རྭ་སྒྲེང་དགོན་པའི་རྟེན་གཙོ་བོ་ཇོ་བོ་འཇམ་དཔལ་རྡོ་རྗེ།

IMG_1615.jpgཁམས་གསུམ་བཟོ་བོས་འདུ་མ་བགྱིད་པར་མཐའ་འཁོབ་ཀྱི་སྐྱེ་བོ་འདུལ་བའི་གཉེན་པོར་རིགས་གསུམ་མགོན་པོའི་ཐུགས་རྗེས་དཀྲོང་བསྐྱེད་ཀྱིས་བཞེངས་པ་ཡིན་ཞིང་།   དེ་ནས་རིམ་པར་བདེ་བ་ཅན་སོགས་ཞིང་དུ་མར་བྱོན་ནས་རྒྱལ་པོ་ཟས་གཙང་དང་།རྒྱལ་བུ་དོན་གྲུབ་སོགས་ཀྱི་ཐུགས་དམ་མཛད་ནས་ལིའི་རྒྱལ་པོའི་ཕྱག་ཏུ་འབྱོར་ཞིང་།   དེ་ལས་འབྲོམ་གྱི་ཐབས་མཁས་ཀྱི་སྤྲུལ་པས་བླངས་ཏེ་ཇོ་བོ་ཆེན་པོར་ཕུལ།འབྲོམ་སྟོན་པས་ཇོ་བོ་རྗེ་ཐོག་མར་མཇལ་བའི་ཚེ་དཔལ་གསང་འདུས་པ་ལྷ་བཅུ་དགུའི་དཀྱིལ་འཁོར་གྱི་གཙོ་བོ་འཇམ་དཔལ་རྡོ་རྗེ་འདིས་མཛད་ནས་འབྲོམ་སྟོན་པ་ལ་དབང་བསྐུར་བའི་དུས་དཔལ་གསང་བ་འདུས་པའི་ལྷ་ཚོགས་ཞལ་གཟིགས་པའང་འདི་ལ་ཐིམ་ཞིང་།ཇོ་བོས་དགེ་བཤེས་སྟོན་པ་ལ་གནང་ངོ་། །གསུང་བྱོན་པའི་རིམ་པ་ཡང་། ལིའི་རྒྱལ་པོ་ཤེས་རབ་གོ་ཆར་གར་ལོག་དམག་གིས་བསྐོར་བའི་ཚེ་འཇམ་དཔལ་རྡོ་རྗེ་འདི་ལ་གསོལ་བ་བཏབ་པས།ཞལ་འཛུམ་པ་དང་བཅས།རྒྱལ་པོ་མ་འཇིགས་རང་སེམས་ལྷོད། །ཡི་དམ་ལྷ་ལ་བློ་ཁེལ་ན། །དགྲ་ཡི་འཇིགས་པ་སྨོས་ཅི་དགོས། །འཁོར་བའི་གཡུལ་ངོ་ཟློག་པར་ངེས། །གར་ལོག་དམག་རྣམས་ཕམ་པར་འགྱུར། །ཞེས་གསུང་བྱོན་པ་སོགས་གཞན་ཡང་མང་།མ་ཟད་ལོ་རྒྱུས་ལྟར་ན་བོད་ཀྱི་རྟེན་གསུམ་རྣམས་ཀྱི་ནང་ནས་ཆེས་སྔ་ཤོས་ཡིན་པར་སྣང་། རྒྱལ་བ་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་ཡང་ཇོ་བོ་འདིའི་སྐུ་མདུན་དུ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་ཟན་རིལ་བསྒྲིལ་ཏེ་ངོས་འཛིན་ཞུས་པ་ཤིག་ཡིན།   རིག་གསར་སྐབས་པཎ་ཆེན་བཅུ་པ་མཆོག་གིས་མ་འོངས་མངོན་གཟིགས་ཀྱིས་བདག་སྐྱོང་ཡང་དག་པར་མཛད་དེ་དགོན་པ་བསྐྱར་བཞེངས་གནང་རྗེས་ཐུགས་བརྩེ་བ་ཆེན་པོས་གནང་བའོ། །

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།