མར་སྐུ་འགྱེད་དང་། གསོལ་འདྲེན། རྟེན་བཞག་སོགས་གྱ་ནོམ་པའི་ལེགས་འབུལ་བསྟབས་པ་ལས་གཞན་སྨོན་ལམ་དང་ཐུགས་དམིགས་རྣམ་པར་དག་པས་ཕྱི་ཕྱག་མཛད། སྔར་ས་གཡོ་དང་མེ་ཡི་འཇིགས་པས་གྲུབ་དབང་སྔ་མ་སྐུ་རབས་ལྔའི་རིང་གི་གདན་ས་ཉམས་ཤིང་ལྷ་ཁང་དང་རྟེན་གསུམ་ཞིག་རལ་དུ་གྱུར་པ་ཕལ་མོ་ཆེ་སོར་ཆུད་པ་མཛད་ཐོག ཕན་དང་བདེ་བའི་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཇིག་རྟེན་གྱི་ཁམས་སུ་ཡུན་ནས་ཡུན་དུ་གནས་པ་དང་། དེ་འཛིན་གྱི་སྐྱེས་བུའི་ཚོགས་རྣམས་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། འགྲོ་ལ་ཕན་པའི་ཐུགས་བསྐྱེད་རླབས་པོ་ཆེ་དུས་སུ་སྨིན་པའི་ཕྱིར། རྒྱལ་ཁམས་སྤྱིའི་ཞབས་རིམ་སོགས་སུ་ཐུགས་འདུན་གནང་སྟེ། ཟངས་གསེར་ལས་གྲུབ་པའི་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་ཁང་བརྩེགས་གསུམ་པ་དང་། སྙིང་ཐིག་གི་རྩ་བ་གསུམ་གྱི་སྐུ་བརྙན། རིན་ཆེན་སྣ་ཚོགས་ལས་གྲུབ་པའི་ཟངས་མདོག་དཔལ་རིའི་ཞིང་བཀོད་ཀྱི་བློས་བསླང་ངོ་མཚར་གྱི་དཔལ་འབར་བ། གསེར་དང་དངུལ་ལས་གྲུབ་པའི་མཆོད་རྟེན་ཆེན་པོ་དག་དང་། གྲུབ་དབང་གོང་མ་རྣམ་ལྔའི་སྐུ་བརྙན་བཅས་གསར་བསྐྲུན་དང་། བླ་མ་དགོངས་པ་འདུས་པས་གཙོས་པའི་མཆོད་ཁག་བཅུ་གསུམ་ཅན་གྱི་གཏེར་སྒྲུབ་ཆེན་མོ་རྒྱུན་བཞག་དང་། སྔར་སྲོལ་གྱི་ལོ་རེའི་མར་མེ་འབུམ་གྱི་ཁར་སླར་མར་མེ་ཆིག་ཁྲི་ཁ་སྐོང་དང་བཅས་པ་རྒྱུན་འཛུགས་མཛད། སྔར་ཡོད་དུས་དང་སྒྲུབ་པའི་མཆོད་པ་ཁག་གི་འཚོགས་འཛུགས་ཀྱི་རྟེན་རྩ་སོ་སོར་ཟང་ཟིང་གི་ཁ་བསབས་འབོར་ཆེན་གནང་། བཤད་གྲྭ་བ་བརྒྱ་དང་། སྒྲུབ་གྲྭ་བ་བརྒྱད་ཅུ་རྒྱུན་བཞག་དང་། མགོན་ཁང་དབང་དྲག་རོལ་བ་གསོལ་ཀ་གྲྭ་ཚང་དང་བཅས་པ། ཞི་ཁྲོའི་ལྷ་ཁང་དང་གེ་སར་ལྷ་ཁང་རྟེན་བརྟེན་པ་དང་བཅས་པ། དགོངས་འདུས་དང་ཞི་ཁྲོའི་སྒྲུབ་ཆེན་འཆམ་སྲོལ་དང་བཅས་པ་གསར་འཛུགས་གནང་རྒྱུའི་རྨང་བཏིང་། དགུང་ལོ་ཉེར་གཅིག་པར་བསྙེན་པར་རྫོགས་ཏེ། ཕྱི་སོ་ཐར་འདུལ་བའི་བཅའ་ཁྲིམས་འདུལ་བ་རང་གཞུང་ལྟར་བསྲུངས་པས་ཉེས་ལྟུང་གི་རྙོག་མས་མ་གོས། ནང་བྱང་སེམས་རྒྱལ་སྲས་ཀྱི་སྤྱོད་པས་འགྲོ་བ་ཡོངས་ལ་མ་གཅིག་པུའི་བུ་ལྟར་བརྩེ་བའི་ཐུགས་རྗེའི་འཇུག་པ་མི་འདོར། གསང་བ་དམ་ཚིག་རྣམ་པར་དག་པས་རིམ་གཉིས་རྣལ་འབྱོར་གྱི་དབང་ཕྱུག་སྡེ་གསུམ་ཀློང་དགུའི་ཤིང་རྟ་ཆེན་པོར་གྲུབ་པའི་རྒྱལ་སར་གཤེགས་ནས། མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་ལེགས་པར་ཕྱུག་ཅིང་། བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་ནམ་མཁའི་མཐའ་དང་མཉམ་པས། དཀར་ནག་རྒྱ་ཡི་ཡུལ་གྲུ་བརྒལ་བའི་འཛམ་གླིང་ཤར་མཐའི་ས་ཆ་ཚུན་ལ་མཚན་སྙན་གྱི་གྲགས་པས་ཁྱབ་པར་གྱུར་ཏོ། དེ་ལྟ་ན་ཡང་འབྱོར་བའི་མཐའ་མར་རྒུད་པ་དང་། འདུས་པའི་མཐའ་མར་འབྲལ་བ་སོགས་གཅིག་ཏུ་བརྟན་པ་མིན་པའི་འདུས་བྱས་ཀྱི་ཆོས་ལ་གདུལ་བྱ་མཐའ་དག་སྐྱོ་བ་བསྐུལ་བའི་དགོངས་བཞེས་སྙིང་པོར་བཟུང་སྟེ་དགུང་ལོ་ཉེར་བཞི་པར་གོང་དུ་སྨོས་པའི་བསྟན་པ་སྤྱི་དང་བྱེ་བྲག་གི་སྔ་ཕྱིའི་དོན་ཆེན་ལ་དགོངས་པའི་བསྟན་དགོན་ཉམས་པ་སླར་གསོ་སོགས་ཀྱི་ཕྱག་བཞེས་གང་འཚམས་གྲུབ་འཕྲོས་ཀྱི། རླབས་ཆེན་མཛད་ཕྲིན་གྱི་མཐུན་རྐྱེན་དུ་སྤྲིན་ལྟར་ངང་གིས་འདུ་བའི་གང་ཉིད་ཀྱི་བླ་བྲང་གི་དཀོར་མཛོད་ཀྱི་ནོར་རྣམས་ཆ་བཞིར་བགོས་ཏེ། ཆ་གཅིག་རིས་མེད་རྒྱལ་བའི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་མདོ་སྔགས་ཀྱིས་འཛིན་སྲུང་སྤེལ་བར་བྱེད་པའི་བསྟི་གནས་གང་དུ་འཁོད་པའི་དགེ་འདུན་པ་རྣམས་ལ་སྔ་ན་མེད་པའི་བཀུར་སྟིས་བསྙེན་བསྲིང་བའི་ཆ་རྐྱེན་དང་། རྒྱལ་བཀའ་རིན་པོ་ཆེ་དང་གཟུངས་སྔགས་ཁྱད་པར་ཅན་དག་ཉིན་ཞག་མང་པོར་ཐུན་སྦྲེལ་གྱིས་ཞལ་འདོན་དུ་བསྒྲགས་པའི་སྐུ་ཡོན་དུ་ཕུལ། ཆ་གཅིག་མར་མེ་འབུམ་ཕྲག་མང་པོ་གཙོ་བོར་བྱས་པའི་མཆོད་པའི་སྤྲིན་རབ་འབྱམས་སྤྲོས་པས་དཀོན་མཆོག་མཆོད་པ་དང་གསོལ་འདེབས་བསམ་པ་ལྷུན་གྲུབ་དང་འབྲེལ་བའི་ཚོགས་ཀྱི་འཁོར་ལོ་འབུམ་ཕྲག་མང་པོ་དང་ཉམས་ཆགས་བསྐང་ཞིང་སྡིག་སྒྲིབ་སྦྱོང་བའི་ཆོ་གའི་རིམ་པ་སོགས་རྒྱལ་ཁམས་བདེ་བའི་བསྟན་པ་སྤྱིའི་ཞབས་རིམ་སྒྲུབ་པའི་ཆེད་དུ་བཏང་། ཆ་གཅིག་ཆོས་སྡེ་ཆེན་པོ་དེ་ཉིད་ཀྱི་དགེ་འདུན་པར་སྐུ་འགྱེད་དང་། དབུལ་ཕོངས་དང་ནད་པ་མགོན་མེད་རྣམས་ལ་རྒུད་སྐྱོབ་ཏུ་བསྩལ་ནས་གཏོང་བ་ཆེན་པོའི་མཆོད་སྦྱིན་གྱི་སྒོ་འཕར་རྒྱ་ཆེན་པོ་དབྱེ་བར་མཛད། ཆ་གཅིག་བཤད་སྒྲུབ་ཀྱི་གྲྭ་ཚང་ཁག་དང་། སྒྲུབ་པའི་མཆོད་པ་ཁག་གི་གསོལ་ཕོགས་དང་མཆོད་རྫས་འཕར་མའི་རྟེན་རྩར་ཞལ་འདེབས་སུ་ཕུལ་ཞིང་། སླར་ཡང་སྐུ་རབས་དྲུག་རིང་གི་འཚོགས་འཛུགས་ཀྱི་རྟེན་རྩའི་ཟང་ཟིང་འབོར་ཆེན་དེ་དག་དགེ་འདུན་པ་ཡོངས་ལ་འོས་བསྟུན་གྱིས་ཕྱིར་བགོ་བཤའ་མཛད། སྔར་མཇལ་བར་དཀའ་བའི་རྟེན་གསུམ་དམ་བསྒྲགས་མ་ཀུན་ཀྱང་འདི་དུས་ཞལ་ཕྱེས་ཏེ་ཁྲོམ་དབང་དུ་བསྐུར། ཆོས་སྲིད་ཀྱི་བཀའ་འབངས་སུ་མཆིས་པའི་སེར་སྐྱ་མཆོག་དམན་ཕོ་མོ་རྒན་གཞོན་ཀུན་བསྡུས་ནས་ཚེ་འདི་དང་ཕྱི་མར་ཕན་པའི་ལུགས་གཉིས་ཀྱི་བསླབ་བྱ་དམ་ཆོས་ཀྱི་སྙིང་པོ་ཅན་དག་རྣ་བའི་བདུད་རྩིར་བསྩལ། གཞོན་པར་ཚེ་འགུག་དང་། རྒན་པར་འཕོ་བའི་གདམས་པ་འབོགས་ཏེ། ཀུན་ཀྱང་དཀྱིལ་འཁོར་གཅིག་ཏུ་ཚོགས་པའི་རྟེན་འབྱུང་གིས། ཕྱི་མར་ཚོམ་བུ་གཅིག་ཏུ་མཇལ་བའི་ཐུགས་སྨོན་མཛད། དེ་ལྟར་སྔོན་དང་ཕྱི་མའི་མཐའ་ལ་སོགས་པ་གཟིགས་པ་རྣམ་པར་དག་ཅིང་མ་འདྲེས་པའི་རྣམ་ཐར་གྱིས་ཐ་ན་ལྗགས་དབུགས་ཀྱི་འབྱིན་རྔུབ་ཙམ་ཡང་མཐའ་ཀླས་པའི་སེམས་ཅན་ཡོངས་ལ་ཕན་པའི་རྒྱུར་འགྱུར་བའི་བརྩེ་བ་སྙོམས་པའི་རྒྱལ་བའི་སྲས་ཀྱི་དགོངས་སྤྱོད་རྨད་དུ་བྱུང་བ་དག་ལ་སྔར་ནས་གོམས་པའི་མཛད་པ་ཉི་མ་དང་ཟེར་བཞིན་འགག་མེད་རང་ཆས་སུ་གསལ་བས། ལུགས་ཟུང་ལེགས་ལམ་དཀར་པོའི་འཕན་འཕུར་ལྷབ་ལྷུབ་ཏུ་གཡོ་ཞིང་། དད་དམ་འགྱུར་བ་མེད་པའི་གསེར་གྱི་ཡུ་བ་སྦོམ་པོར་ལྷ་དབང་ཀླུ་དང་བཅས་པའི་ཆེ་དགུ་དུ་མའི་གཙུག་གིས་དམ་པོར་འཁྱུད་པའི་རྒྱལ་མཚན་གྱི་རྩེ་མོར་དམ་པའི་ཚུལ་དགུའི་ཡོན་ཏན་གྱི་འོད་སྟོང་མིག་མང་རིས་སུ་འཁྱིལ་བཞིན་འགྲོ་བའི་དགོས་དགུ་འབྱུང་བའི་ཡིད་བཞིན་དབང་གི་རྒྱལ་པོར་བཞུགས་པ་ལས། དགུང་ལོ་ཉེར་ལྔ་པར་སྐུ་དངོས་ཀྱིས་གདུལ་བར་བྱ་བའི་མཛད་པ་རྫོགས་ཏེ་ཕྱི་རོལ་འགལ་རྐྱེན་གྱི་རྣམ་པར་བརྟེན་ནས་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས་ཏེ་ཞི་བར་གཟིམས་པའི་ཚུལ་བསྟན་པ་ལགས་སོ།།
དེ་ཡང་དམིགས་མཐའ་བྲལ་བའི་ཐུགས་རྗེའི་འཇུག་པས་བསྟན་འགྲོའི་དོན་ཆེན་གྱི་ཕྲིན་ལས་ཐམས་ཅད་རྟག་ཁྱབ་ལྷུན་གྲུབ་ཏུ་ངང་གིས་འབྱུང་བ་ནི་སྤྱིར་རྒྱལ་བ་རྣམས་ཀྱི་ཆོས་ཉིད་ལྟར་ལ། བྱེ་བྲག་འདྲེན་མཆོག་འདི་ཉིད་ཀྱིས་དགོངས་པ་ཁྱད་པར་ཅན་ལ་ཐུགས་གཏད་པས་སྐུ་དངོས་ཀྱི་མཛད་པ་ལས་ཀྱང་ལྷག་པར་མཐའ་ཀླས་པའི་སེམས་ཅན་གྱི་དོན་མཛད་པ་དང་ཞིང་ཁམས་འདིར་ཡང་རྫོགས་ལྡན་གསར་པའི་ལང་ཚོའི་བཞིན་རས་མཛེས་པར་ངོམ་ཞིང་ཟབ་མོ་ཆོས་ཀྱི་བདུད་རྩིས་སྲིད་དང་ཞི་བའི་དཔལ་ཡོན་མཐའ་དག་སྨིན་ཞིང་བདོ་བར་མཛད་པ་སོགས་ཀྱི་ཐུགས་བསྐྱེད་རྨད་དུ་བྱུང་བའི་གཟིགས་པ་གཞན་དང་གཞན་གྱི་མཐའ་ནི་ཚུ་རོལ་མཐོང་བའི་བློས་དཔོག་དཀའ་བ་ཙམ་དུ་ངེས་སོ།།
དེ་ལྟར་སྔོན་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ནས་ནམ་མཁའ་ཁྱབ་པའི་ཡིད་ཅན་གྱི་འགྲོ་བ་མཐའ་དག་སྐད་ཅིག་ཙམ་ཡང་ཐུགས་བློས་མ་དོར་ཞིང་ཐུགས་རྗེའི་འཇུག་པ་ཚད་བཟུང་རིས་སུ་གཞལ་བར་མི་ནུས་པ་ལྟར། འདིར་དགོས་དབང་ཁྱད་པར་ཅན་ལ་གཟིགས་ནས་སྐུ་མྱ་ངན་ལས་འདའ་བའི་ཚུལ་ནི། རབ་རྒྱལ་ས་ཕག་ཧོར་ཟླ་དང་པོའི་ཚེས་གཅིག་གི་སྲོད་ལ་སྙུན་གྱིས་ཆ་ཙམ་ཡང་མ་གོས་པར་སྐུ་ལུས་རྣམ་སྣང་ཆོས་བདུན་གྱིས་མདའ་ལྟར་བསྲངས་ཏེ་སྤྱན་ཆོས་སྐུའི་གཟིགས་སྟངས་ཀྱིས་དར་ཅིག་མཉམ་པར་བཞག་ནས་ཟབ་ལམ་འཕོ་བའི་གདམས་པ་རབ་ཆོས་སྐུའི་འཕོ་བས་ཆོས་ཉིད་གདོད་མའི་ནང་དབྱིངས་སུ་གཤེགས་སོ། དེའི་ཚེ་ས་ཆེན་པོ་གཡོ་ཞིང་འགུལ་བ་དང་ནམ་མཁའ་གཡའ་དག་ཅིང་དྲི་ཞིམ་གྱི་ངད་བྱུང་བས་ཁོར་ཡུག་ཀུན་ཁྱབ་པར་གྱུར་པ་དང་། གདུང་སྦྱང་བའི་ཚེ་ནམ་མཁར་འཇའ་འོད་ཀྱི་གུར་ཕུབ། ས་གཞིར་རིང་བསྲེལ་གྱི་གཅལ་བཀྲམ་པ་སོགས་ངོ་མཚར་བའི་མཛད་པ་མཐའ་མས་མཐོང་ཞིང་ཐོས་པའི་འབྲེལ་ཚད་ཀྱི་འགྲོ་བ་མཐའ་དག་ཡ་མཚན་གྱི་གནས་ལ་བཀོད་པ་ཡིན་ནོ།།
དེ་ལྟར་ངེས་གསང་བསྟན་པའི་ཆུ་འགོ་རུ་དམ་རྫོགས་ཆེན་པའི་གདན་ས་ཆེན་པོའི་ཆོས་སྡེ་དེ་ཉིད་གླང་ལ་དབུ་བཙུགས་པ་ནས་ཕག་གི་བར་སྤྱི་ལོ་༡༦༨༤ནས་༡༩༥༩ལོའི་བར་གྱི་བྱུང་བ་བརྗོད་པ་དང་འབྲེལ་བའི་གྲུབ་དབང་མཆོག་གི་ཉི་མ་སྐུ་ཕྲེང་དྲུག་གི་འཁྲུངས་རབས་ཙམ་བགྲང་བའི་མཛད་པ་རགས་བསྡུས་འགའ་ཞིག་ཐོལ་བྱུང་དུ་བཀོད་པའི་སྐབས་འདིར་ཕྱི་ནང་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་གཞན་རྣམས་དང་། ཞར་བྱུང་བརྒྱུད་འཛིན་གྱི་བུ་སློབ་སོ་སོ་དང་། མཁན་རབས་ནོར་བུའི་ཕྲེང་བ་བར་མ་ཆད་པ་རིམ་པར་བྱོན་པ་དག་གི་བཙུན་པའི་ཚུལ། མཁས་པའི་ཡོན་ཏན། གྲུབ་པའི་རྟགས་སོགས་དང་། གཞན་ཡང་སྒྲུབ་སྡེ་ཁག་རྣམས་དང་། བྲག་སྐྱིབས་དང་། གངས་ཁྲོད་དང་། བས་མཐའ་དང་། གཡའ་སྤང་དང་། ལྗོན་ཤིང་གི་ལོ་མའི་སྤྱིལ་པོ་སོགས་སུ་བསྟི་བའི་སྦས་པའི་རྣལ་འབྱོར་གྲུབ་ཐོབ་ཀྱིས་རི་སུལ་གང་བ་རྣམས་ཀྱི་རྣམ་པར་ཐར་བ་ངོ་མཚར་བའི་ལེའུ་གསར་པ་དག་ཀྱང་གླེང་བར་སྤྲོ་མོད་ཐེངས་འདིའི་དགོས་དབང་དང་བསྟུན་ནས་རེ་ཞིག་སྨྲ་བ་དེ་ཙམ་དུ་བྱའོ།།
སླར་ཡང་སྨྲས་པ།
རྒྱལ་དང་སྲས་ཀྱི་མཛད་པ་རྒྱ་མཚོའི་འཇིངས།།
བློ་ཆུང་སྦལ་བས་གཏིང་དཔོག་ག་ལ་ནུས།།
འོལ་ཚོད་ཐོལ་བྱུང་སྨྲ་བའི་གོག་འགྲོས་ལ།།
བསམ་བཞིན་དཔྱོད་ལྡན་བཞད་གད་བྱེད་པའི་གནས།།
འོན་ཀྱང་དད་དམ་གཙང་མའི་མེ་ལོང་ངོས།།
རང་རང་ཁམས་དབང་མོས་པའི་རྒྱ་ཁྱོན་དུ།།
དམ་པའི་རྣམ་ཐར་ཆ་ཤས་གཟུགས་འཆར་བ།།
ཅུང་ཟད་བཟློ་ལ་འགལ་བ་མེད་པའང་སྲིད།།
དེ་སླད་གྲུབ་པའི་དབང་ཕྱུག་རྫོགས་ཆེན་པའི།།
མཚན་ཙམ་བགྲང་བའི་མཛད་པ་རགས་བསྡུས་འགའ།།
མཐོང་ཐོས་གཙོར་བྱས་ཉུང་ངུའི་ཚིག་དག་ཏུ།།
གསོང་པོར་སྨྲ་བས་ལོ་རྒྱུས་གཏམ་དུ་སྤེལ།།
ཡོངས་རྫོགས་རྒྱལ་བསྟན་ལྷ་ལམ་ཡངས་བའི་གཞིར།།
དམ་ཆོས་ཉིན་བྱེད་གསར་པའི་སྣང་བ་ཅན།།
གང་ན་འཚོ་གཞེས་རིས་སུ་མ་ཆད་པའི།།
བསྟན་འཛིན་ཚོགས་ཀྱི་ཞབས་པད་བརྟན་པར་སྨོན།།
ཡང་དག་སྟོན་པའི་བསྟན་པ་ལུང་རྟོགས་ཆོས།།
བཤད་དང་སྒྲུབ་པས་སྤེལ་བའི་འདུས་པའི་སྡེ།།
རྣམ་བཞིའི་རིང་ལུགས་འཛིན་པའི་ཚོགས་རྒྱས་པས།།
ནོར་འཛིན་ཡངས་བའི་གཞི་ཡང་འགེངས་པར་ཤོག།
མཐའ་ཡས་འཇིག་རྟེན་ཀུན་ཏུ་ནད་མཚོན་སོགས།།
རྒུད་པའི་བསྐལ་ངན་རྒྱུ་བཅས་ཡོངས་ཞི་སྟེ།།
ལེགས་ལམ་དམ་པར་ཕྱོགས་པའི་བློ་མིག་དང་།།
འགྲོ་ཀུན་ནམ་ཡང་འབྲལ་བར་མ་གྱུར་ཅིག།
ལྷག་བསམ་རེ་སྨོན་དག་པའི་ཀུ་མུད་ཏ།།
འབྱེད་ལ་བདུད་རྩི་སྦྱིན་པའི་ཆོ་ག་མཁན།།
ཆ་ཡིས་བསགས་པའི་རྫོགས་ལྡན་དཔལ་ཡོན་ཅན།།
འདོད་འབྱུང་ཟླ་བ་དཀར་པོ་རྟག་འཆར་ཤོག།
བདག་ཀྱང་དེང་ནས་སྐྱེ་བའི་རབས་ཀུན་ཏུ།།
དམ་པའི་རྣམ་ཐར་མཆོག་གི་རྗེས་ཞུགས་ཤིང་།།
ཅི་བྱས་བྱང་ཆུབ་ལམ་ལས་མི་འདའ་བར།།
མཐའ་ཡས་འགྲོ་བའི་ཉེར་འཚོར་གྱུར་ཅིག་གུ།།
སྔོན་སྦྱང་ཤེས་རབ་ཆ་ཙམ་བདག་ལ་མེད།།
ད་ལྟར་འབྲི་ཀློག་སྦྱང་བའང་མཐར་མ་སོན།།
འོན་ཀྱང་རང་གི་རིགས་ལ་ལེགས་དཀར་བའི།།
ལྷག་བསམ་གཅིག་པུའི་དབང་གིས་ངས་འདི་བྲིས།།
ཞེས་རང་ཉིད་ཀྱི་རིགས་ལ་ལྷག་པའི་བསམ་པ་མི་དམན་ཞིང་། འགྲོ་ཀུན་བདེ་བའི་འབྱུང་གནས་རིས་མེད་རྒྱལ་བའི་བསྟན་པར་མི་འཕྲོག་པའི་དད་དམ་དགེ་བ་ཅན་ཡུལ་བསིལ་ལྗོངས་ཤར་ཕྱོགས་ཀྱི་རྒྱུད། རྫ་རྒྱལ་རྡོ་རྗེ་འཕེན་ཕྱུག་གིས་སྲུང་བའི་གནས་དལ་འབབ་རྫའི་ཆུ་ཀླུང་ཆེན་པོའི་འགྲམ། ཡངས་པའི་སྤང་ལྗོངས་མེ་ཏོག་གིས་མཛེས་པའི་འབྲོག་མིག་སྨན་ཐིག་ལེའི་གྲོང་དུ་སྐྱེ་བ་བླངས་ཤིང་། གྲུབ་པའི་དབང་ཕྱུག་རྫོགས་ཆེན་པའི་གྲལ་མཐར་བསྐོས་པ། གཞོན་ནུ་ཉིད་ནས་དུས་ཀྱིས་བསྐལ་པའི་གཞན་དབང་གིས་ས་སློག་པ་དང་། རྡོ་བ་སྐྱེལ་བ་སོགས་ལུས་ཀྱི་ངལ་བ་ལྗིད་པོ་གཅིག་པུས་ན་ཚོད་ཡོལ་བར་གཏུགས་པས། རང་གི་རིགས་ཀྱི་མེས་པོས་བཞག་པའི་རིག་པའི་གནས་ཆེ་ཆུང་མཐའ་དག་ལ་སྦྱང་བའི་སྐལ་བ་མ་ཐོབ་ཅིང་། ཐོས་བསམ་སྒོམ་པའི་ཤེས་རབ་རྣམ་པར་ཆུང་བས་ལུགས་གཉིས་ཀྱི་རྣམ་དཔྱོད་ཤིན་ཏུ་ཕྲ་བ་དང་། ལོ་རྒྱུས་སྨྲ་བའི་སྤོབས་པ་དེ་བས་ཞན་ན་ཡང་། གངས་ལྗོངས་བསྟན་དགོན་སླར་གསོའི་སྒོ་འཕར་གསར་པ་འབྱེད་པའི་དུས་འདིར། ལྗོངས་འདིའི་སྣོད་བཅུད་ཀྱི་ཆགས་ཚུལ་དང་འབྲེལ་བའི་བྱུང་བ་རོབ་ཙམ་ངོ་སྤྲོད་བྱ་ཕྱིར། གྲུབ་དབང་མཆོག་གི་ཞབས་རྡུལ་སྤྱི་བོས་རེག་པའི་དབང་གིས་དེའི་སློབ་བརྒྱུད་དུ་གཏོགས་པ་ཙམ་ཁོ་ན་རྒྱུ་མཚན་དུ་བྱ་ཁུལ་གྱིས། མཐོང་ཞིང་ཐོས་པ་ཉུང་ཟད་ཅིག་ཐོག་མའི་དཔྱད་གཞིའི་བརྗེད་བྱང་ཙམ་དུ་པདྨ་སྐལ་བཟང་དེས་རིག་གནས་གསར་བརྗེའི་ལོ་བཅུའི་ཟིང་ཆ་གཡོལ་མ་ཐག་པའི་རྗེས་ཤིག་ལ་དུས་དེབ་ཅིག་གི་དགོས་མཁོར་དགོན་ཐའི་གྲོང་གསེབ་ནས་འཕྲལ་མར་བཀོད་པ་འདིས་ཀྱང་བཀྲ་ཤིས་དགེ་བ་བརྒྱ་ཕྲག་སྤེལ་བར་གྱུར་ཅིག།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།