ད་ནི་ཡོན་ཏན་གནས་ལྔ་བསྟན་པ་ནི ༔ ཡོན་ཏན་གནས་ཀྱི་གཙོ་བོ་རྒྱས་པར་བཤད༔བོད་ཀྱི་མདོ་ཁམས་འབྲི་ཟླ་ཞེས་བྱ་རུ ༔རུ་དམ་གངས་ཀྱི་ར་བ་སྦས་པའི་ཡུལ༔དབུས་ཀྱི་རི་བོ་སེངྒེ་བརྒྱད་བསྣོལ་ནང༔གསང་སྔགས་སྣོད་རུང་ཡུལ་གྲུ་བཅོ་བརྒྱད་སྦས༔ཡུལ་གྱི་ཆགས་ཚུལ་པདྨ་ཁ་ཕྱེ་འདྲ ༔
དབུས་ཀྱི་བྲག་རི་དཔག་ཚད་གཅིག་གི་སྟེང ༔ རང་བྱུང་རྡོ་ཡི་མཆོད་རྟེན་ཁྱད་པར་ཅན ༔ འོད་ཟེར་ནམ་མཁའི་དབྱིངས་སུ་འགྲོ་བ་དང ༔ བྲག་དེའི་ནང་དུ་སྤྲུལ་པའི་ལྷ་ཁང་ནི ༔ འོད་འབར་ཞེས་བྱ་མདའ་རྒྱངས་གང་ཙམ་ཡོད ༔
ནང་དུ་གསེར་གྱི་ཐུབ་པ་ཐོག་ཚད་གཅིག ༔ ཡོན་བདག་དཔལ་མོ་ཧེ་ཡིས་བཞེངས་པ་ཡི ༔ དངུལ་གྱི་ཉེ་སྲས་མི་ཚད་བརྒྱད་རྣམས་དང ༔ དུང་དང་གཡུ་ཡི་སྒྲོལ་མ་དཀར་སྔོན་བཞུགས ༔
རྒྱ་ནག་པཱ་ཏ་ལ་ཡི་རྒྱལ་པོ་ཡིས ༔པད་འབྱུང་བདག་ལ་ཕུལ་བའི་ནོར་སྣ་དང ༔ ཁྱད་པར་བཟོ་ཁྱད་བྱེ་རུའི་ཚེ་དཔག་མེད ༔ ཀ་མ་ལ་ཡི་རྒྱ་དཔེ་ཐམས་ཅད་བཞུགས ༔
ཕྱོགས་མཚམས་རྣམས་ཀྱི་ལུང་ཆེན་བཅོ་བརྒྱད་དུ ༔གཏེར་ཆེན་གསུམ་དང་གཏེར་ཕྲན་རེ་རེ་སྦས ༔ སྲུང་མ་ཡ་མ་བཅུ་གཉིས་མ་སངས་བརྒྱད ༔ ལྷ་ཡི་དགེ་བསྙེན་རྡོ་རྗེ་དགའ་བ་གཏད ༔
གཡས་ཀྱི་རི་ནི་རལ་གྲི་ཕྱར་བ་འདྲ ༔ ཤར་གྱི་བྲག་ལ་ཐུབ་དབང་གནས་བརྟན་ཚོགས ༔
ཟབ་པའི་གཏེར་གསུམ་དཀོར་སྲུང་སྲས་ལ་གཏད༔ གཡོན་གྱི་རི་ནི་སེང་ཆེན་འགྱིང་བ་འདྲ ༔
ལྷོ་ཡི་བྲག་ལ་ཉེ་སྲས་བརྒྱད་རྣམས་དང ༔ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་སྐུ་ཡང་གསལ ༔སྒོས་ཁྱད་གཏེ་དགུ་སྐོར་སྲུང་ཡུམ་ལ་གཏད ༔
ལྕགས་རི་ཁྲ་བོའི་སྒོ་ཁང་ལྷོ་རུ་བསྟན༔སྒོ་ཡི་ནང་དུ་བྲག་རི་རིན་ཆེན་འདྲ ༔
དབུས་ཀྱི་ཆ་ལ་པད་འབྱུང་སྒྲུབ་ཕུག་ཡོད ༔དཔལ་ཆེན་དགུ་དང་རྡོ་རྗེ་སེམས་དཔའ་དང ༔ དྲུག་པ་རྡོ་རྗེ་འཆང་དང་ཤཱཀྱ་ཐུབ ༔ ཨོ་རྒྱན་བདག་གི་སྐུ་རྣམས་རང་བྱོན་གསལ ༔ ཕྱོགས་བཞིའི་ལུང་ཆེན་བཞི་ཡི་མདོ་རྣམས་ལ ༔
ཤར་གྱི་གཙང་དཀར་མཆོད་རྟེན་འོད་འབར་དང ༔
ལྷོ་ཡི་འཁོར་ལོ་ཨཀྴ་ལྔ་བཅུ་ལ༔
ནུབ་ཀྱི་སེང་རྫོང་སྐུ་གདུང་ཆ་བརྒྱད་དང ༔
བྱང་གི་ཕ་ཝཾ་ནག་པོ་ལོགས་རྣམས་སུ ༔ མི་འགྱུར་བ་ཡི་རྟགས་བརྒྱད་མཚན་རྟགས་དགུ༔
མཚམས་ཀྱི་ཀློང་ཆེན་རྣམས་ཀྱི་ཕུ་རྣམས་སུ ༔ཤར་ལྷོ་དཔལ་གྱི་གཏོར་མ་འདྲ་བའི་རི ༔མངོན་རྫོགས་རྒྱལ་པོ་མཁས་པ་སུམ་ཅུ་ཡིས ༔ རྫུ་འཕྲུལ་བྱིན་གྱིས་བརླབས་པའི་སྐུ་རང་བྱོན༔ ནོར་ལྷ་ཕོ་བརྒྱད་མོ་བརྒྱད་གཙོ་བོ་གཉིས ༔གཏེར་བདག་བཅོ་བརྒྱད་རྣམས་ཀྱིས་ནོར་ཆར་འབེབས ༔
ལྷོ་ནུབ་རྡོ་རྗེ་འདྲ་བའི་བྲག་རི་ལ ༔ པད་འབྱུང་བདག་གི་རྫུ་འཕྲུལ་སྣ་ཚོགས་པའི ༔ བཀོད་པ་བསམ་མི་ཁྱབ་པའི་མཚན་རྟགས་དང ༔རྣམ་འཇོམས་རྣམ་པར་རྒྱལ་མ་གདུགས་དཀར་མོ ༔གྲྭ་ལྔའི་ལྷ་མོ་ཀྲི་ཡའི་ལྷ་ཚོགས་ཀྱང ༔
བྱང་ཤར་བྲག་རི་གཏེར་གྱི་བུམ་པ་འདྲ ༔རང་བྱུང་ཐུགས་རྗེའི་ལྷ་ཚོགས་བཞི་བཅུ་གཉིས ༔ཁྱད་པར་ཅན་གྱི་ཕྱག་སྟོང་སྤྱན་སྟོང་དང ༔རྟ་མགྲིན་དབུ་དགུ་ཕྱག་ནི་བཅོ་བརྒྱད་ཅན ༔རྡོ་རྗེ་ཕག་མོ་ཞལ་གསུམ་ལ་སོགས་པའི ༔ མཁའ་འགྲོ་དགོངས་འདུས་དཀྱིལ་འཁོར་ལྷ་ཚོགས་ཡོད ༔
དང་པོ་དཔའ་བོ་བྲག་ལ་རྟ་མགྲིན་དང ༔གཉིས་པ་རི་ཡི་བྲག་ལ་འཇམ་དཔལ་ནག༔གསུམ་པ་སྐུ་ཡི་བྲག་ལ་ཕྱག་རྡོར་དང༔ བཞི་བ་ཉེ་བའི་བྲག་ལ་སྨྲེ་བ་བརྩེགས༔ལྷོ་ལོགས་བྲག་ལ་རིག་འཛིན་འདུས་པ་སོགས ༔དཀྱིལ་འཁོར་རབ་འབྱམས་རྒྱ་མཚོ་སྐུ་ཡོངས་གསལ ༔
ཁྱད་པར་དབུས་ཕྱོགས་ལྷོ་ཡི་བྲག་རི་ལ ༔ བརྟན་མའི་གསང་ཕུག་གཡས་ལོགས་མཚོ་རྒྱལ་དང ༔ སྟེང་ལ་བཻ་རོ་རྒྱབ་ཏུ་གཉགས་ཆེན་སོགས ༔ ལས་ཅན་དག་པའི་འཁོར་བདུན་རྣམས་ཀྱིས་ཀྱང ༔བསྒྲུབས་པའི་གནས་དང་གྲུབ་རྟགས་མཚན་མ་བཅས ༔ མི་འགྱུར་འཛེར་གྱིས་རབ་ཏུ་གཏམ་པའོ ༔ ཡོན་ཏན་གཏེར་ལྔ་ཕྲན་གཏེར་ཉི་ཤུ་སྦས༔ ཡོན་ཏན་སྐུ་ཡི་ཡོན་ཏན་དག་ལ་འདུས༔
ལྷ་སྲས་མུ་རུབ་བཙན་པོའི་སྐྱེ་བ་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པ་ལ་ཁོ་བོས་རྟེན་འབྲེལ་ཆེད་དུ་ཞབས་བསྐུལ་ཞུས་པ་ལྟར་མེ་སྦྲུལ་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་དང་པོར་ཁྲོ་རི་རྡོ་རྗེ་ཟིལ་ཁྲོམ་གྱི་མདུན་ཟུར་སྡེ་དགེ་ཆོས་རྒྱལ་ཆེན་པོའི་ཕོ་བྲང་གི་ཤར་ཕྱོགས་དཔའ་བོ་རྟ་མགྲིན་བྲག་ལ་རང་བྱོན་དུ་གསལ་བའི་དཔའ་བྲག་དཀར་པོའི་ངོས་ལ་རྒྱ་དགུ་བསལ་ཏེ་སྐལ་ལྡན་འདུས་པ་ཉི་ཤུ་ཙམ་གྱི་དབུས་སུ་སྤྱན་དྲངས་པའི་ལ་བསྭེའི་སྒྲོམ་བུ་ཟུར་གསུམ་བིང་ཆེན་གྱི་དབྱིབས་ཅན་བྱོན་པ། དེ་བཱི་ཀོ་ཊི་གསུམ་པ་ཙཱ་འདྲ་རིན་ཆེན་བྲག་གི་མགུལ་དཔལ་ཆེན་དགུའི་ལྷ་ཚོགས་རང་བྱུང་གི་ཚུལ་ཅན་གྱི་དབུས་གུ་རུའི་སྒྲུབ་ཕུག་གི་གཡོན་ལོགས། ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་མངའ་དབུལ་ཞིང་། དེ་བཱི་ཀོ་ཊིའི་གནས་ཞལ་གསར་དུ་སྣང་བར་མཛད་པ་དང་ཆབས་ཅིག་གདན་ས་ཆེན་པོ་དཔལ་སྤུངས་ཀྱི་གཙུག་ལག་ཁང་བྱམས་མགོན་ཀུན་མཁྱེན་ཏའི་སི་ཏུའི་གཟིམས་སྤྱིལ་ཡིད་དགའ་ཆོས་འཛིན་གྱི་སེང་གེའི་ཁྲི་དྲུང་དུ་ཞལ་ཕྱེས་ཤིང་། ཤོག་སེར་དཀྱུས་མཐོ་གང་སོར་གང་ཞེང་སོར་བཞི་ཡིག་ཕྲེང་དྲུག་པ་གུ་རུ་རིན་པོ་ཆེའི་ཕྱག་བྲིས་བརྡ་ཡིག་ལས་བརྡ་བཀྲོལ་འབེབས་རིམ་བཞིན་དུ་པདྨ་གར་དབང་བློ་གྲོས་མཐའ་ཡས་སམ་༼ཀོང་སྤྲུལ་ ༽ཡོན་ཏན་རྒྱ་མཚོར་འབོད་པས་སུག་བྲིས་སུ་བགྱིས་པ་བསྟན་འགྲོ་རིས་སུ་མ་ཆད་པ་ལ་དགེ་ལེགས་བཀྲ་ཤིས་ཀྱི་སྣང་བས། ཕྱོགས་དུས་གནས་སྐབས་ཀུན་ཏུ་ཁྱབ་པར་གྱུར་ཅིག །སརྦ་ཐཱ་མངྒ་ལཾ། །
གསུང་ཚན་འདི་མཁན་ཆེན་དམ་པ་ཨོ་རྒྱན་རིག་འཛིན་མཆོག་གི་ཐུགས་བཞེད་བཞིན་བོད་ཀྱི་གནས་ཆེན་རྣམས་ཀྱི་མདོ་བྱང་དཀར་ཆག་ཨོ་རྒྱན་གྱི་མཁས་པ་པདྨ་འབྱུངགནས་ཀྱི་བཀོད་པ་མཆོག་གྱུར་བདེ་ཆེན་གླིང་པའི་གཏེར་མ་དང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་མདོ་བྱང་གསལ་བྱེད་ལས་ཁོལ་དུ་ཕྱུང་བའོ། ། རྩོམ་སྒྲིག་པས།