རྨེ་དར་རྒྱས་བྱམས་ཆེན་ཆོས་འཁོར་གླིང་གི་ལོ་རྒྱུས་མདོར་བསྡུས།

༄༅། །དཔལ་དར་རྒྱས་བྱམས་ཆེན་ཆོས་འཁོར་གླིང་ངམ་ཡོངས་གྲགས་སུ་ཨ་མདོ་རྨེ་བ་དགོན་ནི་བོད་ཀྱི་གྲུབ་མཐའ་དྲུག་གི་ཡ་གྱལ་སྔ་འགྱུར་རྙིང་མ་པ་ལ་སྟོད་ན་རྡོ་སྨིན་དཔལ་གསུམ་དང་སྨད་ན་ཀ་དཔལ་རྫོགས་གསུམ་ཞེས་མཁས་མང་འདུ་བའི་གདན་ས་ཆེན་པོ་དྲུག་ཡོད་ལ། དེ་ལས་གྲུབ་དབང་རྫོགས་ཆེན་དགོན་པའི་ཆོས་སྡེ་ཞིག་ཡིན་ཞིང་། སྤྱིར་ལོ་རྒྱུས་ཁྲོད་མ་དགོན་དང་བུ་དགོན་ཞེས་པའི་བརྡ་ཆད་འདི་འབྱུང་དོན་ཡང་། ཆོས་སྡེ་གང་ཞིག་ལ་ཡོད་པའི་ནང་བསྟན་མཚན་ཉིད་རིག་པའི་འཆད་རྩོད་ཀྱི་སྟངས་ཀ་དང་རྩོམ་པའི་འཛིན་མཚམས། མན་ངག་གི་བརྒྱུད་པ་དང་ཆོ་གའི་ཕྱག་བཞེས་སོགས་ཇི་བཞིན་འཛིན་སྐྱོང་བྱེད་པའི་བླ་སློབ་འབྲེལ་ལྡན་ཅན་ལ་གོ་བ་རེད། དེས་ན་དགོན་སྡེ་འདིའང་ཐོག་མར་རབ་བྱུང་བཅུ་གཅིག་པའི་མེ་ཁྱི་སྟེ་ཕྱི་ལོ་ 1646 པར་རིག་འཛིན་འཇའ་ཚོན་སྙིང་པོའི་སློབ་མ་བེར་ཚང་གསང་སྔགས་ཉི་མ་བྱ་བའི་མཁས་གྲུབ་དམ་པ་ཞིག་གིས་དེང་གི་དཀར་མཛེས་ཁུལ་ཉག་རོང་རྫོང་གོར་མོ་རྨེ་ཁོག་གི་བཻ་རོའི་ལ་ཁར་གསར་འཛུགས་མཛད་ལ། ད་ལྟ་ཕྱི་ལོ་ 2017 བར་དུ་ལོ་ངོ་371 གི་ལོ་རྒྱུས་ལྡན་པ་རེད། ཕྱི་ལོ་1840 པ་རབ་བྱུང་བཅུ་བཞི་པའི་ལྕགས་བྱི་ལོར་རྫ་དཔལ་སྤྲུལ་དང་རྒྱལ་སྲས་གཞན་ཕན་མཐའ་ཡས་སོགས་ཀྱི་སློབ་མ་ཀུན་མཁྱེན་བསྟན་པའི་ཉི་མ་ཞེས་སྐབས་དེར་འཇམ་མགོན་མི་ཕམ་སོགས་དང་ཆོས་ཀྱི་མཆེད་པོར་གྱུར་ཅིང་། བོད་གཞུང་སྤྱིའི་དབུ་བླ་ཡང་མཛད་པར་གྲགས་པའི་མཁས་གྲུབ་ཆེན་པོ་དེས་སོག་ཐང་དུ་དགོན་པ་སྤོས་ཏེ་སོག་བཀྲ་ཤིས་ཆོས་དར་གླིང་ཞེས་མཚན་གསོལ་ཞིང་བཤད་སྒྲུབ་ཀྱི་སྲོག་དང་སྡོམ་པ་གསུམ་ལྡན་གྱི་ལུས་ཚང་བའི་སྒོ་ནས་རྒྱལ་བསྟན་ཡང་དག་པར་སྤེལ་ལོ། །

未标题-1123.jpg

དེ་ནས་ཕྱི་ལོ་1938 པ་རབ་བྱུང་བཅུ་དྲུག་པའི་ས་སྟག་ལོར་སྐྱབས་རྗེ་མདོ་རིན་པོ་ཆེ་ཁམས་གསུམ་ཟིལ་གནོན་དགྱེས་པ་རྡོ་རྗེས་དེང་གི་རྔ་བ་ཁུལ་ཁྱུང་མཆུ་རྫོང་རྨེ་བ་ཡུལ་ཚོ་ཡོད་ས་སྟེ། ཧ་ཁོག་ཏུ་དགོན་པ་སྤོས་ཤིང་། སྐབས་དེར་ཁྲི་དར་རྒྱས་བྱམས་ཆེན་ཆོས་འཁོར་གླིང་ཞེས་མཚན་གསོལ་བ་ཡིན་ནོ། །དེ་ནས་ཕྱི་ལོ་1942 པ་རབ་བྱུང་བཅུ་དྲུག་པའི་ཆུ་རྟ་ལོར་འཇུ་མི་ཕམ་དང་ཞེ་ཆེན་རྒྱལ་ཚབ། རྫོགས་ཆེན་མཁན་པོ་གཞན་དགའ། མཁན་པོ་ཀུན་དཔལ། གླག་བླ་ཆོས་འགྲུབ་སོགས་ཀྱི་སློབ་མ་རྨེ་བ་མཁན་ཆེན་ཚེ་དབང་རིག་འཛིན་ཞེས་རིག་གསར་སྐབས་ཀུན་གྱི་མཐོང་སར་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས་པའི་འཇའ་ལུས་འཕོ་ཆེན་པ་དེས་ཁམས་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭའི་ཕྱག་སྲོལ་ལྟར་བཤད་གྲྭ་མཁྱེན་བརྩེ་ཀུན་འདུས་མཁས་མང་གླིང་ཞེས་པ་བཏབ་ནས་མདོ་སྔགས་རིག་གནས་དང་བཅས་པར་འཆད་ཉན་རྒྱ་ཆེར་སྤེལ་ལ། དེ་ཡང་སྔོན་གྱི་ལུང་བསྟན་དག་ཏུ། ཁྲི་པའི་ཐོག་མ་ཛྙཱ་ནའི་མཚན་ཅན་འབྱུང་ཞེས་བསྔགས་པ་ལྟར་དུ། མཁན་རབས་དང་པོ་མཁན་ཆེན་ཡེ་ཤེས་དར་རྒྱས་ནས་རིམ་པར། གཉིས་པ་མཁན་ཆེན་ཚེ་དབང་རིག་འཛིན། གསུམ་པ་མཁན་ཆེན་ནོར་བུ་བསྟན་འཛིན། བཞི་བ་མཁན་ཆེན་བསོད་ནམས་དབང་རྒྱལ། ལྔ་བ་མཁན་ཆེན་འཇམ་དཔལ་དགྱེས་པའི་རྡོ་རྗེ་སྟེ། འདི་ཙམ་ནས་བཟུང་རིག་གསར་གྱི་རླུང་འཚུབ་གཡུག་སྟེ་བསྟན་དགོན་རྩ་བརླག་ཏུ་བཏང་ཞིང་མཁན་སྤྲུལ་བླ་གསུམ་ཐམས་ཅད་ཁྲི་མུན་དང་མནར་གཅོད་དྲག་པོའི་འོག་ཕལ་ཆེར་བཀྲོངས་སོ། །དེ་ནས་ཕྱི་ལོ་ 1984 ནས་བཟུང་ཡང་དར་བསྟན་པའི་བྱེེད་པོ་བཀའ་དྲིན་བླ་ན་མེད་པ་ཡབ་རྗེ་ ༧ འཇམ་དབྱངས་བླ་མ་ཤེས་རབ་རྒྱལ་མཚན་ནམ་ཐུབ་བསྟན་ལེགས་བཤད་འབྱུང་གནས་མཆོག་སྟེ། ཁོང་རིན་པོ་ཆེ་ནི་ཕྱི་ལོ་ 1930 ལོར་རྦོབ་ཁོག་གཏེར་ལུང་བྱ་བར་འཁྲུངས་ཤིང་ཨ་མཆོག་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་མཁྱེན་རབ་རྒྱ་མཚོས་འཇུ་མི་ཕམ་གྱི་ཡང་སྲིད་དུ་ངོས་བཟུང་ཞིང་འཇམ་དབྱངས་ཤེས་རབ་རྒྱལ་མཚན་དུ་གསོལ་ནས་མཚན་ཉིད་དགོན་པར་བསླངས་ཀྱང་ཕ་ཡབ་ཀྱིས་མ་གནང་། དེ་ནས་དགུང་གྲངས་བདུན་ཙམ་ན་མདོ་རིན་པོ་ཆེ་ཟིལ་གནོན་དགྱེས་པ་རྡོ་རྗེས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་དང་བསྟན་པའི་བདག་པོར་མངའ་གསོལ་ཏེ་དགུང་གྲངས་དགུ་ནས་བཟུང་མཁན་ཆེན་ཚེ་དབང་རིག་འཛིན་དང་མཁན་ཆེན་ནོར་བུ་བསྟན་འཛིན། མཁན་ཆེན་ཡེ་ཤེས་དར་རྒྱས་སོགས་བསྟེན་ནས་མདོ་རྒྱུད་རིག་གནས་དང་བཅས་པར་ཐོས་བསམ་མཛད་དེ་ནང་ཐུགས་ཀྱི་སྲས་གཅིག་པུར་གྱུར། དེ་ནས་མི་འགྱང་བར་དམ་པ་གོང་མའི་ཕྱག་སྲོལ་དང་བླ་མ་རྣམ་པའི་བཀའ་ལྟར་གྲུབ་དབང་རྫོགས་ཆེན་དུ་གྲྭ་སར་ཕེབས་ཏེ་ལོ་ངོ་དུ་མའི་རིང་། རྫོགས་ཆེན་ཨ་བུ་ལྷ་སྒོང་ངམ་པདྨ་ཐེག་མཆོག་བློ་ལྡན་དང་། མཁན་ཆེན་འཆི་མེད་ཡེ་ཤེས་སོགས་བསྟེན་ནས་མདོ་རྒྱུད་རྒྱ་མཚོ་ལྟ་བུར་བརྩོན་པ་དྲག་པོས་ཐོས་བསམ་སྒོམ་པ་སྤེལ་མར་གནང་སྟེ་ཐམས་ཅད་ངོ་མཚར་བའི་གནས་ལ་བཀོད། ཁྱད་པར་ཨ་བུ་ལྷ་སྒོང་གིས་སྔ་འགྱུར་བསྟན་པའི་བདག་པོར་མངའ་གསོལ་ཞིང་། འཆི་མེད་རིན་པོ་ཆེས་འཇུ་མི་ཕམ་པའི་རྣམ་རོལ་དུ་ཐུགས་ཐག་བཅད་དེ་ཀློང་ཆེན་མཛོད་བདུན་གྱི་འཆད་ཁྲིད་མཆོད་པར་ཕུལ་བ་ཡིན་པར་གསུངས། ཕྱིར་རྨེ་ཡུལ་དུ་ཕེབས་ནས་མི་རིང་བར་བཅོས་བསྒྱུར་གྱི་ཁྲིམས་ཁ་བཙན་པོར་འོ་བརྒྱལ་མང་དུ་བཞེས་རྗེས་བསྟན་པ་སླར་གསོའི་འགན་བཞེས་ཤིང་། ཕྱོགས་གཅིག་ནས་མཁན་པོ་མཛད་དེ་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཁྲིད་གནང་། ཕྱོགས་གཅིག་ནས་བླ་མ་རྣམས་ཀྱི་ལུང་བསྟན་ལྟར་ཨ་མོས་མཁའ་ཁུག་ཏུ་དགོན་པ་སླར་གསོའི་རྟེན་དང་བརྟེན་པར་བཅས་པ་བཞེངས། དེ་ཡང་བཤད་གྲྭ་ཡིག་གྲྭ་སྒྲུབ་གྲྭ་དང་བཅས་འཐུས་ཚང་དུ་མཛད། ཐུན་མོང་རིག་གནས་ས་དཔྱད་ཙམ་ཡན་ཆོད་ནས་འོད་གསལ་རྫོགས་པ་ཆེན་པོའི་བར་འདི་མི་མཁྱེན་བྱ་བ་གཅིག་ཀྱང་མེད་ལ། གང་གསུང་ཐམས་ཅད་རང་གི་ཉམས་མྱོང་དང་བླ་མའི་མན་ངག་གི་བྱིན་རླབས་ཟུང་དུ་སྦྲེལ་བ་ནི་གསུང་ཐོས་པ་ཙམ་གྱིས་རྟོགས་པ་ཡིན་ནོ། །བཤད་སྒྲུབ་ལས་གསུམ་སྤྱིའི་ངོས་ནས་ཀྱང་བླ་མ་གཅིག་ལ་འདི་ལྟ་བུའི་མཛད་རྗེས་ཆེ་བ་དགོན་འདིའི་ལོ་རྒྱུས་ཁྲོད་བྱུང་མ་མྱོང་ཞེས་གྲགས།

མཐར་དགུང་གྲངས་བརྒྱད་ཅུ་རྩ་ལྔ་པ་སྟེ། བོད་རབ་བྱུང་བཅུ་བདུན་པའི་ཤིང་རྟ་ལོའི་ཟླ་བཅུ་བའི་ཚེས་བཅུ་གསུམ་མམ། 2014 12 4 ལ་རྒྱ་ནག་སན་ཡ་རུ་ངོ་མཚར་བའི་མཛད་པ་དང་བཅས་སྐུ་ཆོས་དབྱིངས་སུ་གཤེགས་སོ། །མཛད་རྣམ་རྒྱས་པར་མཁྱེན་འདོད་ན་རྣམ་ཐར་དྲང་སྲོང་ཞལ་ལུང་ལ་གཟིགས་མཛོད། མདོར་ན་ཡབ་རྗེ་འཇམ་དབྱངས་བླ་མ་མཆོག་གིས་བསྟན་པ་སླར་གསོ་མཛད་ནས་ད་བར་ལོ་ངོ་ 30 ལྷག་ཏུ་སོན་ཡོད་ལ། དེའི་རིང་ལ་ཁོང་རིན་པོ་ཆེ་གཙོར་མཛད་མཁན་རབས་དྲུག་པ་དགེ་ཤུལ་མཁན་པོ་ཨ་བློ། བདུན་པ་རུ་ཤུལ་མཁན་པོ་འཇམ་དཔལ། བརྒྱད་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་མཁན་ཆེན་དགེ་འདུན་ནོར་བུ། དགུ་བ་མཁན་ཆོས་དབྱིངས་མགོན་པོ། བཅུ་བ་མཁན་དཀོན་མཆོག་ཚེ་རིང་། བཅུ་གཅིག་པ་མཁན་འཇིགས་མེད་བློ་གྲོས། བཅུ་གཉིས་པ་མཁན་བློ་གྲོས་རྒྱལ་མཚན། བཅུ་གསུམ་པ་མཁན་བྱང་ཆུབ་རྒྱལ་མཚན། བཅུ་བཞི་བ་མཁན་པདྨ་དབང་སྡུད། བཅོ་ལྔ་པ་མཁན་ཐུབ་བསྟན་འོད་ཟེར་བར་དུ་དགེ་བའི་བཤེས་གཉེན་རྣམས་ཀྱིས་བཤད་སྒྲུབ་ལས་གསུམ་གྱི་བསྟན་པ་ཡར་ངོས་ཟླ་ལྟར་སྤེལ་ཞིང་། གཞན་ཡང་ལས་ཐོག་མཁན་པོའི་མཚན་གནས་མ་བཞེས་ཀྱང་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་དམ་པ་མང་དུ་བྱོན་ཡང་། འདིར་ངོ་སྤྲོད་མདོར་བསྡུས་ཙམ་ལས་གཞན་ཅུང་ཟད་རྒྱས་པ་ཞིག་ལོགས་སུ་ཞུ་འདོད་ཡོད་པས་དེ་རུ་གཟིགས་པར་ཞུ། དེང་གི་ཆར་ཆོས་སྡེ་འདི་རུ་རྒྱ་གཞུང་ལེགས་བཤད་བཅུ་གསུམ་དང་རྣམ་འགྲེལ་ལེགས་བཤད་སྣང་གཏེར། སྒྲ་ཀ་ཙན་དབྱངས་གསུམ། ཀློང་ཆེན་མཛོད་བདུན་དང་སྙིང་ཐིག་ཡ་བཞི་སོགས་རྒྱ་གར་འཕགས་ཡུལ་གྱི་ལེགས་བཤད་དང་། སྔ་འགྱུར་རྙིང་མའི་གཞུང་ལུགས་གཙོར་མཛད་ཐོག་བཀའ་བབ་ཀྱི་གྲུབ་མཐའ་ཆེན་མོ་དག་གི་གཞུང་ལའང་ཕྱོགས་རིས་མེད་པར་ཐོས་བསམ་སྒོམ་པ་མཛད་དང་མཛད་བཞིན་པ་ལགས་ལ། བཤད་སྒྲུབ་ཡིག་གསུམ་གྱི་གྲྭ་འཐུས་སྒོ་ཚང་ཞིང་། དགེ་འདུན་འདུས་པ་སྟོང་ཕྲག་ལྷག་བཞུགས་པ་ལགས་ན། ཕན་བདེའི་འབྱུང་གནས་དམ་པར་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་སྐྱེ་རྒུ་ཡོངས་ཀྱི་དཔུང་གཉེན་དུ་བཞུགས་པར་གསོལ་བ་འདེབས་ཤིང་སྨོན་ལམ་ཞུའོ།།

ཞེས་ཆོས་སྡེ་ཆེན་མོ་གང་གི་གྲལ་གྱི་ཡང་མཐར་ལས་སྨོན་ཐེབས་ཙམ་པ་དཀོན་མཆོག་ཕྱོགས་ལས་རྣམ་རྒྱལ་ལམ་རྨེ་བུ་འོད་དཀར་ཟེགས་མ། ཡོངས་གྲགས་སུ་རྡོ་རྗེ་དབང་རྒྱལ་དུ་འབོད་པས་རང་ལོ་ཉེར་བཞི་བར་བཤད་གྲྭའི་རང་མལ་ནས་དགོངས་མོའི་དུས་ཚོད་ཅུང་ཟད་ཅིག་ཏུ་སྣང་གསལ་གློག་གི་འོད་མདངས་ལ་བསྟེན་ནས་མདོར་བསྡུས་སུ་ཕུལ་བ་དང་སླར་ཡང་ལོ་དེའི་ཕྱི་མར་དགོས་དབང་ཞིག་གིས་ཅུང་ཟད་འཕྲི་སྣོན་དང་དག་བཅོས་ཀྱིས་སྤེལ་བ་ལགས་སོ།།

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།