༄༅། །མཐོང་གྲོལ་དབུ་ཞྭའི་འབེལ་གཏམ་མདོར་བསྡུས་པ།

WechatIMG2941.jpeg


དེང་འདིར་དད་པ་དང་གཏོང་ཕོད་ལྡན་པ་སྦྱིན་པའི་བདག་པོ་གཙོར་གྱུར་བའི། ནུས་ལྡན་གྱི་སྔགས་པ། ཁྲིམས་ལྡན་གྱི་བཙུན་པ། འབྱོར་ལྡན་གྱི་ཁྱིམ་བདག་དད་ལྡན་གྱི་སྐྱེ་བོ་ཕོ་མོ་ཚོགས་པའི་ནང་དུ་མཐོང་གྲོལ་དབུ་ཞྭ་རིན་པོ་ཆེའི་ལོ་རྒྱུས་ཟུར་ཙམ་ཞུ་ན། རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེ་ཡེ་ཤེས་རྣམ་རོལ་ཚད་མེད་པས་སེམས་ཅན་རྣམས་ལ་ཕན་བདེ་མཛད་པའི་ཚུལ་ནི། མདོ་སྡེ་པདྨ་དཀར་པོ་ལས། པདྨ་ནོར་བུ་ཟས་གོས་བཞོན་ལ་སོགས། །སྣ་ཚོགས་དོན་མང་བྱེད་པའི་བེམ་སེར་སྣང་། ཞེས་གསུངས་པ་དང་ཚུལ་མཐུན་པར་བརྡ་རྟགས་ཆས་གོས་ཀྱི་གཙོ་བོ་དབུ་ཞྭའི་ཚུལ་འདི་ལ་ཡང་། རྒྱལ་པོ་རྣམས་ལ་རྒྱལ་ཐབས་ཀྱི་རྟགས་སུ་རིན་པོ་ཆེའི་སྲོག་ཞུ་བཅིང་བ་དང་། རྒྱུད་སྡེ་རྣམས་སུ་དབང་གི་ཅོད་པན་བཅིང་བ་དང་། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོས་ཀྱང་པད་ཞྭ་རིགས་གསུམ་གྱོན་པ་དང་མཐོང་བའི་ཕན་ཡོན་བསྔགས་པ་རྒྱ་ཆེར་གསུངས་པ་དང་། མཉམ་མེད་དྭགས་པོ་ལྷ་རྗེས་བསྟན་པ་ལ་ཕན་པའི་ཞྭ་གསུམ་དང་ཁྱད་པར་སྒོམ་ཞྭ་ལས་ཡོན་ཏན་འབྱུང་ཚུལ་གསུངས་པ་ལྟ་བུ་ཡོད་ལ། 

WechatIMG2940.jpeg


ཁྱད་པར་དུ་འཇིག་རྟེན་དབང་ཕྱུགས་ཀརྨ་པ་ན་རིམ་གྱིས་སྐྱེ་རྒུ་རྣམས་ལ་རྣམ་གྲོལ་གྱི་ས་བོན་བསྐྲུན་པའི་ཕྲིན་ལས་ཀྱི་གཙོ་བོ་མཐོང་གྲོལ་ཞྭ་ནག་ལ་བརྟེན་ནས་མཛད་པ་སྟེ། དེའང་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་དྲང་སྲོང་དཀོན་པ་སྐྱེས་ཞེས་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བརྙེས་པའི་ཚེ་རྒྱལ་བ་སྲས་དང་བཅས་པའི་དབང་རྟགས་རྡོ་རྗེའི་ཅོད་པན་ཡེ་ཤེས་ཀྱི་མཁའ་འགྲོ་མ་བྱེ་བའི་དབུ་སྐྲ་ལས་གྲུབ་པ་སྤྱི་བོར་བཅིངས་པ་དེ་ནས་བརྩམས་བྱང་སེམས་བློ་གྲོས་རིན་ཆེན། གྲུབ་ཆེན་ས་ར་ཧ་པ། དཔལ་ལྡན་དུས་གསུམ་མཁྱེན་པ་སོགས་སྐུའི་སྐྱེ་བ་རིམ་བྱོན་ཐམས་ཅད་ཀྱི་དབུ་ལ་འབྲལ་མེད་དུ་བཞུགས་ཀྱང་། ལས་སྐལ་ལྡན་པ་རེ་རེ་ཙམ་ལས་མཇལ་བར་དཀའ་བས། འཇམ་དབྱངས་སྤྲུལ་པ་ཏཱ་མིང་གཡུང་ལོ་རྒྱལ་པོས་རྒྱལ་དབང་ཀརྨ་པ་ལྔ་པ་དེ་བཞིན་གཤེགས་པ་ལ་གསོལ་བ་བཏབ་ཏེ་ཉིད་ཀྱིས་མཇལ་ཚུལ་དང་མཐུན་པར་མཐོང་གྲོལ་ཞྭ་ནག་འཛམ་གླིང་གཡས་བཞག་ཏུ་གྲགས་པ་ཕུལ་བས་ཡེ་ཤེས་རང་སྣང་གི་ཅོད་པན་དང་དབྱེར་མེད་དུ་བྱིན་གྱིས་བརླབས་ཤིང་མཆོག་དམན་ཀུན་གྱི་སྤྱོད་ཡུལ་དུ་སྣང་བར་མཛད། དེའི་རྗེས་སུ་རྒྱལ་དབང་ཀརྨ་ཆེན་པོ་དང་དོན་གྱི་ཐུགས་རྒྱུད་དབྱེར་མེད། རྣམ་པའི་ཚུལ་དུ་འཕགས་བོད་ཀུན་ཏུ་སྐྱེ་བའི་ཕྲེང་བ་རིམ་བྱོན་ཉི་ཟླ་ལྟ་བུར་ཟུང་འབྲེལ་དུ་བསྟན་ནས་བསྟན་འགྲོའི་དོན་རླབས་པོ་ཆེ་མཛད་པ། དག་པའི་ཞིང་དུ་འོད་དཔག་མེད། སྤྱན་རས་གཟིགས། བྱམས་པ་མགོན། གསང་བའི་བདག་པོ་སོགས་སྟོན་འཁོར་དགོངས་པ་དབྱེར་མེད་རྣམས་ཞིང་འདིར་རྒྱལ་བ་གར་གྱི་དབང་པོ། བྱམས་མགོན་ཏཱའི་སི་ཏུ། གསང་བདག་རྒྱལ་ཚབ་གོང་མ་རྣམས་ལ་རྒྱལ་དབང་ཐམས་ཅད་མཁྱེན་པ་ན་རིམ་གྱི་གསང་གསུམ་ཕྲིན་ལས་དང་བཅས་པ་རྗེ་ཉིད་དང་དབྱེར་མེད་པའི་དབང་རྟགས་སུ་མཐོང་གྲོལ་ཞྭ་དམར་སེར་གྱི་མདངས་ཅན་གཙུག་ཏུ་བཅིངས་ནས། རྒྱལ་སྲས་འདི་དག་རྒྱལ་དབང་ཉིད་ཀྱི་ཕྲིན་ལས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོར་ད་ལྟར་འཛམ་གླིང་ན་ཡོངས་སུ་གྲགས་པར་མངའ་གསོལ་བ་སྟེ། དེའང་ཞྭ་དམར་ནག་དབྱིབས་གཅིག་པ་ནི་ཡབ་སྲས་འདི་དག་དགོངས་པ་དང་ཡོན་ཏན་ལ་ཁྱད་པར་མེད་པ་དང་། ཁ་དོག་དང་བཀོད་པའི་ཁྱད་པར་ཅུང་ཟད་མི་འདྲ་བ་ནི་ཐབས་མཁས་ཀྱི་ཕྲིན་ལས་སོ་སོར་སྐྱོང་བའི་དོན་ཡིན་པས་ཞྭ་དམར་ནག་གང་མཇལ་ཡང་གྲོལ་བ་བཞི་ལྡན་གྱི་ཕན་ཡོན་ཁྱད་མེད་ཅིང་། ལྷག་པར་ཀུན་མཁྱེན་ཏཱའི་སི་ཏུ་འདི་ཉིད་དགའ་ལྡན་གྱི་གནས་སུ་བྱམས་པ་མགོན་པོའི་སྐུར་བཞུགས་པའི་ཚེ། དབུའི་ཐོར་ཚུགས་རིན་པོ་ཆེའི་མཆོད་སྡོང་གིས་བརྒྱན་པ་དེ་ཉིད་མཐོང་བ་དང་དྲན་པས་སྒྲིབ་གཉིས་སྦྱོང་ཞིང་བྱམས་ཆེན་སྣང་བྱེད་ཀྱི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བར་མཛད་པ་དང་། པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོར་གུ་རུ་པདྨའི་སྐུར་སྟོན་པའི་ཚེ་རིགས་བདག་འོད་དཔག་མེད་མཚོན་པའི་པད་ཞུ་སྣང་སྲིད་ཟིལ་གནོན་ལ་སོགས་པ་རྟག་ཏུ་དབང་རྟགས་སུ་བཞེས་ནས། དབང་བཞིའི་བྱིན་བས་རྩོལ་མེད་དུ་འབེབས་པར་མཛད། གངས་ཅན་ལྗོངས་འདིར་བསྒྲུབ་བརྒྱུད་བསྟན་པའི་སྒྲོན་མེ་མཛད་པའི་ཚེ་གོང་སྨོས་ཅོད་པན་ཅན་དེ་དག་ཞྭ་དམར་སེར་མདངས་ཅན་གྱི་རྣམ་པར་བསྒྱུར་ནས་གྲོལ་བ་བཞི་ལྡན་གྱི་ཕྲིན་ལས་རྒྱ་ཆེན་པོ་མཛད་པ་ནི། འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྣམས་ཀྱིས་གསེར་གྱི་འཁོར་ལོར་རྩིབས་སྟོང་དང་འབྲེལ་བས་གླིང་བཞི་ལ་དབང་བསྒྱུར་བ་ལྟར་མཐོང་གྲོལ་དབུ་ཞྭ་རིན་པོ་ཆེ་འདི་དག་རྒྱལ་བ་ཡབ་སྲས་ཀྱི་དབུ་ལ་བཞེས་པ་མཇལ་བས་ཕན་ཡོན་ཁྱད་པར་ཅན་འབྱུང་བ་འདི་ཐུགས་བསྐྱེད་དང་ཕྲིན་ལས་ཀྱི་ཁྱད་པར། གྲུབ་ཆེན་ཀརྨ་པཀྴིའི་ཞལ་ནས་ཞྭ་དང་མི་རུ་འབྲེལ་བ་ན། གང་མཐོང་བ་ལ་ངན་སོང་མེད། ཅེས་གསུངས་པ་ལྟར་མཐོང་གྲོལ་དབུ་ཞྭ་རིན་པོ་ཆེ་མཐོང་ཞིང་ཐོས་པའི་སྐྱེ་བོ་ཐམས་ཅད་ལ་ཐར་པའི་ས་བོན་འཇོག་ཅིང་གནས་སྐབས་སུ་བདེ་ལེགས་ཀྱི་འབྲས་བུ་རྩོལ་བ་ཡིན་པས་ན་དེ་ལྟར་འདིར་ཚོགས་མཆོག་དམན་གྱི་ཐུགས་ལ་བཞག་ནས། མཐོང་གྲོལ་དབུ་ཞྭ་རིན་པོ་ཆེ་རྒྱལ་མཚན་གྱི་རྩེ་མོར་ཡིད་བཞིན་གྱི་ནོར་བུ་བསྒྲོན་པ་ལྟར་མཐོང་བའི་སྐལ་བ་ཐོབ་པའི་སྐབས་འདིར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྤེལ་བའི་སླད་དུ་སོ་སོའི་ནུས་སྟོབས་འབྱོར་པའི་ལྕོགས་ཚོད་ཀྱི་དགེ་རྩའི་ཁས་ལེན་རེ་ཡང་སྙན་ལམ་དུ་འབུལ་བར་ཞུ། འཇམ་མགོན་གུ་ཎའི་གསུངས་བཞིན་གཞིར་བཞག་ནས་ཅུང་ཟད་ཚིག་སྣ་སྤྲོ་བསྡུ་བྱས་པ་འདིའང་བློ་ལྡན་ཨ་ཚང་ནས་བསྐུལ་ངོར་དེ་འཕྲལ་མི་ཕམ་པས་སྤེལ་བ་དགེ། དགེའོ།། །།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།