རྫོགས་ཆེན་བསྟན་དགོན་གྱི་སླར་གསོའི་བྱུང་རིམ་བརྙན་ཐུང་།


ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་བསིལ་ལྡན་བྷོ་ཊའི་ལྗོངས་སུ་ཐོག་མར་འདྲེན་པ་བསྟན་པ་སྔ་དར་གྱི་དུས་སྐབས་ཏེ། ཕྱི་ལོའི་དུས་རབས་དགུ་པར་སློབ་དཔོན་པདྨ་འབྱུང་གནས་ཀྱིས་རུ་དམ་གནས་འདིར་ཞབས་ཀྱིས་བཅགས་ཤིང་མདོ་ཁམས་གངས་ར་ཉེར་ལྔའི་ཡ་གྱལ་ཡོན་ཏན་གནས་ཀྱི་གཙོ་བོར་བྱིན་གྱིས་བརླབས། བདུད་རྩི་སྨན་གྱི་སྒྲུབ་པ་མཛད་དེ་གསང་སྔགས་བསྟན་པའི་སྒྲོན་མེ་ཐོག་མར་སྦར་བ་ནས་ད་བར་སྟོང་ལོ་གཅིག་དང་ཉིས་བརྒྱ་ལྷག་ཕྱིན།  བསྟན་པ་ཕྱི་དར་སྐབས་ཕྱི་ལོ་༼  ༡༦༨༥   ༽པར་རྒྱལ་དབང་ལྔ་བ་ཆེན་མོའི་བཀས་བསྐུལ་བཞིན།  ༧ གྲུབ་ཐོབ་རྫོགས་ཆེན་པ་པདྨ་རིག་འཛིན་གནས་འདིར་ཕེབས་ཏེ་རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་འཁོར་གླིང་ཕྱག་བཏབ།  མདོ་སྔགས་རིག་གནས་དང་བཅས་པའི་གཞུང་བཤད་ནས་འོད་གསལ་རྫོགས་པ་ཆེན་པོའི་གདམས་ཁྲིད་དང་། སོ་བྱང་སྔགས་གསུམ་གྱི་སྡོམ་གསུམ་ཉམས་བཞེས་ལ་རྩལ་འདོན་མཛད་པས།  འཇའ་ལུས་འོད་སྐུར་གྲོལ་བ་དང་གནས་ལྔ་རིག་པར་རང་བྱན་ཆུབ་པའི་མཁས་གྲུབ་སྐྱེས་ཆེན་བརྒྱུད་མར་བྱོན་པའི་བཤད་སྒྲུབ་ཆོས་ཀྱི་སྡེ་ཆེན་མོར་དར་རྒྱས་སུ་བྱུང་བ་ནས་ཕྱོགས་ཀྱི་བུ་དགོན་སུམ་བརྒྱ་ལྷག་ཏུ་འཕེལ་བ་བྱུང་།  དུས་རབས་སྔ་མའི་ལོ་རབས་དྲུག་ཅུ་པའི་གོད་ཆགས་ཁྲོད་དགོན་འདིའི་ཕྱི་ནང་རྟེན་དང་བརྟེན་པ་ཡོངས་རྩ་མེད་བཅོམ་བརླག་ཏུ་ཕྱིན། རྒྱལ་བསྟན་ཡང་དར་གྱི་ལོ་རབས་བརྒྱད་ཅུ་པར་ཤུལ་ལུས་བླ་སྤྲུལ་རྒན་རབས་པས་སྣེ་ཁྲིད་དེ་དད་ལྡན་ཡོངས་ནས་སེམས་ཤུགས་ཆེན་པོས་བསྐྱར་གསོ་གང་འཚམས་བྱས་ཀྱང་རྒྱུ་སྤུས་ལག་རྩལ་སོགས་མཐུན་རྐྱེན་ཞན་པས་མི་རིང་བར་ཞིག་རལ་དུ་གྱུར།  དུས་རབས་ཉེར་གཅིག་པའི་འགོ་ནས་༧ གྲུབ་དབང་རྫོགས་ཆེན་བདུན་པ་བསྟན་འཛིན་ལུང་རྟོགས་ཉི་མས་བླ་ན་མེད་པའི་ཐུགས་སྟོབས་མཁྱེན་དཔྱོད་ཟབ་མོའི་དབུ་ཁྲིད་དང་། མཁན་སྤྲུལ་སྐྱེས་ཆེན་དག་གི་རྨད་དུ་བྱུང་བའི་མཛད་ཕྲིན་དུས་སུ་སྨིན་པའི་བདག་རྐྱེན་ལས། ཕོ་བྲང་ཆེན་མོ་དང་ཕྱོགས་ཀྱི་གཙུག་ལག་ཁང་གྲྭ་ཁང་ཡོངས་བཟོ་བཀོད་ལྡན་པའི་འཛུགས་སྐྲུན་མཇུག་གྲུབ་སྟེ། ཕྱི་ལོ་ཉིས་སྟོང་བཅུ་དྲུག་པ་བོད་རབ་བྱུང་བཅུ་བདུན་པའི་མེ་སྤྲེལ་སྤྲེལ་ཟླའི་ཡར་ཚེས་བཅུ་པ། རྒྱལ་དབང་མཚོ་སྐྱེས་རྡོ་རྗེའི་འཁྲུངས་སྐར་ཉིན་ལེགས་པར་གྲུབ་པའི་རབ་གནས་དགའ་སྟོན་རྒྱས་པ་སྤེལ་བའོ། །

དགེ་ཚོགས་དམ་པ་རྒྱལ་བསྟན་དར་ཞིང་འགྲོ་ཀུན་བདེ་བའི་རྒྱུར་བསྔོ་བའི་སྨོན་པ་ཟབ་མོ་དང་བཅས།  རབ་བྱུང་བཅུ་བདུན་པའི་མེ་སྤྲེལ་ལོར་སྦྱར་བ་དགེ།། །།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།