སྒྲ་མདོ་བཞིའི་བྱུང་རིམ་ཕྲ་མཐོང་འཕྲུལ་གྱི་མེ་ལོང་།

WechatIMG702.jpeg

༄༅། ། ཀ་ལཱ་པ་སོགས་སྒྲ་མདོ་བཞིའི་བྱུང་རིམ་ལས་འཕྲོས་པའི་གཏམ་ཕྲ་མཐོང་འཕྲུལ་གྱི་མེ་ལོང་།
                        ———ཤཱ་ས་ན་དྷྭ་ཛ།
༄། །དབང་གཞུའི་གོས་དང་མེ་ཏོག་འཕྱང་འཕྲུལ་གྱིས། །
སྟ་ཟུར་ཕྱེད་ཙམ་སྒྲིབ་ལྡན་སྒྱུ་འཕྲུལ་མོ། །
འདར་ལྡན་སོར་རྩེ་རེག་པའི་འཕང་འགྲོའི་དབྱངས། །
ཀུན་རྨོངས་རི་དྭགས་སད་པའི་དཔལ་གྲུབ་མཛོད། །

འགྲོ་བ་མིའི་རིགས་ལ་སྐད་བརྡའི་རྣམ་བཞག་གྲུབ་པ་ནས་བརྡ་སྤྲོད་པའི་རྣམ་བཞག་ལྷན་སྐྱེས་སུ་ཡོད།  ལྷན་སྐྱེས་སུ་ཡོད་པའི་བརྡ་སྤྲོད་ཀྱི་རིག་པའི་གཞུང་ལུགས་ལག་ཏུ་བསྟར་མིན་གྱིས་སྔ་ཕྱིའི་གོ་རིམ་དང་སྤུས་ཀར་བཟང་ངན་བྱུང་།  དེ་འདྲའི་རིག་གནས་དེ་ལ་འཕགས་པའི་ཡུལ་དུ་བྱཱ་ཀ་ར་ཎ་དང་།   རྒྱ་ནག་སྐད་དུ།   语法   བོད་རྣམས་ཀྱིས་སྒྲ་རིག་པ་ཟེར།  དེས་ན་འདིར་རང་རེའི་ཡུལ་དུ་བསྟན་པ་ཕྱི་དར་ནང་འགྱུར་ཟིན་གྱི་སྒྲ་མདོ་བཞིའི་བྱུང་རིམ་་གྱི་སྒྲོས་ཤེས་ཚོད་ཅིག་འཆད་པ་སྐབས་སུ་བབས་པ་ལགས།  
དང་བོ།   པཱ་ཎི་ནི་་་་་ཞེས་ཡོངས་སུ་གྲགས་པའི་བརྡ་སྤྲོད་ཀྱི་གཞུང་འདི་ནི་ས་ཡི་གོ་ལ་འདིའི་སྟེང་གི་སྐད་བརྡ་སྟོང་ཕྲག་མང་བོའི་ནང་གི་བརྡ་སྤྲོད་པའི་རྣམ་བཞག་ཆ་ཚང་སྟོན་པའི་གཞུང་ལུགས་ཐམས་ཅད་ཀྱི་ཐོག་མར་གྱུར།   དེ་ཡང་སཾ་སྐྲྀ་ཏ་ལེགས་པར་སྦྱར་བའི་སྐད་འདི་ནི།   སིནྡྷུ་དང་གངྒཱའི་ཆུ་ཀླུང་འབབ་པའི་རྒྱུད་དུ་རིག་བྱེད་ཀྱི་ཆོས་ལུགས་ཉམས་སུ་བསྟར་པའི་བྲམ་ཟེ་རྣམས་ཀྱིས་རིག་བྱེད་འདོན་པའི་ཆེད་དུ་ཐོག་མར་བཀོལ་ནས་བྱུང་བའི་སྐད་ལུགས་ཤིག་སྟེ་ཡུལ་དེའི་སྐད་རིགས་བཞིའི་ནང་གི་མཆོག་ཏུ་གྱུར་བ་ཡིན་པར་བཞེད།   སཾ་སྐྲྀ་ཏ་ནི་བོད་སྐད་དུ།   ལེགས་པར་སྦྱར་བ་འམ་ལེགས་པར་འདུས་པ་སྟེ་སཾ་སྐྲྀ་ཏ་ལྷའི་སྐད་ཅེས་རྒྱ་བལ་སོགས་ཀྱི་མཁས་པའི་ཁྲོད་དང་རིགས་གོང་མ་རྣམས་ཀྱིས་བཀོལ་བའི་སྐད་བརྡ་ཉིད་དུ་ཆགས།    ལེགས་སྦྱར་འདི་གདོད་མའི་དུས་སུ་ཕྱི་དུས་ནང་བཞིན་དབྱངས་གསལ་གྱིས་མཚོན་ཏེ་ཐ་སྙད་ཀྱི་རྣམ་གྲངས་དང་བཅས་པ་ཕུན་སུམ་ཚོགས་པ་ཞིག་མེད་པའི་ཚོད་དུ་འདུག་ཀྱང་རིམ་གྱིས་ལེགས་པར་སྦྱར་ཏེ་ཕུན་སུམ་ཚོགས་པའི་སྐད་ཡིག་ཅིག་ཏུ་གྲུབ།   གང་ལས་ལེགས་པར་སྦྱར་ན་རྒྱ་གར་ནུབ་རྒྱུད་ཀྱི་གདོད་མའི་དྲ་ཝི་ཌ་མི་རིགས་རང་སའི་སྐད་ཀྱི་ཆ་ཤས་དང་།   ཨཱརྱ་ཎའི་མི་རིགས་ཁོ་རང་ཚོའི་སྐད་ཀྱི་བྱིངས།   པྲ་ཀྲྀ་ཏ་ཡུལ་མི་རང་བཞིན་པ་གཞན་དང་གཞན་གྱི་སྐད་ལས་ལེགས་པའི་ཆ་བསགས་ནས་གྲུབ་པའི་ལུང་སྟོན་པའི་རྣམ་བཞག་ཅིག་གོ །བྱུང་རབས་སྨྲ་བ་ལ་ལྗགས་རྩེ་གློག་བཞིན་འཁྱུག་པའི་རྒྱལ་སྤྱིའི་མཁས་དབང་གང་མང་ཞིག་གིས་ལེགས་སྦྱར་སཾ་སྐྲྀ་ཏའི་སྐད་ཀྱི་བྱུང་བ་ལ་དུས་རིམ་གསུམ་དུ་འབྱེད་དེ།  
རིག་བྱེད་ལེགས་སྦྱར་གྱི་དུས་རབས་དང་།   སྒྲུང་རབས་ལེགས་སྦྱར་གྱི་དུས་རབས།   བརྡ་སྤྲོད་ལེགས་སྦྱར་གྱི་དུས་རབས་པའོ། དང་བོ་རིག་བྱེད་ལེགས་སྦྱར་གྱི་དུས་རབས་ནི།  བྲམ་ཟེ་རྣམས་ཀྱིས་ངེས་བརྗོད་རིག་བྱེད་སོགས་རིག་བྱེད་སྔ་མ་གསུམ་འདོན་པའི་དུས་ཡུན་རིང་བོའི་ནང་དག་ལ་འཇོག་པ་དང་།   

གཉིས་པ་སྒྲུང་རབས་ལེགས་སྦྱར་ནི།  མ་ཧཱ་བྷ་ར་ཏཱ་རཱ་མ་ཡ་ཎ་སོགས་སྒྲུང་མང་བོ་ཞིག་བློ་ཐོག་ནས་འཆད་པའི་དུས་ཡུན་རིང་མོའི་ནང་སྟེ་འདི་དག་ཀྱང་སྤྱི་ལོའི་གོང་གི་ལོ་ཆིག་སྟོང་ཡས་མས་སུ་འཇོག
གསུམ་པ་བརྡ་སྤྲོད་ལེགས་སྦྱར་གྱི་དུས་ནི། བྲམ་ཟེ་པཱ་ཎི་ནིས་པཱ་ཎི་ནི་བྱཱ་ཡ་ཀ་རའི་མདོ་བརྩམས་པ་ནས་འཇོག་སྟེ།   དེའི་སྔ་རོལ་ཏུ་ལེགས་སྦྱར་གྱི་དབྱངས་གསལ་ཡིག་རིས་སུ་ཕབས་ནས་ཀྱང་ལོ་བརྒྱ་ཕྲག་ཁ་ཤས་སོང་ཟིན་པར་འདོད་དགོས་ཤིང་།     ཡིག་རིས་སུ་ཕབས་པ་དེ་ཉིད་ཀྱི་གཟུགས་ཇི་ལྟ་བུ་ཞིག་ཡོད་ཅེ་ན་འདི་ལ་བྲ་ཧྨའི་ཡིག་གཟུགས་ཞེས་རྒྱ་གར་དུ་བྱུང་བའི་ཧ་རཔ་པའི་འདྲ་གཟུགས་ཡི་གེའི་རྗེས་ཀྱི་ཆེས་སྔ་བའི་ཡིག་གཟུགས་ཤིག་ཡིན་མོད།    མིང་ཙམ་ལས་ད་སྔར་མཚན་གཞི་ཞིག་སྟོན་དུ་མ་རྙེད།   ཆེ་ལོང་དུ་བརྟག་ན་ཆོས་རྒྱལ་མྱ་ངན་མེད་ཀྱི་དུས་བཀོལ་མྱོང་བའི་བྲག་བརྐོས་ཡི་གེ་དང་ཆ་འདྲ་བ་ཞིག་ཡིན་པར་བཟུང་ཆོག   དེས་ན་བརྡ་སྤྲོད་ལེགས་སྦྱར་གྱི་དུས་གང་ནས་དར་བའི་མཚམས་སྒྲ་པཱ་ཎི་བ་འདི་ནི་སྤྱི་ལོའི་གོང་གི་ལོ་བཞི་བརྒྱ་ཡས་མས་ཤིག་ལ་བྱུང་བ་ཡིན་ནོ་ཞེས་མཁས་པ་ལ་ལས་བཤད་ཀྱང་ཕྲན་གྱིས་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་ནང་གི་བྲམ་ཟེ་པཱ་ཎི་ནིའི་བྱུང་བ་དང་བསྟུན་བྲམ་ཟེ་འདི་ཆོས་རྒྱལ་མྱ་ངན་མེད་ཀྱི་ཚ་བུ་དགའ་བོ་དང་གྲོགས་པོ་ཡིན་པའི་སྒྲོས་སོགས་ལས་དཔག་སྟེ་སྤྱི་ལོའི་གོང་གི་ལོ་ཉིས་བརྒྱ་ཙམ་ལ་འདོད་བཞིན་ཡོད།   རྒྱུ་མཚན་ཅིའི་ཕྱིར་ན་སྤྱི་ལོའི་གོང་གི་ལོ་བརྒྱ་དང་བརྒྱད་ཅུ་ནས་རྨ་བྱའི་རྒྱལ་རབས་གཞི་མེད་དུ་འཇིག་ཅིང་།   དེའི་གོང་དུ་མི་རབས་གཉིས་གསུམ་ཙམ་ཞིག་དང་ཨ་ཤྭ་ཀས་སྤྱི་ལོའི་གོང་གི་ལོ་ཉིས་བརྒྱ་དང་དྲུག་ཅུ་བདུན་ཅུ་ནས་ལོ་སུམ་ཅུ་ཙམ་ལ་དབང་བསྒྱུར་བ་སོགས་ལྷུ་སྒྲིག་ན་ཧ་གོ་བར་འགྱུར།   སྤྱི་ལོའི་གོང་གི་ལོ་ཆིག་སྟོང་ཡས་མས་ནས་བཟུང་སྟེ་བརྡ་སྤྲོད་པཱ་ཎི་ནིའི་གཞུང་མ་དར་བར་གྱི་ལོ་བརྒྱ་ཕྲག་མང་བོའི་ནང་ལེགས་སྦྱར་སྟོན་པའི་བརྡ་སྤྲོད་ཀྱི་གཞུང་ཕྲན་བྱེ་བྲག་པ་རེ་འགའ་ཡོད་སྲིད་མོད།   པཱ་ཎི་ནི་འདི་ལས་ལྷག་པ་ཞིག་བྱུང་བའི་ལོ་རྒྱུས་མེད།  རྨ་བྱའི་རྒྱལ་རབས་ཀྱི་མཇུག་ཏུ་བྱོན་པའི་རྒྱ་གར་ནུབ་ཕྱོགས་ཀྱི་བྲམ་ཟེ་པཱ་ཎི་ནི་ཞུ་བའི་མཁས་པ་ཆེན་པོ་འདིས་ལྷག་པའི་ལྷའི་མཐུ་ལ་བསྟེན་ནས་འཇིག་རྟེན་ངོ་མཚར་སྐྱེད་པའི་སྒྲ་མདོ་འདི་བརྩམས་པ་ནས་དེང་གི་བར་རྒྱལ་སྤྱིའི་སྟེང་ན་ལེགས་སྦྱར་གྱི་ཕྱོགས་སུ་འདི་ཉིད་ཁོ་ན་འཕྲིན་ལས་ཀྱི་འཇུག་པ་གཟེངས་སུ་མཐོ།    བོད་གངས་ཅན་གྱི་ལྗོངས་འདིར་ནི་སྤྱི་ལོའི་དུས་རབས་བཅུ་བདུན་པའི་ནང་རྒྱལ་དབང་ལྔ་བ་ཆེན་པོའི་བཀས་བསྐུལ་བ་ལྟར།   གཙང་འདར་སྟོད་སེའི་རིགས་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་པ་ངག་དབང་ཕུན་ཚོགས་ལྷུན་གྲུབ་བམ་ཚེ་དབང་རབ་བརྟན་རྡོ་རྗེས་པཱ་ཎི་ནི་རྩ་འགྲེལ་བོད་སྐད་དུ་བསྒྱུར་བ་ལ་ལེགས་བཤད་ནོར་བུ་འདྲེན་པའི་ཤིང་རྟ་ཞེས་པའི་མིང་བཏགས་ཡོད། སྐབས་དེའི་ཁོང་གི་པཎྜི་ཏའི་སློབ་དཔོན་ནི་རྒྱ་གར་ནུབ་ཕྱོགས་ཀུ་རུ་ཀྵེ་ཏྲ་སྟེ་སྒྲ་ངན་ཡུལ་ནས་ཕེབས་པའི་བྲམ་ཟེ་སྤུན་མཆེད་གཉིས་ཏེ་མཚན་ལ།     བ་ལ་བྷ་དྲ་དང་།  གོ་ཀུ་ལ་ནཱ་ཐ་མི་ཤྲ་ཞུ་བའོ། །སྔ་མའི་མིང་དོན་གོ་སླ་ལ་ཕྱི་མ་འདིའི་མིང་ལ་་་་བ་རིགས་མགོན་པོ་འདྲེས་་་་ཞེས་བདག་གིས་བསྒྱུར།  གཞུང་འདི་བསྒྱུར་ཟིན་ཙམ་མ་གཏོགས་དཔེ་ཁྲིད་འཆད་ཉན་གྱི་རྒྱུན་བྱུང་མི་འདུག  དེ་བཞིན་དུ་སི་ཏུ་པཎ་ཆེན་ལྟ་བུས་ཀྱང་བལ་ཡུལ་གྱི་སློབ་དཔོན་་་བིཥྞུ་སྟེ་ཁྱབ་འཇུག་གི་མདུན་ནས་སྒྲ་པཱ་ཎི་ནི་ཞུས་པའི་ལོ་རྒྱུས་འདུག་མོད་ཁྲིད་རྒྱུན་གནང་བའི་སྒྲོས་མི་འདུག  ཕྱིས་སུ་དུས་རབས་ཉི་ཤུ་བའི་ལོ་རབས་དགུ་བཅུའི་ནང་བླ་བྲང་དུས་འཁོར་གྲྭ་ཚང་གི་ཨ་ཁུ་ཤེས་རབ་ཆོས་འཕེལ་ཚང་རྒྱ་གར་དུ་ཕེབས་ཏེ་རྒྱ་གར་ཝཱ་རཱ་ཎ་སཱིའི་སློབ་གླིང་གི་བྲམ་ཟེའི་སློབ་དཔོན་ཙ་ཏུར་བེ་དཱི་སྟེ་རིག་བྱེད་བཞི་ལྡན་ཟེར་བའི་དྲུང་ཆེད་གཉེར་གྱིས་ཞུས་པ་ལྟར་སྒྲ་མདོ་པཱ་ཎི་ནིའི་ཁྲིད་རྒྱུན་ཆ་ཚང་བླངས།      ཁོང་ཕྱིར་ཕེབས་ནས་པེ་ཅིན་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནས་མདོ་དབུས་ཁམས་གསུམ་གྱི་སློབ་མ་མང་བོར་འདར་འགྱུར་གྱི་སྟེང་ནས་གནང་བས་ད་ལྟའི་དུས་སུ་ནི་བོད་ཁམས་སུ་པཱ་ཎི་བའི་ཁྲིད་རྒྱུན་ཡོད་པའི་རྩིས་བྱེད་དོ། །  
པཱ་ཎི་ནིའི་འཁྲུངས་སྐོར་ཞུས་ཟིན།  
གཉིས་པ།    སྒྲ་མདོ་ཀ་ལཱ་པ་་་་ནི་སྔ་རབས་བོད་ཀྱིས་བྲིས་པའི་ལོ་རྒྱུས་རྣམས་སུ།    མགོན་པོ་ཀླུ་སྒྲུབ་ཀྱི་སྐུ་དུས་ཡས་མས་ཤིག་ནས་རྒྱལ་བོ་བདེ་བྱེད་བཙུན་མོ་དང་ལྷན་ཅིག་ཆུ་ལ་རྩེ་སྐབས་སྒྲ་ཤེས་པའི་བཙུན་མོས་་་མཱཾ་མོ་ད་ཀ་སིཉྩ་་་འདི་ལ་བོད་ཡིག་རྣམས་སུ་མ་དག་པ་སྣ་ཚོགས་བྲིས་མོད།   མེ་མོ་ད་ཀ་སིཉྩ་དང་།   ཡང་ན།  མཱཾ་མོ་ད་ཀ་སིཉྩ་ཞེས་པ་དག་ཚུལ་སྒྲ་སྒྲུབ་དང་བཅས་པ་ཁོ་བོས་ལོགས་སུ་བྲིས་ཡོད།   འདིར་བྲིས་ན་ཉོག་འགྲོ་བས་གཡུག་ཞོག        མཱཾ་མོ་ད་ཀ་སིཉྩ།   བདག་ལ་ཆུ་མ་འཐོར་ཞེས་ལེགས་སྦྱར་གྱིས་སྨྲས་པར་རྒྱལ་བོས་དོན་མ་གོ་མོད།   ཏིལ་གྱི་ལ་ཏུ་བྱིན་ཟེར་བ་ལོས་ཡིན་སྙམ་ནས་བྱིན་པས་བ་ལང་དང་འདྲ་བའི་རྒྱལ་བོ་འདི་དང་ལྷན་ཅིག་སྙམ་ནས་བཙུན་མོས་སེམས་སྡུག་བྱས་པ་ལ་བརྟེན་ནས་རྒྱལ་བོས་སྒྲ་སློབ་པར་ཁས་བླངས།  རྒྱལ་བོས་སྒྲ་བསླབ་ན་ཆབ་སྲིད་ལ་གནོད་ཀྱིས་དོགས་ཏེ་རང་གི་ཞང་བོ་དབང་ཕྱུག་གོ་ཆས་ངས་ཐོག་མར་བསླབ་ཏེ་ཁྱོད་ལ་སྟབས་བདེར་འཁྲིད་ཅེས་ཆད་བྱས་པ་ལྟར།   གཞོན་ནུ་གདོང་དྲུག་རིག་སྔགས་ཀྱིས་བཀུག་སྟེ་ལྷ་གཞོན་ནུ་གདོང་དྲུག་གིས་གཞུང་འདི་གནང་བ་ཡིན་ནོ་ཞེས་ཡོངས་སུ་གྲགས།  འོན་ཀྱང་བྱུང་རབས་སྨྲ་བ་རྣམས་ཀྱིས་སྒྲ་མདོ་འདི་དེ་འདྲའི་དུས་སྔ་བོ་ཞིག་ནས་ཐོན་ཡོད་པར་ཁས་མི་ལེན།  ཐང་ཞོན་ཙང་གིས་རྒྱ་གར་ནུབ་ཕྱོགས་ཞིང་གི་བཀོད་པ་ལས་ཀྱང་།  སྤྱི་ལོའི་དུས་རབས་བདུན་པའི་ནང་དེར་དཔལ་ནཱ་ལན་དཱའི་སློབ་གླིང་ཆེན་མོ་དེར་མཁས་པའི་དབང་བོ་སྟོང་ཕྲག་ལྷག་བཞུགས་པའི་ནང་ལེགས་སྦྱར་བརྡ་སྤྲོད་པའི་གཞུང་མི་མཁྱེན་པ་མང་དུ་ཡོད་ཚུལ་གསུངས་ཤིང་།  དེའི་ཞར་ལ་སྐབས་དེར་ལྷོ་ཕྱོགས་ན་དམངས་ཕལ་བས་ཀྱང་ཅུང་ཙམ་ལས་སླ་བོར་བསླབ་ཆོག་པའི་བརྡ་སྤྲོད་ཀྱི་གཞུང་འདུམ་སླ་བ་ཞིག་དར་བཞིན་ཡོད་ཅེས་ཁ་འཕང་གནང་བ་འདི་ཕལ་ཆེར་ཀ་ལཱ་པའི་གཞི་ལོས་ཡིན་སྙམ་པ་ཞིག་ལས་དེའི་སྔ་རོལ་ཏུ་སྒྲ་མདོ་འདི་འདྲ་ཞིག་ཡོད་པའི་ཁུངས་སྐྱེལ་ཚད་ལྡན་ད་སྔར་མ་བྱུང་།  རིགས་པས་གཞལ་ན་དེ་དུས་ཤིག་ནས་ཡུལ་གྲུ་དེ་དག་ཏུ་ག་ལེར་དར་བཞིན་འདུག་གོ་སྙམ་པ་ཞིག་ཡིན།   དེ་ཡང་དཀྱུས་གཅིག་ཏུ་བརྩམས་པ་ཞིག་མ་ཡིན་པར་ག་ལེར་རྣམ་པ་ཇེ་ལེགས་སུ་སོང་ནས་རང་རེའི་་ཡུལ་དུ་དཔལ་ས་སྐྱ་བས་དབང་སྒྱུར་བའི་ཡར་སྔོན་ཞིག་ད་ཡོད་ཀྱི་ཀ་ལཱ་པ་རྩ་འགྲེལ་དང་བཅས་པ་ཆ་ཚང་གྲུབ་ཟིན་ཡོད་པ་སྨྱོན་མེད་རེད།        གངས་ཅན་བོད་ཀྱི་སྐད་དུ་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་ནང་ཤོང་སྟོན་ཡབ་སྲས་ཀྱི་བཀའ་དྲིན་ལ་བརྟེན་ནས་འགྲེལ་བ་ཆ་ལག་དང་བཅས་པ་མང་བོ་ཞིག་བསྒྱུར།  དེ་ནས་ཡུལ་གངས་ཅན་གྱི་ལྗོངས་འདུར་སྒྲ་མདོ་འདིའི་འཕྲིན་ལས་ཤིན་ཏུ་རྒྱས་ཏེ་ས་སྐྱའི་བླ་མ་དམ་པ་བསོད་ནམས་་རྒྱལ་མཚན་སོགས་མཉམ་མེད་ཙོང་ཁ་བ་ཆེན་པོའི་སྐུ་དུས་ཡས་མས་ཀྱི་བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཕལ་མོ་ཆེས་འདི་ལ་ཊཱི་ཀ་དང་མཆན་སོགས་གཞུང་འགྲེལ་རྒྱས་བསྡུས་སྣ་ཚོགས་ཤིག་བྲིས་མྱོང་།    སྐབས་དེར་པཱ་ཎི་བ་དང་དབྱངས་ཅན་མ་འགྱུར་མེད་ལ་ཙཱནྡྲ་པ་འགྱུར་ཡོད་ཀྱང་འཆད་ཉན་དེ་ཙམ་ཞིག་དར་བའི་ལོ་རྒྱུས་མི་འདུག
ཀ་ལཱ་བའི་འཁྲུངས་སྐོར་ཞུས་ཟིན།  
གསུམ་པ།   སྒྲ་མདོ་ཙནྡྲ་པ་་་་་འདི་ནི་དཔལ་ལྡན་ཟླ་བ་གྲགས་པའི་སྐུ་དུས་སུ་དཔལ་ནཱ་ལནྡཱའི་ཆོས་སྡེར་ཟླ་གྲགས་ཁོང་དང་བཅས་པའི་མཁས་དབང་མང་བོས་སྲི་ཞུ་བཀུར་སྟི་བླ་མེད་བྱེད་མྱོང་བའི་དགེ་བསྙེན་ཙནྡྲ་ཞེས་པའི་རྣམ་རིག་སྨྲ་བའི་ཤིང་རྟའི་སྲོལ་འཛིན་གྱི་མཁས་པ་ཆེན་པོ་གང་ཉིད་ཀྱིས་བརྩམས་ཚུལ་ལོ་རྒྱུས་དང་བཅས་པ་རྣམ་ཐར་གྱི་ཡི་གེ་ཆེན་མོ་རྣམས་སུ་རྩོད་མེད་དུ་བཀོད་ཡོད་པས་འདིར་བསྐྱར་ཟློས་སྤངས་ཏེ།  བོད་སྐད་དུ་འགྱུར་ཕྱིན་དཔལ་ཁང་ལོ་ཙཱ་བ་དང་།  ཞ་ལུ་ལོ་ཆེན་སོགས་ཀྱིས་འཆད་ཉན་དང་བཤད་སྦྱར་རེ་གཉིས་བཀོད་པ་ལ་སི་ཏུ་པཎ་ཆེན་གྱིས་སྐབས་དང་སྐབས་སུ་དགག་པ་བརྒྱབ་ཡོད།  ཀརྨ་སི་ཏུ་པཎ་ཆེན་ཁོང་ཆུང་དུས་ནས་སྐྱེས་སྟོབས་ཀྱི་ཤེས་རབ་མེ་ལྟར་འབར་ཞིང་ལེགས་སྦྱར་ལ་ལྷག་ཏུ་ཐུགས་མོས་ཆེ།   དགུང་ལོ་བདུན་གྱི་སྟེང་ནས་མཁན་ཆེན་དཔལ་གྲུབ་ཚང་གི་མདུན་ནས་སྒྲ་སྙན་རྩིས་གསུམ་སོགས་ཐ་སྙད་རིག་པའི་གནས་ལ་སྦྱོང་བའི་དབུ་བཙུགས།  དགུང་ལོ་ཉེར་གཉིས་ཏེ་སྤྱི་ལོ་་་་༡༧༢༡་་་་ལོར་ཀརྨ་བ་ཞྭ་དམར་ནག་དང་ལྷན་བལ་ཡུལ་དུ་ཕེབས།  རྒྱ་གར་གྱི་ཡུལ་ཏི་ར་ཧུ་ཏི་ནས་ཡིན་པའི་པཎྜི་ཏ་མཁས་ཤོས་སུ་གྲགས་པ་བིཥྞུ་ཟེར་བའི་མདུན་ནས་སྒྲ་པཱ་ཎི་ནི་དང་དབྱངས་ཅན་མ་ཆ་ཚང་སྦྱངས།   དེ་ཀར་རྒྱ་བལ་གྱི་པཎྜི་ཏ་་་པ་དྷུ་ས་ན་དང་།   བིཥྞུ་པ་ཏི།   ཀཱ་ལ་ནཱ་ཡ།  ཛ་ཡ་མངྒ་སོགས་དང་ཡུན་རིང་བགྲོ་གླེང་གནང་སྟེ་སྒྲ་དང་།   སྙན་ངག  མངོན་བརྗོད་སོགས་ཀྱི་དོགས་གནས་མང་བོ་བཀྲོལ།  དགུང་ལོ་ཉེར་གཅིག་སྟེང་ནས་པཎྜི་ཏ་དང་ལྷན་ཅིག་སྒྲ་སྙན་སོགས་ཀྱི་དོགས་གནས་གསེད་བཀྲོལ་ཐུབ་ཚུལ་གྱི་ཤུགས་ལས་ཁོང་གི་ལེགས་སྦྱར་གྱི་ཆུ་ཚད་རྗེས་སུ་དཔོག་ཐུབ།  དེ་ཡང་རང་ཉིད་ཀྱིས་ལེགས་སྦྱར་རྐྱང་བའི་ལམ་ནས་གནང་བ་ལས་བར་དུ་ལོ་ཙཱ་བཞག་པ་དང་ཕྲལ་སྐད་ཀྱིས་གླེང་མོལ་བྱས་པ་མ་ཡིན་པ་རང་རྣམ་ལས་དཔོག་སྟེ།   རང་རྣམ་ལས།  ༼ ཡུལ་ཏི་ར་ཧུ་ཏི་ནས་ཡིན་པའི་བྲམ་ཟེའི་པཎྜི་ཏ་མཁས་ཤོས་སུ་གྲགས་པ་དངོས་མིང་ལ་པཙྪུ་ར་ཨོ་ཇ།  पच्छुरओज।      རིག་བྱེད་ཀྱི་མིང་བིཥྞུ་པ་ཏི་དང་ཞལ་བརྡ་བྱས།  རིང་ཐུང་དང་སྒྲ་ཟུར་སོགས་དཔྱིས་ཕྱིན་པར་མ་འཁྱོར་བས།   ཁོས་ཀྱང་འཕྲལ་དུ་སྐྱོན་གདགས་པར་བྱེད་ཅིང་།  རང་ཡང་ངོ་གནོང་བར་འདུག་པས། ཐོད་ལེ་ཀོར་གྱི་ཞལ་ལ་ཡི་གེ་འབྲི་ཞིང་མོལ་མཆིད་བགྱིས།  ཕྱིས་འགྲུས་པར་བྱུང་ནས་ངག་གིས་མོལ་བདེ་བར་བྱུང་། ༽  ཞེས་དང་།  ༼འདི་སྐབས་བལ་བོའི་ཁྲོད་ནས་རཏྣ་མུ་ནི་ཟེར་བའི་གུར་བྷ་དུས་དེ་ཙམ་ན་བལ་བོའི་ཡུལ་དུ་སྒྲ་ཚད་ལ་མཁས་ཤོས་སུ་གྱུར་བ་ཞིག་དང་།  དེའི་གྲོགས་པོ་སིདྡྷེཤྭ་ར་ཟེར་བ་གཉིས་ངེད་ལ་གདམས་ངག་ཞུ་དགོས་ཞེས་ནན་ཏན་བྱེད་ཀྱིན་འདུག་པས་ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་དང་ཡིག་བརྒྱའི་སྒོམ་ལུང་ཞིག་ཕོག༽  ཞེས་དང་།      ༼བལ་ཡུལ་དེར་འབུ་སྦྲང་མང་བོ་ཡོད་པས་ཕོར་བའི་ཁར་བབས་ནས་ཇ་དང་ལོ་ཚོད་སོགས་ལ་ཆེར་གནོད་པས་དེ་འགེབ་པའི་ཕྱིར་དངུལ་གྱི་ཁ་ལེབ་ཅིག་ལ་ཉམས་མཚར་གྱིས་ན་ག་རཱིའི་ཡི་གེར་ལེགས་སྦྱར་སྐད་དུ།
लक्ष्मीलक्ष्मीश्च  संघानां   
प्राप्तप्राप्तां  च धर्मताम्।  
ज्ञानज्ञानं सदर्थाणां।
सिद्घिसिद्घिश्च  मारज़ित्।।
शुभमस्तु
ལཀྵྨི་ལཀྵྨི་ཤྩ་  སཾ་གྷཱ་ནཱཾ། །
པྲཱཔྟ་པྲཱཔྟཱཾ ཙ དྷརྨ་ཏཱཾ། །
ཛྙཱ་ནཾ་ཛྙཱ་ནཾ་   ས་དརྠཱ་ཎཱཾ། །
སིདྡྷི་སིདྡྷི་ཤྩ་  མཱ་ར་ཛི་ཏ། །
              ཤུ་བྷ་མསྟུ།   
ཅེས་པའི་སྙན་ངག་དེ་མཐོང་བའི་མོད་ནས་རྒྱ་བལ་གྱི་པཎྜི་ཏ་རྣམས་ཤིན་ཏུ་མགུ་ནས་མཁས་པའི་མཐོང་ཆེན་པོ་བྱེད་ཀྱིན་འདུག་གོ  །༽   ཞེས་སོགས་གསུངས་ཚུལ་ལས་དཔག་ན་གོ་ཐུབ།   དེ་བོད་སྐད་དུ་ཁོང་གིས་སློབ་མ་ཞིག་གིས་ཕྱིས་སུ་འདི་ལྟར་བསྒྱུར་འདུག  
ཕུན་ཚོགས་ཕུན་ཚོགས་ཡང་དགེ་འདུན། ཐོབ་པོ་ཐོབ་པོ་ཡང་ཆོས་ཉིད། ཤེས་སོ་ཤེས་པ་དམ་པའི་དོན། གྲུབ་པོ་གྲུབ་པ་ཡང་བདུད་རྒྱལ། དགེ་བར་ཤོག   བོད་སྐད་དུ་བསྒྱུར་བ་འདི་ལེགས་སྦྱར་དང་ཐད་ཀར་བསྟུན་ཅི་ཐུབ་བྱས་པས་དེ་ཙམ་སྙན་པའི་སྣང་བ་མི་འཆར།     སི་ཏུ་པཎ་ཆེན་འདི་ཚང་གིས་རྒྱ་ནག་གི་སྐད་ཡིག་ཀྱང་ཡག་པོ་མཁྱེན་ཚོད་རེད་དེ།  རང་རྣམ་ལས།  ༼ས་དམ་རྒྱལ་བོས་རྒྱ་ནག་སྐད་དུ་བརྩམས་པའི་སྒྲོལ་མའི་བསྟོད་པ་བོད་སྐད་དུ་བསྒྱུར༽

ཞེས་ཀྱང་གསུངས་འདུག་པའི་ཕྱིར།  བིཥྞུ་པ་ཏི་ཞེས་པའི་པཎ་ཆེན་འདིའི་མདུན་ནས་ཁོང་གིས་པཱ་ཎི་ནི་དང་དབྱངས་ཅན་མ་བསྐྱར་དུ་སྦྱངས་འདུག་ཅིང་།     ཕྱིས་སུའང་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་དང་སྐུ་དྲག་ལྕང་ལོ་ཅན་སོགས་ལ་འདར་ལོའི་དབྱངས་ཅན་མ་ཁྲིད་སྐབས་སྐབས་དང་སྐབས་སུ་དགག་བཞག་གནང་ཞིང་།  འདར་ལོ་ཙཱ་བའི་འགྱུར་འདིར་ལེགས་པའི་སྐོར་ལས་གཞན་གཏིང་མ་དཔོག་པའི་སྐོར་ལ་སུན་འབྱིན་གནང་བས་རང་རྣམ་ལས་ཀྱང་མདོ་མཁར་ཞབས་དྲུང་སོགས་ལ་འདར་འགྱུར་གྱི་འགྲེལ་བ་གསལ་ལྡན་ཁྲིད་སྐབས་འདར་འགྱུར་ལ་དགེ་མཚང་ཅི་ཡོད་ཧ་གོ་བར་བྱས་ཡོད་ཚུལ་གསུངས་འདུག    འདར་ལོ་མ་ཟད་ཁོང་གི་བྲམ་ཟེའི་སློབ་དཔོན་སྐུ་མཆེད་གཉིས་ཀྱང་ལེགས་སྦྱར་ལ་དེ་ཙམ་མཁས་པ་ཡིན་པར་ཁས་མི་ལེན།  དེ་ལྟར་རང་རེའི་མཁས་པ་སྔ་མ་དེ་དག་གི་འགྲེལ་བཤད་མང་བོ་ཞིག་ཐུགས་ལ་མ་བབས་པའི་རྐྱེན་བྱས་པས་ཁོང་གིས་ཙནྡྲ་པའི་འགྲེལ་ཆེན་པོ་ཏི་གསུམ་ལོངས་པ་ཞིག་བརྩམས་ཤིང་།   སྒྲ་མདོ་དབྱངས་ཅན་མ་ལ་གཞི་འགྱུར་གནང་།  ཙནྡྲ་པ་འདི་ཉིད་ལ་ཐུགས་ཤིན་ཏུ་འགྲུས་པ་གནང་འདུག་སྟེ་ཕྱིས་སུ་ཁོང་གི་ཐུགས་བཀོད་བཞིན་ཤིང་པར་དུ་བསྒྲུབས་པ་དཔལ་སྤུངས་པར་མ་ལྟ་བུར་མཚོན་ན་ཡིག་ཚུགས་དང་དག་ཆ་ཤིན་ཏུ་ལེགས་ཤིང་།    པོད་གསུམ་ཀར་ཞུས་དག་ཞིབ་ཏུ་གནང་ཚུལ་མཛད་བྱང་ལས་གསུངས།     ཆོས་སྲིད་ཀྱི་བྱ་བཞག་དེ་ཙམ་ཞིག་ཆེ་ན་ཡང་མཇུག་མཐའི་ཞུ་དག་དབུ་ནས་མཇུག་བར་ཁོང་རང་ཉིད་ཀྱིས་ཞིབ་ཏུ་གནང་ཚུལ་ལ་བསམ་ན་རྗེས་སུ་ཡི་རང་གི་གནས་སུ་མཆིས།  
དེས་ན་བླ་མ་ཁོང་ཉིད་ཀྱི་བཀའ་དྲིན་ལ་བརྟེན་ནས་འདི་ཉིད་ཀྱི་ཁྲིད་རྒྱུན་ཕྱི་དུས་བར་བྱུང་སྟེ་ཁྲོ་རུ་མཁན་པོ་ཚེ་རྣམ་ཚང་གིས་གནང་བ་ལྟར་ད་ལྟའི་དུས་མདོ་དབུས་ཁམས་གསུམ་དུ་གཞུང་ཁྲིད་ཆེན་པོ་བྱེད་མཁན་མ་ཐོས་མོད་ཁྲིད་རྒྱུན་བཞུགས་པའི་ངང་ཚུལ་དེ་ལྟར་ལགས།
ཙནྡྲ་པའི་འཁྲུངས་རབས་སྐོར་ཞུས་ཟིན་ཏོ།།
བཞི་བ།      སྒྲ་མདོ་དབྱངས་ཅན་མ་འདི་ནི།  རང་རེའི་ལོ་རྒྱུས་རྣམས་སུ་བཀོད་པ་ལྟར་ན།   ལྷ་མོ་དབྱངས་ཅན་མས་དངོས་སུ་གནང་སྟེ་འདི་ཉིད་ཀྱི་ཤིང་རྟའི་སྲོལ་འབྱེད་སློབ་དཔོན་ཨ་ནུ་བྷཱུ་ཏི་སྭ་རཱུ་པཱ་ཙརྱ།    བོད་སྐད་དུ་སློབ་དཔོན་རྗེས་འབྱོར་བདག་ཉིད་་་ཞུ་བ་འདིས་དུས་རབས་བཅུ་གཅིག་པའི་ནང་མཛད་པ་སྟེ་བི་ཀྲ་མ་ཤི་ལའི་མཁས་པ་སྒོ་དྲུག་དང་དུས་མཉམ་པར་གསུངས།  དེས་ན་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་སྟོད་ཙམ་ཡིན་དགོས།   མཁས་པ་སྒོ་དྲུག་ནི་ཤར་སྒོ་བ་རཏྣཱ་ཀ་ར་ཤཱནྟི།  ལྷོ་སྒོ་བ་པྲ་ཛྙཱ་ཀ་ར་གུཔྟ།  ནུབ་སྒོ་བ་ཝཱ་གཱི་ཤྭ་ར་ཀཱིརྟི།  བྱང་སྒོ་བ་ནཱ་རོ་ཏ་པ་པཱ་ད།   དབུས་ཀྱི་ཀ་ཆེན་དང་བོ་བྲམ་ཟེ་མ་ཧཱ་རཏྣ་བཛྲ།  ཀྭ་ཆེན་གཉིས་པ་ཛྙཱ་ན་ཤྲཱི་བྷ་དྲ་རྣམས་ཡིན།   བི་ཀྲ་མ་ཤི་ལའི་དགོན་པར་བཞུགས་ནས་མཚན་སྙན་རྒྱས་པས་དགོན་འདི་དང་འབྲེལ་བ་ཡོད་པའི་མཁས་པ་སྒོ་དྲུག་ཡིན།  ནཱ་ལནྡཱའི་མཁས་པ་སྒོ་དྲུག་ཅེས་འབྲི་བཞིན་པ་ནི་མ་དག་པ་ཞིག་ཨེ་ཡིན་སྙམ།   ཨ་ནུ་བྷཱུ་ཏི་རྗེས་འབྱོར་གང་ཞིག་ལ།   སྭ་རཱུ་པ་དང་།   སྭ་བྷ་ཝ།   སྭཱཏྨན྄་་་སོགས་རང་བཞིན་དང་བདག་ཉིད་སོགས་ལ་ཁྱབ་མཉམ་དུ་འཇུག་པས་རྗེས་འབྱོར་བདག་ཉིད་ལྟ་བུ་ཡིན་པ་ལ།    རྗེས་འབྱོར་བཟང་བོ་ཞེས་བསྒྱུར་དགོས་པའི་རྒྱུ་མཚན་གང་ཡིན་ཆ་མ་འཚལ།  གཞུང་འདི་ཀ་ཙན་སོགས་ལ་ལྟོས་ན་སྡེབ་གྲངས་སྣ་རིང་བརྒྱ་དང་ལྔ་བཅུ་ཙམ་གྱི་ནང་དུ་ལེགས་སྦྱར་བརྡ་སྤྲོད་ཀྱི་དཀའ་གནད་རྣམས་འདུས་པར་མཛད་ཡོད་པས་ཆེས་ཕུན་སུམ་ཚོགས་པ་དང་སྟབས་བདེའི་སྣང་བ་འཆར་མོད།  རྒྱ་བལ་ཁ་ཆེའི་ཡུལ་གྱི་པཎྜིའི་ཁྲོད་དུ་དེ་ཙམ་སྙན་གྲགས་བྱུང་བའི་ལོ་རྒྱུས་ཀྱི་བདེན་དཔང་མ་རྙེད།   དེང་གི་དུས་ལྟ་བུར་མཚོན་ན་ཡང་འཛམ་གླིང་ན་མཚན་སྙན་ཡོད་པའི་བལ་ཡུལ་གྱི་སློབ་དཔོན་ཀ་ཤི་ནཱ་ཐ་ནྱ་ཨུ་པ་ནི་སོགས་ཀྱང་ལེགས་སྦྱར་གཞུང་འདི་ལྟ་བུའི་སྟེང་ནས་སྦྱངས་པ་ཞིག་མ་རེད་ལ་ཡུལ་དབུས་ཝཱ་ར་ནཱ་སིའི་མཐོ་སློབ་ཁང་གི་སློབ་དཔོན་རྣམས་ཀྱངའདི་ཉིད་ཀྱི་སྟེང་ནས་སྒྲ་ལ་འཆད་ཉན་བྱེད་པའི་སྲོལ་མི་འདུག   བོད་སྐད་དུ་དུས་རབས་བཅུ་དྲུག་པའི་སྨད་ཙམ་ལ་བལ་ཡུལ་དུ་ལྷ་མཐོང་ལོ་ཙཱ་བས་ཕྱེད་ཙམ་བསྒྱུར་བ་དེ་ལ་ཁ་བསྐངས་ནས་ཇོ་ནང་ཏཱ་ར་ནཱ་ཐས་ཇོ་ཊཱིཀ་ཆེན་མོ་སྡེབ་གྲངས་སྣ་རིང་ལྔ་བརྒྱ་ཙམ་ཞིག་འགྱུར་མོད།   ཉོག་ཆེས་པའི་དབང་གིས་མཁས་པ་མང་བོ་ཞིག་གིས་གཞུང་འདི་ལ་བརྩམས་པ་ལས་འགྱུར་བའི་ཐ་སྙད་མི་འདུག་ཅེས་མ་རངས་པའི་གསུང་བྱོན་འདུག   དུས་ཕྱིས་རྒྱལ་དབང་ལྔ་བས་ཀྱང་ཇོ་ཊཱིཀ་ལ་བཀའ་བཀྱོན་དང་འབྲེལ་འདར་ལོ་ཙཱ་བ་ལ་བཀའ་བབས་ནས་སྡེ་བཞིའི་འབྱུང་གནས་ཕོ་བྲང་པོ་ཏ་ལར་སློབ་དཔོན་པཎྜི་ཏ་གཉིས་དང་ལྷན་ཅིག་ད་ཡོད་ཀྱི་དབྱངས་ཅན་སྒྲ་ཊཱིཀ་རྩ་འགྲེལ་འདི་འགྱུར་བ་ལགས།   འདི་ཉིད་འགྱུར་བའི་རྗེས་ནས་བོད་ཡུལ་དབུས་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་དང་།  རྩེ་སློབ་གྲྭ་ཆེན་མོ་སོགས་ནས་ལེགས་སྦྱར་ལ་མོས་པའི་སློབ་གཉེར་བ་གང་མང་མང་ཞིག་གིས་གཞུང་འདི་ཉིད་ཀྱི་སྟེང་ནས་སྒྲ་རིག་པ་སྦྱངས་ཏེ་བྱ་བྲལ་གྱི་མཆན།   ཚག་སྒུར་གྱི་མཆན་སོགས་ཕྱི་དུས་བར་འགྲེལ་བ་འགྲེལ་མཆན།   བྱིངས་སྒྲུབ་སྤྱི་དོན་སོགས་བོད་ཀྱི་མཁས་པས་མཛད་པ་གང་མང་མང་ཞིག་བྱུང་།  ཡིན་ན་ཡང་ཕར་བལྟས་ཚོད་ལ་རང་རེའི་བསྟན་པ་སྔ་དར་སྐབས་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཀ་ཅོག་ཞང་གསུམ་དང་།  ཕྱི་དར་དུས་ཀྱི་ལོ་ཆེན་རིན་བཟང་དང་།  རྔོག་ལོ་ཙཱ་བ་ཆེན་པོ་ལྟ་བུ་ནི་ལེགས་སྦྱར་དངོས་ཤེས་མཁན་གྱི་རིགས་ཡིན་པ་མང་དུ་བཤད་ཅི་དགོས།  ཆོས་རྗེ་ས་པཎ་དང་བུ་སྟོན་སོགས་ཀྱི་སྐབས་སུའང་ལེགས་སྦྱར་རང་གི་སྟེང་ནས་འཆད་རྩོད་རྩོམ་གསུམ་ཐུབ་པའི་མཁས་པ་བཞུགས།   རིམ་གྱིས་མདོ་སྔགས་རིག་གནས་དང་བཅས་པ་སྦྱངས་པར་བྱ་བའི་གནས་མཐའ་དག་རང་གིས་སློབ་ཐུབ་ན་བོད་ཡིག་གི་སྟེང་དུ་རྩ་བ་ཡན་ལག་དང་བཅས་པ་འགྱུར་ཟིན་པས་སྐད་ཡིག་གཉིས་པ་ཞིག་ལ་དོ་སྣང་བྱེད་མཁན་ཉིན་སྐར་བཞིན་གྱུར་བས་ཡིན་རྒྱུ་རེད།   ཕྱི་དུས་ཀྱི་བོད་ཀྱི་སྒྲ་བ་ཕལ་མོ་ཆེ་ཞིག་གིས་ནི་དཔེ་སྟེང་ནས་ལེགས་སྦྱར་སྒྲ་རིག་པ་ཁྲིད་ཟིན་པ་ཙམ་གྱིས་ཆོག་ཤེས་བསྟེན་ཏེ་བཞུགས་པས་དེང་གི་ཆར་ནི་བོད་ཡུལ་གང་བོ་ན་ལེགས་སྦྱར་དངོས་ཤེས་མཁན་གྱི་མཁས་པ་ནི་ཉིན་མོའི་སྐར་མ་བཞིན་གྱུར་ཏེ་ཕྱོགས་འདིར་སྐྱ་ཆད་སྔོ་སྡུག་གི་དུས་ཟེར་བ་དེ་བྱུང་འདུག་སྙམ། མཁས་དབང་དགེ་ཆོས་ཀྱིས།  ཁ་གྱ་རྒན་གྱའི་བར་ནི་རིང་བ་སྟེ། །དབུས་དང་ཨ་མདོའི་བར་དུ་ལྷག་ཏུ་རིང་། །
ལེགས་སྦྱར་དངོས་དང་སུམ་རྐང་དེ་བས་རིང་། །ཞེས་གསུངས་པ་ནི་ཐུགས་ཤིན་ཏུ་མད་དོ་སྙམ། འདི་ཡང་དཔེར་ན།  སོག་པོ་བོད་སྐད་མི་གོ་བ་ཞིག་གིས་བོད་ཀྱི་དབྱངས་གསལ་ཙམ་བསླབ།  སུམ་རྟགས་ཀྱི་ལ་དོན་དང་རྟགས་མཐའ་འདྲེན་ཚུལ་ཙམ་ཞིག་གོ་ནས་བོད་སྐད་སྟེང་ནས་བརྗོད་པ་ཐུང་ངུ་ཞིག་འབྲི་དགོས་པ་ལ་ཡང་ལག་ཐོགས་པ་དང་འདྲ།    དེང་གི་དུས་ལོ་ངོ་སྟོང་ཕྲག་དུ་མའི་གོང་རོལ་གྱི་སྐད་བརྡ་རྙིང་བ་འདིར་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་རྒྱལ་ཁབ་མང་བོར་འཕྱུར་བཞིན་འདུག་ལ།  རྒྱ་མི་རིགས་སོགས་འཛམ་གླིང་གི་མི་རིགས་གཞན་དང་གཞན་གྱི་ཁྲོད་ན་ལེགས་སྦྱར་ལ་བྱང་ཆུབ་པའི་མཁས་དབང་བྱུང་དང་འབྱུང་བཞིན་ཡོད་པ་ཁོ་བོས་ཚོར།  འདི་ཡང་གཙོ་ཆེར་འདས་པའི་དུས་རབས་གཉིས་ཙམ་གྱི་ནང་དབྱིན་ཇི་བ་རྣམས་ཀྱིས་རྒྱ་གར་མི་སེལ་སྤེལ་ཡུལ་ཏུ་བསྒྱུར་བ་ནས་ནུབ་ཕྱོགས་ཀྱི་ཞིབ་འཇུག་པ་མང་བོ་ཞིག་གཅིག་རྗེས་གཉིས་མཐུད་དུ་ཡོང་ནས་ལེགས་སྦྱར་གྱིས་མཚོན་པའི་རྒྱ་གར་གྱི་གནའ་བོའི་རིག་གནས་ལ་ཉམས་ཞིབ་དང་ཁྱབ་བསྒྲགས་རབ་དང་རིམ་པ་བྱས་པ་ལས་འཛམ་གླིང་ཤར་ནུབ་ཀུན་ཏུ་ཤུགས་རྐྱེན་དང་།   ཕྱོགས་སོ་སོར་ལེགས་སྦྱར་དང་ལེགས་སྦྱར་སྟོན་པའི་ཡིག་རིགས་སྣ་ཚོགས་ཀྱིས་མཚོན་པའི་སྣོད་བཅུད་གཉིས་ཀ་ལ་ཞིབ་འཇུག་བྱེད་པའི་དོ་སྣང་བྱུང་བས་ཡིན་པར་འདུག      རྒྱ་ནག་ལྟ་བུར་མཚོན་ན་ཡང་པེ་ཅིན་སློབ་གྲྭ་ཆེན་མོ་རྒྱལ་སྤྱིའི་སྐད་ཡིག་སྡེ་ཚན་གྱི་ཁྲོད་ན་ལེགས་སྦྱར་ཆེད་སྦྱོང་གི་སྡེ་ཚན་ཡོད་ཅིང་།  སྤྱི་ལོ་གཅིག་དགུ་ལྔ་བཅུ་ནང་ཡས་མས་སུ་མཁས་པ་ཆེན་པོ་ཅིན་ཁུ་མུས་དང་།   ཅིས་ཤན་ལེན་་་་སོགས་ཀྱིས་འཇར་མན་པས་བཟོས་པའི་ལེགས་སྦྱར་སྐད་ཡིག་ཆེད་སྦྱོང་གི་སློབ་དེབ་དེ་ཉིད་བསྒྱུར་བཟོ་བྱས་ཏེ་ཀུན་ལ་ཕན་པར་བྱས།  སློབ་དེབ་འདིར་འུ་ཅག་གི་དབྱངས་ཅན་མ་འདར་འགྱུར་གྱི་ཕྱེད་ཀ་ཙམ་ལས་མེད།  དུས་ཕྱིས་ལྷ་ས་བ་སྤེན་པ་རྒྱ་མཚོ་སོགས་ཀྱིས་དེ་ཉིད་བོད་འགྱུར་བྱས་ཏེ་སྟབས་བདེ་བར་བྱས་ཡོད་ཀྱང་སྤྱི་ཁྱབ་ནས་སློབ་མཁན་ཤིན་ཏུ་ཉུང་།  ངེད་ཅག་གི་སློབ་དཔོན་བལ་ཡུལ་སྒྲ་མཁན་པ་ཀ་ཤི་ནཱ་ཐ་ནྱ་ཨུ་པ་ནིས་མཛད་པའི་སློབ་དེབ་ཆུང་བ་ཞིག་ཡོད་པ་དེར་སྡེབ་གྲགས་ཉེར་དགུ་ཙམ་ལས་མེད།  དེའི་ནང་ལེགས་སྦྱར་བརྡ་སྤྲོད་པའི་དཀའ་གནད་ཡོངས་རྫོགས་ཕྱོགས་བསྡུས་ཚར་འདུག   ཁོང་གིས་གསུངས་པ་ལྟར་ན།  ལེགས་སྦྱར་ཟེར་བ་དེ་ཡང་སྐད་བརྡ་བྱེ་བྲག་པ་ཞིག་རེད།  མི་དབང་རྣོན་དོན་གཉེར་ཅན་ཞིག་གིས་ཉི་མ་རེ་རེར་སྡེབ་རེ་སྦྱངས་ན་ཟླ་བ་གཅིག་གིས་ལེགས་སྦྱར་བརྡ་སྤྲོད་པའི་འགྲོ་སྟངས་ཆ་ཚང་ཤེས་ཚར་བ་ཡིན་ཞེས་ཀྱང་གསུངས་ཀྱིན་འདུག་མོད་ངེད་ཅག་གིས་ཉིན་ཉེར་གསུམ་ལ་མུ་མཐུད་ནས་སྦྱངས་པ་བྱས་མོད་གོམས་ཆ་མ་སོང་ན་དེ་འདྲའི་ལས་སླ་མོ་ཞིག་ཀྱང་ཡིན་པར་མི་འདུག་ལགས་སོ།།    །།

དབྱངས་ཅན་མའི་སྐོར་ཞུས་ཟིན་ཏོ།  །
ལྷ་ཡི་ལམ་ལ་སྒྱུ་སྐར་བདག་པོའམ། །
པདྨོའི་མཚོ་ལ་ངང་མོ་རྩེན་པ་བཞིན། །
རབ་ཡངས་རྙོག་བྲལ་སེམས་ཀྱི་དགའ་ཚལ་དེར། །
རིང་དུ་གནས་ཏེ་སྤོབས་པ་མཆོག་སྩོལ་ཀྱེ། །


རབ་དང་ཤུགས་ལྡན་གདུང་བའི་ང་རོ་ཡིས། །

བསྟོད་པའི་མོད་ལ་རེ་བ་རྫོགས་མཛད་མ། །
སྒྲ་དབྱངས་ལྷ་མོ་ཚེ་རབས་ཐམས་ཅད་དུ། །

བདག་གི་སྙིང་དང་འབྲལ་བར་མ་གྱུར་ཅིག །
ཤཱ་ས་ན་དྷྭ་ཛས་སྤྱི་ལོ༢༠༢༡—༥—༣༠་་་ལ།

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།