༈ བླ་མ་ལ་ཕྱག་འཚལ་ལོ།། དེ་ཡང་གསང་སྔགས་སྔ་འགྱུར་བ་རྣམས་ཀྱི་ཕ་ཆོས་ཐུན་མོང་མ་ཡིན་པ། ནང་རྒྱུད་ཡོ་ག་སྡེ་གསུམ་གྱི་རྒྱུད་སྡེ་རིན་པོ་ཆེ་མང་དག་ཅིག་ཕྱོགས་གཅིག་ཏུ་བཞུགས་པ་ལ་རྙིང་མ་རྒྱུད་འབུམ་དུ་གྲགས་ཤིང་། སྤྱིར་ཀུན་མཁྱེན་རོང་ཟོམ་པ་ཆོས་ཀྱི་བཟང་པོ་སོགས་ཀྱི་བཞེད་པ་སྔ་འགྱུར་གྱི་བབས་སོ་བདུན་ཞེས་བྱ་བ། རྟ་ཡི་ལོ་ལ་བསམ་ཡས་བཞེངས་གྲུབ་སྟེ་ལུག་གི་ལོ་གཞུག་ནས་སྤྲེའུའི་ལོ་གཞུག་ཡན་ལ་སློབ་དཔོན་པདྨ་སམྦྷ་ཝ་དང་། ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན། སྣ་ནམ་རྡོ་རྗེ་བདུད་འཇོམས། ངན་ལམ་རྒྱལ་བ་མཆོག་དབྱངས། བྲང་ཏི་ཛ་ཡ་རཀྵི་ཏ། ལྕེ་ཀུ་ཀུ་ར་ཛ་སོགས་ཀྱིས་འགྱུར་ལ་བར་ཆད་མི་འབྱུང་བའི་ཕྱིར། ཐོག་མར་གཟི་ལྡན་འབར་བ་མཚམས་ཀྱི་རྒྱུད་བསྒྱུར་བ་ནས་དབུ་བཙུགས་ཏེ། ཞི་བ་ལྷ་རྒྱུད་དང་ཁྲོ་བོ་ལྷ་རྒྱུད། འཇམ་དཔལ་སྐུའི་སྒྲུབ་ལུགས་སོགས་སྒྲུབ་པ་བཀའ་བརྒྱད་སོ་སོའི་རྒྱུད་སྡེ་དུ་མ་དང་། ཨ་ནུ་ཡོ་གའི་མདོ་བཞི་དེམས་དང་བཅས་པ། གབ་པ་སྡེ་དྲུག་དང་། སྒྱུ་འཕྲུལ་སྡེ་བརྒྱད། ཀྲྀ་ཡ་སྤྱིའི་རྒྱུད་དྲུག་དང་། བྱེ་བྲག་སྤྱན་རས་གཟིགས་དང་འཇམ་དཔལ་གྱི་སྐོར་སོགས་གསང་སྔགས་ཕྱི་ནང་གི་རྒྱུད་སྡེ་མང་དུ་བསྒྱུར་པ་ལ་བབས་དང་པོ་ཞེས་བྱ་ཞིང་། སློབ་དཔོན་དྷ་ན་སཾསྐྲྀ་ཏ་དང་། ཤཱནྟཾ་གརྦ་གཉིས་གདན་དྲངས་ཏེ། ཉང་ཏིང་འཛིན་བཟང་པོས་ལོ་ཙཱ་མཛད་ནས་ཀྲྀ་ཡི་རྒྱུད་སྡེ་ཊཱིཀྐ་དང་བཅས་པ་དང་། སྐུ་གསུང་ཐུགས་ཀྱི་གལ་པོའི་སྐོར་དང་། གཤིན་རྗེའི་སྒྲུབ་ཐབས་ཁ་ཡར་བསྒྱུར་པ་ནི་བབས་གཉིས་པ། སློབ་དཔོན་སངས་རྒྱས་གསང་བ་ཏི་སེར་བཞུགས་པའི་ཚེ། ལོ་ཙཱ་བ་དབའ་མཉྫུ་ཤྲཱི་ཝརྨ་དང་། མཆིམས་ཤཱཀྱ་པྲ་བྷ་དང་། བྲན་ཀ་ར་མ་ཁེནྡྲ། རྩངས་ཐེ་ལེགས་ཏྲ་དང་བཞིར་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ནས། ལོ་པཎ་དེ་རྣམས་ཀྱིས་མངོན་པར་བྱང་ཆུབ་པའི་རྒྱུད་དང་། ངན་སོང་སྦྱོང་བའི་རྒྱུད། སྒྱུ་འཕྲུལ་གསང་བའི་སྙིང་པོ་འགྲེལ་བ་དང་བཅས་པ། མན་ངག་ལམ་རིམ་སོགས་མང་དུ་བསྒྱུར་པ་ནི་བབས་གསུམ་པ། སློབ་དཔོན་ཧཱུཾ་ཀ་རྒྱ་གར་དུ་བཞུགས་པ་ལ། ལོ་ཙཱ་བ་གནུབས་ནམ་མཁའི་སྙིང་པོ་དང་། གྲུ་གུ་ཨ་བྷི་ཤ་དང་། རླངས་དཔལ་གྱི་སེང་གེ རུ་ཡོང་སིང་ཧ་རཱ་ཛ། འབྲེ་རྒྱལ་བའི་བློ་གྲོས་རྣམས་གྱིས་གཏུགས་ཏེ། ལོ་པཎ་དེ་རྣམས་ཀྱིས་བདུད་རྩི་ཡང་དག་གི་སྐོར་སོགས་མང་དུ་བསྒྱུར་ཅིང་། ཁྱད་པར་གནུབས་ནམ་མཁའི་སྙིང་པོས་གསེར་བྲག་བྱ་ཁྱུང་དུ་གྲུབ་པ་བརྙེས་ནས། འཕགས་པ་ཡང་དག་པའི་ཆོས་སྐོར་རྣམས་དང་། ཧེ་རུ་ཀ་གལ་པོ་ལ་སོགས་པའི་རྒྱུད་དང་ཕྱག་བཞེས་མང་དུ་བསྒྱུར་པ་ནི་བབས་བཞི་པ་སྟེ་འདི་རྣམས་ཀྱིས་གཙོ་བོ་གསང་སྔགས་ཕྱི་རྒྱུད་དང་། ནང་གི་རྒྱུད་སྡེ་ལས་ཨ་ནུ་ཡོ་ག་མན་ཆད་ཀྱི་རྒྱུད་དང་སྒྲུབ་ཐབས་རྣམས་བསྒྱུར་པ་ཡིན་ལ། དེ་ནས་བོད་ཀྱི་རྒྱལ་པོས་ལོ་ཙཱ་བ་ཆེན་པོ་པ་གོར་བཻ་རོ་ཙཱ་ན་དང་། རྩངས་ལེགས་གྲུབ་གཉིས་རྒྱུ་འབྲས་བྱ་རྩོལ་ལས་འདས་པའི་ཆོས་འཚོལ་བར་རྒྱ་གར་དུ་བཏང་པ་ལས། ལོ་ཙཱ་བ་གཉིས་ཀྱིས་སློབ་དཔོན་དྷ་ན་སཾ་ཀྲྀ་ཏ་དང་། མཁན་པོ་སུ་རེནྡྲ་བོ་དྷི་སོགས་པཎ་ཊི་ཏ་མང་པོའི་ཞབས་ལ་གཏུགས་ཤིང་། ཁྱད་པར་སློབ་དཔོན་ཤྲཱི་སེང་ཧས་རྗེས་སུ་བཟུང་སྟེ་གསང་སྔགས་ནང་གི་དཀྱིལ་འཁོར་དུ་དབང་བསྐུར་བྱིན་གྱིས་བརླབས་ནས། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད་དང་། ནམ་མཁའ་ཆེ་རྒྱས་པ་ཕྱི་མའི་རྒྱུད་ལ་སོགས་པ་མན་ངག་གི་རྒྱུད་སྡེ་ཉི་ཤུ་རྩ་ལྔ་དང་། རིག་པའི་ཁུ་བྱུག་དང་། བྱང་ཆུབ་ཀྱི་སེམས་རྩལ་ཆེན་སོགས་ལུང་ཆེན་པོ་བཅོ་བརྒྱད་ཡན་ལག་གི་རྒྱུད་དང་བཅས་པ་བཤད་ཅིང་། རྩངས་ལེགས་གྲུབ་སྔོན་ལ་ཕྱིན་པའི་རྗེས་སུ་བཻ་རོ་ཙཱ་ན་ལ་རྒྱལ་ཐབས་སྤྱི་བླུགས་རྫོགས་པའི་དབང་དང་། ཐིག་ལེ་ཆེན་པོའི་དབང་ལ་སོགས་པ་སྙིང་པོ་དོན་གྱི་དབང་བདུན་བསྐུར་ནས་ཡེ་ཤེས་རྫོགས་པ་ལ་སོགས་པ་རྩ་བའི་རྒྱུད་ལྔ་དང་། ཀུན་འདུས་རིན་པོ་ཆེ་འོད་ཀྱི་རྒྱུད་དང་། ཀློང་དགུའི་རྒྱུད་ལ་སོགས་པ་ཡན་ལག་གི་རྒྱུད་ཉི་ཤུ་རྩ་ལྔ་སོགས་བཤད་ཅིང་། བཻ་རོ་ཡབ་སྲས་ཀྱིས་སེམས་སྡེ་མ་བུ་བཅོ་བརྒྱད་དང་། ཀློང་སྐོར་གསུམ་ལ་སོགས་པ་བསྒྱུར་པ་ནི་བབས་ལྔ་པ། དེ་རྗེས་མངའ་བདག་གིས་རྒྱ་གར་ནས་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲ་སྤྱན་དྲངས་ཤིང་། སློབ་དཔོན་པདྨ་འབྱུང་གནས་དང་། བི་མ་ལ་མི་ཏྲ། མཁན་ཆེན་ཞི་བ་འཚོ། ཀ་མ་ལ་ཤཱི་ལ། ད་ན་ཤཱི་ལ་སྟེ་མཁས་པའི་སློབ་དཔོན་ཆེན་པོ་རྣམ་པ་ལྔ་ལ་སོགས་པའི་པཎ་ཊི་ཏ་དང་། ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་། ཅོག་རོ་ཀླུའི་རྒྱལ་མཚན། ཞང་སྣ་ནམ་ཡེ་ཤེས་སྡེ་སོགས་པ་ཞུས་ཆེན་གྱི་ལོ་ཙཱ་བ་དང་། མཆན་བུའི་ལོ་ཙཱ་རྣམས་ཀྱིས་སྤྱིར་མདོ་རྒྱུད་བསྟན་བཅོས་དཔག་ཏུ་མེད་པ་བསྒྱུར་ཅིང་། བྱེ་བྲག་སློབ་དཔོན་ཆེན་པོ་དང་། ལོ་ཙཱ་བ་བཻ་རོ་ཙ་ན། གནུབས་ནམ་མཁའི་སྙིང་པོ་སོགས་ཀྱིས་བཀའ་བརྒྱད་བདེ་གཤེགས་འདུས་པ་རྩ་བའི་རྒྱུད་དང་། ཕྱི་མའི་རྒྱུད་དང་། ཕྱི་མའི་ཕྱི་མའི་རྒྱུད་དང་། མ་ཚང་བ་ཁ་སྐོང་བའི་རྒྱུད། བཀའ་བརྒྱད་སོ་སོའི་རྒྱུད་དང་སྒྲུབ་ཐབས་དུ་མ། བི་མ་ལ་དང་སྐ་བ་དཔལ་བརྩེགས། གཉགས་ཛྙཱ་ན་ཀུ་མ་ར་སོགས་ཀྱིས་སྒྱུ་འཕྲུལ་གསང་བའི་སྙིང་པོ་འགྲེལ་བ་དང་བཅས་པ་དང་། ཡང་གསང་འོད་གསལ་རྫོགས་པ་ཆེན་པོའི་རྒྱུད་བཅུ་བདུན། སྔགས་སྲུང་ཁྲོས་མའི་རྒྱུད་དང་བཅོ་བརྒྱད། ཟབ་པ་པོད་བཞི་ལ་སོགས་པ་མང་དུ་བསྒྱུར་པ་རྣམས་ནི་བབས་དྲུག་པ། མངའ་བདག་སད་ན་ལེགས་ཀྱི་སྐུ་དུས་དུ་པཎ་ཊི་ཏ་པྲ་ཛྙཱ་ཝརྨ་དང་། ཤཱཀྱ་སེང་ཧ་དང་། སུ་རེནྟྲ་བོ་དྷི་དང་། ཛི་ན་མི་ཏྲ་སོགས་བོད་དུ་བྱོན་ནས་གསང་སྔགས་ཀྲྀ་ཡོག་གི་རྒྱུད་དང་། སྐུ་གསུང་ཐུགས་ཀྱི་རྒྱུད་སྡེའི་སྐོར་དུ་མ་དང་། མན་ངག་འགའ་ཞིག་ཀྱང་བསྒྱུར་པ་ལ་ནི་བབས་བདུན་པ་ཞེས་གྲགས་སོ།། འདིར་མཚམས་སྦྱོར་གྱི་སྤྱི་དོན་ཙམ་དུ་ཤིན་ཏུ་མདོར་བསྡུས་པར་བརྗོད་པ་སྟེ། དེ་དག་གི་སྐོར་རྒྱས་པར་ནི་སྐབས་གཞན་དུ་འཆད་པར་བྱའོ།།
དེ་ལྟར་གསང་སྔགས་སྔ་འགྱུར་གྱི་བབས་སོ་བདུན་གྱི་སྐབས་སུ་བསྒྱུར་པའི་སྔགས་ཕྱི་ནང་གི་རྒྱུད་སྡེ་རྒྱ་མཚོ་ལྟ་བུ་ལས། རྒྱུད་འབུམ་རིན་པོ་ཆེ་འདིར་ནི་མ་ཧཱ་དང་། ཨ་ནུ་ཨ་ཏི་སྟེ་ནང་རྒྱུད་སྡེ་གསུམ་གྱི་རྒྱུད་སྡེ་འབའ་ཞིག་མ་གཏོགས་ཀྲྀ་ཡོག་སོགས་ཀྱི་རྒྱུད་ནི་མི་བཞུགས་སོ།། མ་ཧཱ་སོགས་གསུམ་པོ་ནང་གི་རྒྱུད་སྡེར་འཇོག་པའི་འཐད་པ་ནི། རང་ཤར་ལས། ནང་པ་ལ་ནི་གསུམ་དུ་འདོད།། མ་ཧཱ་ཨ་ནུ་ཨ་ཏིའོ།། ཞེས་གསུངས་སོ།། ཡོ་ག་གསུམ་གྱི་གོ་རིམ་ནི་གཞི་དང་། ལམ་དང་། འབྲས་བུའི་སྒོ་ནས་རྣམ་པར་གཞག་སྟེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ལས། བསྐྱེད་པ་མ་ཧཱ་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་གཞི་ལྟ་བུའོ།། ལུང་ཨ་ནུ་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་ལམ་ལྟ་བུའོ།། རྫོགས་པ་ཨ་ཏི་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་འབྲས་བུ་ལྟ་བུའོ།། ཞེས་དང་། གྲུབ་མཐའ་མཛོད་ལས། དེ་ལ་དང་པོ་བསྐྱེད་པ་ནི་ཐབས་ཀྱི་གཞི་ལ། དེའི་ངང་ནས་རྫོགས་པ་ནི་ཤེས་རབ་ཀྱི་ལམ་སྟེ། དེ་ནས་བླང་དོར་གཉིས་སུ་མེད་པར་རྫོགས་པ་ནི་འབྲས་བུ་སྟེ། ཞེས་གསུངས་པ་ལྟ་བུའོ། །དེ་ཡང་ཡོ་ག་སྡེ་གསུམ་དུ་འཇོག་ཚུལ་ལ་དོན་གྱི་འགལ་བ་མེད་ཀྱང་། ཚིག་ཟིན་ཙམ་དུ་གསུངས་ཚུལ་མི་འདྲ་བ་མང་དུ་སྣང་སྟེ། ཀུན་མཁྱེན་བླ་མའི་སེམས་ཉིད་ངལ་གསོ་ལས། མ་ཧཱས་རླུང་དང་བསྐྱེད་རིམ་ཐབས་གཙོ་ལ།། ཨ་ནུས་ཁམས་དང་རྫོགས་རིམ་ཤེས་རབ་གཙོ།། ཨ་ཏིས་ཐམས་ཅད་གཉིས་མེད་ཡེ་ཤེས་གཙོ།། ཞེས་དང་། ཐེག་མཆོག་མཛོད་ལས། དེ་ལ་རྒྱུད་མ་ཧཱ་ཡོ་གའི་ཐེག་པ་ནི། ཐབས་བསྐྱེད་པའི་རིམ་པ་གཙོ་བོས་ཏིང་ངེ་འཛིན་གསུམ་གྱི་སྒོ་ནས་བདེན་པ་དབྱེར་མེད་ཆེན་པོས་གསལ་སྟོང་འོད་གསལ་གྱི་ཡེ་ཤེས་སྒོམ་པའོ།། ཞེས་དང་། ལུང་ཨ་ནུ་ཡོ་གའི་ཐེག་པ་ནི། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་སྤྲོས་བྲལ་མཐའ་གང་དུ་ཡང་མི་གནས་པས། རྫོགས་རིམ་ཤེས་རབ་གཙོ་བོའི་སྒོ་ནས་སྒྲུབ་པའོ།། ཞེས་དང་། མན་ངག་རྫོགས་པ་ཆེན་པོ་ནི། རང་བྱུང་གི་ཡེ་ཤེས་ལ་འཁོར་འདས་སུ་གྲུབ་པ་མེད་པས། ཡེ་གྲོལ་སྤངས་བླང་ལས་འདས་པར་འདོད་པའོ།། ཞེས་གསུངས་ཤིང་། ཡང་གྲུབ་མཐའ་མཛོད་ལས། དེ་ཡང་ཞེ་སྡང་ཤས་ཆེ་ཞིང་རྟོག་པ་མང་བ་ལ་སྣང་བ་ཐབས་ཀྱི་རང་བཞིན་ཕའི་རྒྱུད་མ་ཧཱ་ཡོ་ག་བསྟན་ལ། འདོད་ཆགས་ཤས་ཆེ་ཞིང་སེམས་གནས་པ་ལ་དགའ་བ་ལ་སྟོང་པ་དེ་ཁོ་ན་ཉིད་ཀྱི་རྫོགས་རིམ་ཤེས་རབ་མའི་རྒྱུད་ཨ་ནུ་ཡོ་ག་བཤད་ཅིང་། གཏི་མུག་ཤས་ཆེ་ཞིང་བྱ་རྩོལ་ཅན་ལ་གཉིས་སུ་མེད་པའི་རང་བཞིན་ཨ་ཏི་གསུངས་སོ།། ཞེས་གསུངས་པའི་དགོངས་པ་དང་མཐུན་པར། རིག་འཛིན་འཇིགས་མེད་གླིང་པའི་དྲིས་ལན་རིན་པོ་ཆེ་ལུང་གི་བསྟན་བཅོས་ལས། བསྐྱེད་པ་མ་ཧཱ་ཡོ་ག་ནི། དེ་ཡང་ཞེ་སྡང་ཤས་ཆེ་ཞིང་རྟོག་པ་མང་བ་རྣམས་ལ་སྣང་བ་ཐབས་ཀྱི་རང་བཞིན་ཕའི་རྒྱུད་དུ་བསྟན་པ་སྟེ། ཞེས་དང་། ལུང་ཨ་ནུ་ཡོ་ག་ནི། སྦྱང་གཞི་འདོད་ཆགས་ཤས་ཆེ་ཞིང་སེམས་གནས་པ་ལ་དགའ་བ་ལ། སྦྱང་བྱ་སྟོང་པ་དེ་ཁོ་ན་ཉིད་ཀྱི་རྫོགས་རིམ་ཤེས་རབ་མའི་རྒྱུད་དུ་བསྟན་པ་སྟེ། ཞེས་དང་། དོན་གསུམ་པ་གདུལ་བྱ་གཏི་མུག་ཤས་ཆེ་ཞིང་བྱ་རྩོལ་ཅན་གྱི་དོན་དུ་གསུངས་པ་གཉིས་སུ་མེད་པའི་རྒྱུད་རང་བཞིན་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལ་ཞེས་གསུངས་སོ།། ཡང་ཟུར་ཆུང་ཤེས་རབ་གྲགས་པས་གླན་གྱིས་ཞུས་ལན་དུ། ཆོས་ཐམས་ཅད་རིག་པའི་ཆོ་འཕྲུལ་དུ་སྣང་བ་མ་ཧཱ། རིག་པའི་རྩལ་དུ་སྣང་བ་ཨ་ནུ། རིག་པ་རང་སྣང་བ་ཨ་ཏི་སྟེ། རུ་དགའ་རབ་རྡོ་རྗེས། ཆོ་འཕྲུལ་རྩལ་དང་རང་སྣང་བའོ།། ཞེས་གསུངས་པའི་ཕྱིར་གསུངས་སྐད་ཅེས་གསང་བདག་ཞལ་ལུང་དུ་བྱུང་ཞིང་། དེའི་དོན་ཡང་། ཆོས་ཐམས་ཅད་སེམས་ཉིད་སྣང་སྟོང་དབྱེར་མེད་ཀྱི་ཆོ་འཕྲུལ་དུ་རྟོགས་པ་མ་ཧཱ་ཡོ་ག ཆོས་ཐམས་ཅད་སེམས་ཉིད་དབྱིངས་ཡེ་གཉིས་སུ་མེད་པའི་རྩལ་དུ་རྟོགས་པ་ཨ་ནུ། ཆོས་ཐམས་ཅད་སེམས་ཉིད་ཡེ་ནས་སྐྱེ་འགག་མེད་པའི་རང་བྱུང་གི་ཡེ་ཤེས་རང་སྣང་བར་རྟོགས་པ་ཨ་ཏི་སྟེ་ལྟ་བའི་སྒོ་ནས་ཁྱད་པར་ཕྱེ་བའོ་ཞེས་གསུངས་སོ།། ཡང་ལྟ་སྒོམ་སྤྱོད་གསུམ་གཙོ་ཆེ་ཆུང་གི་སྒོ་ནས་འཇོག་པ་ཡང་ཡོད་དེ། གསང་བདག་ཞལ་ལུང་ལས། སྐྱོ་གོང་བུ་པའི་ཞལ་ནས། ཆེད་འཛིན་ཆེ་ཆུང་ཡིན་ཏེ། སྤྱོད་པ་གཙོ་ཆེ་བ་མ་ཧཱ། ཏིང་ངེ་འཛིན་གཙོ་ཆེ་བ་ཨ་ནུ། ལྟ་བ་གཙོ་ཆེ་བ་ཨ་ཏིའོ་གསུངས་ཞེས་དང་། ལྷ་རྗེ་རོག་བདེ་གཤེགས་ཆེན་པོས་ནི། ཏིང་ངེ་འཛིན་གསུམ་གྱིས་ལྷ་རིམ་པར་བསྐྱེད་པའི་ཕྱིར་མ་ཧཱ། དེ་ལ་མི་བརྟེན་པར་ལྷ་རྫོགས་ཚུལ་དུ་བསྐྱེད་པ་རྫོགས་པ་ཨ་ནུ། བསྐྱེད་རྫོགས་གཉིས་ལས་གྲོལ་བས་བསྐྱེད་དུ་མེད་པ་ནི་རྫོགས་པ་ཆེན་པོ་ཨ་ཏིའམ། ཡང་ན་རྒྱུད་ཀྱི་དངོས་པོ་བཅུ་ལ་ཆེད་འཛིན་ཆེ་བ་མ་ཧཱ། དེ་བས་ཆུང་བ་ཨ་ནུ། ཆེད་འཛིན་ལས་གྲོལ་བ་ཨ་ཏིའོ་ཞེས་གསུངས་ཤིང་། གྲུབ་ཆེན་རིན་པོ་ཆེ་ཡང་དེའི་རྗེས་སུ་འབྲངས་ནས། མཛོད་སྡེ་ལས། རྒྱུད་ཐམས་ཅད་ཀྱི་སྙིང་པོའི་དོན་མཐར་ཐུག་པ་ནི་འོད་གསལ་གཉུག་མའི་དེ་ཁོ་ན་ཉིད་ཟབ་གསལ་གཉིས་སུ་མེད་པའི་མཚན་ཉིད་ཅན་ཉག་གཅིག་ཡིན་ཞིང་། དོན་དེ་ལ་དང་པོར་འཇུག་པའི་སྒོ་མི་འདྲ་བ་གསུམ་སྟེ། སྐུ་གསུམ་ལམ་བྱེད་ཀྱི་བསྐྱེད་ཆོག་རྒྱས་པ་དང་། བསྐྱེད་ཆོག་གི་སྤྲོས་པ་ཉེ་བར་བསྡུས་ཀྱང་དབྱིངས་དང་ཡེ་ཤེས་ཀྱི་ཕྱོགས་གཉིས་ལ་རིམ་གྱིས་སློབ་པ་དང་། བཅོས་མའི་བསྐྱེད་ཆོག་ལ་མི་ལྟོས་པར་རྩོལ་མེད་རང་བཞག་གི་ཐབས་ཀྱིས་ཡེ་ཤེས་མངོན་དུ་བྱེད་དོ།། དེ་ལ་དང་པོ་གཙོ་བོར་སྟོན་པ་དང་། གཉིས་པ་དང་གསུམ་པ་གཙོ་བོར་སྟོན་རིམ་བཞིན་མ་ཧཱ་སོགས་གསུམ་དུ་གཞག་པར་ཁས་བླངས་ན་རེ་ཞིག་འཆད་བདེ་ཞིང་རོག་གི་བཞེད་པ་དང་ཡང་མཐུན་ནོ།། ཞེས་གསུངས་སོ།། ཡང་མེ་ཉག་འབྱུང་གྲགས་ཀྱིས། ཡོད་བསྐྱེད་རྫོགས་གསུམ་ཀ་ཡོད་ཀྱང་། བསྐྱེད་རིམ་གཙོ་བོར་སྟོན་པ་མ་ཧཱ། རྫོགས་རིམ་གཙོ་བོར་སྟོན་པ་ཨ་ནུ། དེ་གཉིས་ཀྱི་རྩོལ་བ་དང་བྲལ་བ་རྫོགས་པ་ཆེན་པོ་སྟེ་ཞེས་གསུངས་ཤིང་། བླ་མ་མི་ཕམ་རིན་པོ་ཆེའི་འཛམ་གླིང་གཡས་བཞག་ཏུ་གྲགས་པའི་ལེགས་བཤད་བཀའ་བརྒྱད་རྣམ་བཤད་དངོས་གྲུབ་སྙིང་པོ་ལས། ལྟ་སྒོམ་སྤྱོད་འབྲས་བཞི་ཆར་གྱི་ཐོག་ནས་ཡོ་ག་སྡེ་གསུམ་གྱི་གནད་མི་འདྲ་བར་བསྟན་པ་ནི། དེ་ལས། མ་ཧཱ་ཡོ་གའི་ལྟ་བ་ནི་ཀུན་རྫོབ་ཏུ་ཆོས་ཐམས་ཅད་དག་པ་ལྷ་ཡི་དཀྱིལ་འཁོར་དུ་ལྟ་ཞིང་། དེ་དག་དོན་དམ་པར་གདོད་མའི་ཆོས་དབྱིངས་དང་གཉིས་སུ་མེད་པ་བདེན་པ་དབྱེར་མེད་བློས་སྤྱོད་ཡུལ་དང་བྲལ་བར་གཏན་ལ་འབེབས་པའོ།། བསྒོམ་པ་ནི་ཏིང་ངེ་འཛིན་རྣམ་པ་གསུམ་ཡན་ལག་དང་བཅས་པའི་ཚུལ་གྱིས་སྣང་སྲིད་ལྷའི་དཀྱིལ་འཁོར་དུ་འཆར་བའི་བསྐྱེད་རིམ་ལ་གཙོ་བོར་ལམ་དུ་བྱེད་པའོ།།སྤྱོད་པ་ནི་གང་ཤར་བླང་དོར་མེད་པའི་ངང་ནས་ཐབས་ལ་མཁས་པའི་སྤྱོད་པ་ཁྱད་པར་ཅན་སྦྱོར་སྒྲོལ་ལ་སོགས་པ་དང་དུ་ལེན་པའོ།། འབྲས་བུ་ཚེ་འདི་ལ་རིག་འཛིན་རྣམ་བཞིའི་ལམ་བགྲོད་དེ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་སངས་རྒྱས་པར་འདོད་པ་ཡིན་ནོ།། ཞེས་དང་། ཨ་ནུ་ཡོ་གའི་ལྟ་བ་ནི་ཞེས་སོགས་ནས། ཕྱི་སྤྲོས་བཅས་ཀྱི་བསྐྱེད་རིམ་སོགས་ལ་མི་ལྟོས་པར་རྡོ་རྗེ་ལུས་ཀྱི་རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་པའི་མན་ངག་གི་སྒོ་ནས། རགས་པའི་འགྱུར་བ་ཐམས་ཅད་ཐོག་མར་གང་ལས་བྱུང་བ་འགྱུར་མེད་ཡེ་ཤེས་ཀྱི་དབུ་མའི་དབྱིངས་སུ་བསྟིམ་པས། སེམས་ཉིད་བདེ་ཆེན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དེ་ཉིད་ལུས་ཐབས་ཀྱི་རྒྱུད་ལ་ལམ་དུ་བྱས་པ་ལས་མངོན་དུ་འཆར་བར་ཤེས་པ་འདི་ནི་ཨ་ནུ་ཡོ་གའི་ལྟ་བ་ཡིན་ཏེ། ཞེས་སོགས་དང་། དེ་ལྟར་ཤེས་ནས་སྒོམ་པས་ཉམས་སུ་ལེན་པའི་ཐབས་ལ་སོགས་ཀྱིས་གཡོ་བ་རླུང་གི་རྫོགས་རིམ་དང་། རྟེན་པ་རྩ་ཡི་རྫོགས་རིམ། བཀོད་པ་ཐིག་ལེ་བྱང་ཆུབ་སེམས་ཀྱི་རྫོགས་རིམ་སོགས་བསྟན་ཅིང་། ཨ་ནུ་ཡོ་གའི་སྤྱོད་པ་ནི། རང་ལུས་དང་གཞན་ལུས་ལ་བརྟེན་པའི་ཞུ་བདེ་རྗེས་ཆགས་ཀྱི་བདེ་བ་ཉམས་སུ་ལེན་པ་གཙོ་བོར་གྱུར་པའི་ཐབས་མཁས་ཟབ་མོ་དང་ལྡན་པའོ།། འབྲས་བུ་ནི་སྙིགས་དུས་ཀྱི་ཚེ་ཐུང་འདི་ལ་འདུན་པ་སེམས་པ་སོགས་ལམ་ལྔ་དང་། འགྱུར་བ་མ་ངེས་པའི་ས་སོགས་ས་བཅུ་གཅིག་པོ་ནང་གི་ཐབས་མཁས་ཀྱིས་མྱུར་ཏུ་བགྲོད་ནས་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་བདེ་བ་ཆེན་པོ་སངས་རྒྱས་རྡོ་རྗེ་འཆང་གི་སྐུ་འགྲུབ་པར་འགྱུར་ཏེ། འདི་ལ་ཕྱག་རྒྱ་ཆེན་པོ་འབྲས་བུའི་རྒྱུད་དང་། མཐར་ཕྱིན་འབྲས་བུའི་རྣལ་འབྱོར་ཞེས་ཀྱང་བྱའོ།། ཞེས་དང་། གསུམ་པ་ཨ་ཏི་ཡོ་གའི་ལྟ་བ་ནི་སེམས་ཀློང་མན་ངག་གི་རྒྱུད་རྣམས་ལ་བརྟེན་ནས་རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་ངོ་བོ་སྟོང་པ་ཉིད་ལ་དམིགས་མཚན་ཐམས་ཅད་གནས་དག་ཅིང་། རང་བཞིན་གསལ་བ་ཁྱབ་བརྡལ་ཆེན་པོ་སྐྱེ་འགག་ལས་འདས་པར་ལྷུན་གྱིས་གྲུབ་པ། དེ་ལྟར་ཀ་དག་དང་ལྷུན་གྲུབ་དབྱེར་མེད་པའི་ཆོས་ཉིད་དེའི་རྩལ་ལས་འཁོར་འདས་ཐམས་ཅད་འཆར་བས་ཐུགས་རྗེ་ཀུན་ཁྱབ་ཀྱི་བདག་ཉིད་དུ་བཞུགས་པ་དེ་ཉིད། བསྐྱེད་པ་མཚན་བཅས་རྫོགས་རིམ་གྱི་ཐབས་ལ་ལྟོས་མི་དགོས་པར། བླ་མའི་དོན་བརྒྱུད་འཕོ་བའི་བྱིན་རླབས་དང་། སེམས་ཉིད་རང་སར་ངོ་སྤྲད་པའི་མན་ངག་གིས་བསལ་བཞག་མེད་པའི་ཆོས་ཉིད་ཐད་ཀར་ངོས་ཟིན་པར་བྱས་པས། འཁོར་འདས་ཐམས་ཅད་དེའི་རྒྱན་དང་རོལ་བར་འཆར་བས་དགག་སྒྲུབ་སྤང་བླང་མི་དགོས་པར་རང་སར་གྲོལ་ཞིང་། རིག་པ་འགྱུར་མེད་མཉམ་པ་ཉིད་ཀྱི་ངང་ལས་ནམ་ཡང་མི་གཡོ་བར་བྱེད་པའོ།། དེ་ལྟར་ལྟ་བ་རྟོགས་ནས་སྒོམ་པ་ནི། རིག་པ་དེ་ཁོ་ན་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་མཐར་ཐུག་པ་ཡིན་པས་དེའི་ངང་རང་བབ་ཡེ་ནས་ལྷུན་གྱིས་གྲུབ་པ་ལ་རྩོལ་བས་སྒོམ་དུ་མེད་ཅིང་། དེའི་དོན་ལ་ནམ་གནས་པ་ན་ཡོངས་སུ་ཡེ་ནས་མེད་པའི་རང་བཞིན་བབ་ཀྱི་བསམ་གཏན་ལ་གནས་པས་རྣམ་པར་རྟོག་པ་གློ་བུར་བ་ནི་དེའི་ངང་དུ་རང་ཤར་རང་གྲོལ་ཡིན་པའི་ཕྱིར། སེམས་གནས་མི་གནས་ཀྱི་རྩོལ་སྒྲུབ་མི་དགོས་པར་ཐམས་ཅད་དུ་རིག་པས་དབང་བསྐུར་བའོ།། སྤྱོད་པ་ནི་ཆེད་དུ་རྩོལ་བས་དགག་སྒྲུབ་གང་ཡང་མེད་པར་སྣང་སྲིད་ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་རོལ་པ་ཉིད་ལ་ལྷུན་འབྱམས་ཤུགས་འབྱུང་གི་ཚུལ་གྱིས་སྤྱོད་པའོ།། འབྲས་བུ་ནི་རིག་པའི་གཞི་ལ་སྐུ་གསུམ་གྱི་ཡོན་ཏན་མ་བཙལ་ལྷུན་གྱིས་གྲུབ་པ་ཉིད་ཇི་ལྟ་བ་བཞིན་མངོན་དུ་གྱུར་བའོ།། ལམ་འདི་ལའང་ཁྲེགས་ཆོད་ཅོག་བཞག་བཞི་ཡི་ངང་ལས་མ་གཡོས་པར་མིག་ལས་ཡེ་ཤེས་འོད་རྩའི་ལམ་བརྒྱུད་དེ། ནམ་མཁའ་དྭངས་པའི་དབྱིངས་སུ་ནང་གི་དབྱིངས་དང་རིག་པའི་གདངས་རྩོལ་མེད་མངོན་སུམ་དུ་སྣང་བ་ལ་གནད་དུ་གཟིར་བས། སྣང་བ་བཞི་རྫོགས་ནས་གདོས་བཅས་ཀྱི་སྦུབ་འོད་གསལ་དུ་དེངས་ཤིང་གདོད་མའི་དབྱིངས་སུ་སངས་རྒྱས་པར་འགྱུར་རོ།། ཞེས་གསུངས་ཤིང་། གཞན་ཡང་གཞི་ལམ་འབྲས་གསུམ་གྱི་རྒྱུད་ཀྱི་ཁྱད་པར་དང་། དཀྱིལ་འཁོར་དང་། དབང་དང་། དམ་ཚིག་གི་རྣམ་གྲངས་ཀྱི་ཁྱད་པར་སོགས་ཚིག་བསྡུས་ཤིང་དོན་ཤིན་ཏུ་གསལ་བར་བསྟན་པ་རྣམས་ནི་ལས་དང་པོ་པ་རྣམས་ལ་ཡོ་ག་སྡེ་གསུམ་པོའི་ལྟ་སྒོམ་སྤྱོད་འབྲས་སོགས་ཀྱི་གནད་རྣམ་པར་ངེས་པའི་མན་ངག་གི་རྒྱལ་པོ་བླ་ན་མེད་པ་ཡིན་ཞིང་། འདིར་མཐར་ཆགས་སུ་འགོད་རྒྱུར་ཡིག་ཚོགས་ཀྱིས་འཇིགས་ན་ཡང་དོན་གཉེར་ཅན་རྣམས་ཀྱིས་གསེར་ཞིང་ནོར་བུས་སྤྲས་པའི་ཡོན་གྱིས་ཀྱང་གཞལ་དུ་མེད་པའི་མན་ངག་གི་བསྟན་བཅོས་རིན་པོ་ཆེ་འདི་ལ་ཅི་ནུས་ཀྱིས་འདྲིས་པར་བྱའོ།།ངེས་འབྱེད་རྒྱུད་སྡེའི་རྣམ་གྲངས་ལ། སྤྱིར་ཡོ་ག་སྡེ་གསུམ་པོའི་རྒྱུད་ཀྱི་རྣམ་གྲངས་དང་དེ་དག་གི་ངོས་འཛིན་མི་འདྲ་བ་མང་དུ་སྣང་བ་རྣམས་སྐབས་གཞན་དུ་འཆད་པར་བྱ་བ་ཡིན་ཡང་། འདིར་སྐབས་སུ་བབས་པ་སྡེ་ཚན་ཆེན་པོ་འགའ་ཞིག་གི་སྐོར་མདོ་ཙམ་སྨྲོས་ན། ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ལ། གུ་རུ་པདྨ་རྒྱལ་པོའི་གསུང་རྒྱུན་དུ་གྲགས་པ་ཆོས་རྗེ་ཀཿཐོག་པ་ཆེན་པོའི་བཤད་སྲོལ་བཀའ་མཆིམས་ཕུ་མ་ཞེས་སུ་གྲགས་པ་ལས། སྐུ་བུདྡྷ་མཉམ་སྦྱོར། གསུང་ཟླ་གསང་ཐིག་ལེ། ཐུགས་གསང་བ་འདུས་པ། དེའི་ཞར་ལ་ཡོན་ཏན་དཔལ་མཆོག་དང་པོ། ཕྲིན་ལས་ཀརྨ་མཱ་ལེ། དེ་ལས་འཕྲོས་པ་ཏནྟྲ་སྡེ་བཅོ་བརྒྱད་དོ།། ཞེས་པ་ཙམ་ལས་ངོས་འཛིན་གསལ་པོ་མ་བྱུང་ཡང་། གསང་བའི་བདག་པོའི་ཞལ་ལུང་ལས། སྔ་རབས་པ་ཕལ་ཆེར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྒྱུད་གསུམ་གསུམ་སྟེ་བཅོ་ལྔ་། སྤྱི་རྒྱུད་གསུམ་སྟེ་བཅོ་བརྒྱད་དོ།། ཅེས་བཞེད་ཅེས་གསུངས་པ་ལྟར། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་སོགས་གྱིས་ནི། སྐུའི་རྒྱུད་གསུམ། གསུང་གི་རྒྱུད་གསུམ། ཐུགས་ཀྱི་རྒྱུད་གསུམ། ཡོན་ཏན་གྱི་རྒྱུད་གསུམ། ཕྲིན་ལས་ཀྱི་རྒྱུད་གསུམ། སྤྱི་རྒྱུད་གསུམ་དང་བཅས་བཅོ་བརྒྱད་ཅེས་སྔགས་ཀྱི་སྤྱི་དོན་ཚངས་དབྱངས་འབྲུག་སྒྲ་སོགས་ལས་གསུངས་པའི་རྗེས་སུ་འབྲངས་ཏེ། རིག་འཛིན་འཇིགས་མེད་གླིང་པའི་དྲིས་ལན་རིན་པོ་ཆེ་ལུང་གི་བསྟན་བཅོས་ལས། དེ་ལྟར་རྒྱལ་པོ་ཛ་ལས་བརྒྱུད་པའི་ཏནྟྲ་སྡེ་བཅོ་བརྒྱད་ནི། སངས་རྒྱས་མཉམ་སྦྱོར། གླང་པོ་རབ་འབོག གླང་པོ་ཆུར་ཞུགས་ཏེ་སྐུའི་རྒྱུད་གསུམ། ཟླ་གསང་ཐིག་ལེ། གཅིག་ལས་འཕྲོས་པ། དུ་མ་ལས་འཕྲོས་པ་སྟེ་གསུང་གི་རྒྱུད་གསུམ། གསང་བ་འདུས་པ། རི་བོ་བརྩེགས་པ། རྩེ་གཅིག་འདུས་པ་སྟེ་ཐུགས་ཀྱི་རྒྱུད་གསུམ། དཔལ་མཆོག་དང་པོ། བདུད་རྩི་མཆོག་དང་པོ། ཡིད་བཞིན་ནོར་བུ་སྟེ་ཡོན་ཏན་གྱི་རྒྱུད་གསུམ། ཀརྨ་མཱ་ལེ། སྒྲོལ་མ་འབར་བ། ཀཱི་ལ་ཡ་ཡིག་འབྲུ་བཅུ་གཉིས་ཏེ་ཕྲིན་ལས་ཀྱི་རྒྱུད་གསུམ། སྒྱུ་འཕྲུལ་དྲ་བ། དམ་ཚིག་ས་མ་ཡ་འབུམ་སྡེ་བཀོད་པ། རྡོ་རྗེ་ཐབས་ཀྱི་ཞགས་པའི་རྒྱུད་དེ་སྤྱིའི་རྒྱུད་གསུམ་རྣམས་བསྡོམས་པས་བཅོ་བརྒྱད་དོ།། ཅེས་དང་། སྒྲོལ་མ་བསམ་འགྲུབ་རྡོ་རྗེའི་གསང་བའི་སྙིང་པོའི་རྒྱུད་ཀྱི་ཁོག་དབུབས་རིན་ཆེ་འབར་བའི་གུར་ལས། སྐུའི་རྒྱུད་གསུམ་ནི་སངས་རྒྱས་མཉམ་སྦྱོར། གླང་པོ་རབ་འབོགས། གླང་པོ་ཆུར་ཞུགས། གསུང་གི་རྒྱུད་གསུམ་ནི་ཟླ་གསང་ཐིག་ལེ། གཅིག་ལས་འཕྲོས་པ། དུ་མ་ལས་འཕྲོས་པ། ཐུགས་ཀྱི་རྒྱུད་གསུམ་ནི་གསང་བ་འདུས་པ། རི་བོ་བརྩེགས་པ། རྩེ་གཅིག་འདུས་པ། ཡོན་ཏན་གྱི་རྒྱུད་གསུམ་ནི། དཔལ་མཆོག་དང་པོ། བདུད་རྩི་མཆོག་དང་པོ། ཡིད་བཞིན་ནོར་བུའི་རྒྱུད། ཕྲིན་ལས་ཀྱི་རྒྱུད་གསུམ་ནི་ཀརྨ་མཱ་ལེ། སྒྲོན་མ་འབར་བ། ཀཱི་ལ་ཡ་ཡིག་འབྲུ་བཅུ་གཉིས་ཀྱི་རྒྱུད། སྤྱིའི་རྒྱུད་གསུམ་ནི། དེ་དག་ཐམས་ཅད་ཀྱི་སྤྱི་རྒྱུད་སྒྱུ་འཕྲུལ་དྲྭ་བའི་རྒྱུད། དམ་ཚིག་ས་མ་ཡ་འབུམ་སྡེ་བཀོད་པའི་རྒྱུད། རྡོ་རྗེ་ཐབས་ཀྱི་ཞགས་པའི་རྒྱུད་དེ། དེ་ལྟར་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་པོ། ཞེས་དང་། རྡོ་བྲག་རིག་འཛིན་ཆེན་པོ་པདྨ་ཕྲིན་ལས་ཀྱི་མདོ་དབང་བླ་མ་བརྒྱུད་པའི་རྣམ་ཐར་ལས། དེ་ལྟར་ཏནྟྲ་བཅོ་བརྒྱད་ནི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རེ་རེ་ལ་གསུམ་གསུམ་དང་། སྤྱི་རྒྱུད་གསུམ་ཡིན་ལ། འདྲེན་ཚུལ་མི་འདྲ་བ་ཅུང་ཟད་རེ་ཡོད་ཀྱང་འདིར་གཡུང་སོགས་ཀྱི་དགོངས་པ་ལྟར། སྐུའི་རྒྱུད་གསུམ་ནི་སངས་རྒྱས་མཉམ་སྦྱོར། གླང་ཆེན་རབ་འབོགས། གླང་ཆེན་ཆུར་ཞུགས། གསུང་གི་རྒྱུད་གསུམ་ནི་ཟླ་གསང་ཐིག་ལེ། གཅིག་ལས་འཕྲོས་པ། དུ་མ་འཕྲོས་པ། ཐུགས་ཀྱི་རྒྱུད་གསུམ་ནི་གསང་བ་འདུས་པ། རི་བོ་བརྩེགས་པ། རྩེ་གཅིག་འདུས་པ། ཡོན་ཏན་གྱི་རྒྱུད་གསུམ་ནི། དཔལ་མཆོག་དང་པོ། བདུད་རྩི་མཆོག་དང་པོ། ཡིད་བཞིན་ནོར་བུའི་རྒྱུད། ཕྲིན་ལས་ཀྱི་རྒྱུད་གསུམ་ནི་ཀརྨ་མཱ་ལེ། སྒྲོན་མ་འབར་བ། ཀཱི་ལ་ཡ་ཡིག་འབྲུ་བཅུ་གཉིས་ཀྱི་རྒྱུད་རྣམས། སྤྱི་རྒྱུད་གསུམ་ནི་སྤྱི་རྒྱུད་སྒྱུ་འཕྲུལ་དྲྭ་བའི་རྒྱུད། དམ་ཚིག་ས་མ་ཡ་འབུམ་སྡེ་བཀོད་པའི་རྒྱུད། རྡོ་རྗེ་ཐབས་ཀྱི་ཞགས་པའི་རྒྱུད་དང་བཅོ་བརྒྱད་པོ་ཡིན་ནོ།།ཞེས་དང་། འདུལ་འཛིན་མཁྱེན་རབ་རྒྱ་མཚོའི་སངས་རྒྱས་བསྟན་པའི་ཆོས་འབྱུང་དྲིས་ལན་རིན་པོ་ཆེ་ལུང་གི་བང་མཛོད་ལས། ཕྱི་ལྟར་ཏནྟྲ་སྡེ་བཅོ་བརྒྱད་བསྒྱུར་ཏེ། སྐུའི་རྒྱུད་གླང་པོ་རབ་འབོག་གི་ཏནྟྲ། གསུང་རྒྱུད་གླང་པོ་ཆུར་ཞུགས་ཀྱི་ཏནྟྲ། སྐུའི་ཐུགས་རྒྱུད་གསང་བ་འདུས་པའི་ཏནྟྲའོ།། གསུང་གི་རྒྱུད་གསུམ་གཅིག་ལས་འཕྲོས་པའི་ཏནྟྲ། པདྨ་དབང་གི་ཏནྟྲ། ཟླ་གསང་ཐིག་ལེའི་ཏནྟྲ། ཐུགས་ཀྱི་རྒྱུད་གསུམ་རྩ་བ་འདུས་པའི་ཏནྟྲ། རི་བོ་བརྩེགས་པའི་ཏནྟྲ། གསང་བ་འདུས་པའི་ཏནྟྲ། ཡོན་ཏན་གྱི་རྒྱུད་གསུམ་ལ་ནམ་མཁའ་མཛོད་དུ་བྱིན་གྱིས་རླབས་པའི་ཏནྟྲ། བདུད་རྩི་སྒྲུབ་ཐབས་ཀྱི་ཏནྟྲ། དཔལ་མཆོག་དང་པོའི་ཏནྟྲ། ཕྲིན་ལས་ཀྱི་རྒྱུད་གསུམ་ལ་ཀཱི་ལ་ཡ་བཅུ་གཉིས་ཀྱི་ཏནྟྲ། སྒྲོལ་མ་བརྩེགས་པའི་ཏནྟྲ། ཀརྨ་མཱ་ལེའི་ཏནྟྲ་དང་བཅོ་ལྔའོ།། དེ་རྣམས་ཀྱི་དོན་བསྡུས་པ་གསང་བའི་སྙིང་པོའི་ཏནྟྲ་དང་བཅུ་དྲུག དམ་ཚིག་ཐམས་ཅད་གྱི་གཞིའི་རྩ་བར་གྱུར་པ་སཱ་མ་ཡ་འབུམ་སྡེ་བཀོད་པའི་རྒྱུད་དང་བཅུ་བདུན། མ་ཚང་བ་ཁ་བསྐང་བ་ཐབས་ཀྱི་ཞགས་པ་པདྨོའི་ཕྲེང་བའི་རྒྱུད་དང་བཅོ་བརྒྱད་བསྒྱུར་ཅེས་གསུངས་ཤིང་། ཟུར་ལུགས་ལ་ནི། གསང་བདག་ཞལ་ལུང་ལས། དཔལ་ཕྲེང་དམ་པའི་འགྲེལ་བ་སློབ་དཔོན་ཀུ་ཀུ་རཱ་ཛས་མཛད་པར། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་གཞི་དང་རྩ་བར་གྱུར་པའི་རྒྱུད་སྡེ་ལྔ། སྒྲུབ་པ་ལག་ལེན་དུ་སྟོན་པ་རོལ་བའི་རྒྱུད་སྡེ་ལྔ། སྤྱོད་པ་ཡན་ལག་ཏུ་འགྲོ་བའི་རྒྱུད་སྡེ་ལྔ། ཆོ་ག་མ་ཚང་བ་ཁ་སྐོང་བར་བྱེད་པ་རྒྱུད་ཕྱི་མ་ལྟ་བུ་གཉིས། དེ་ཐམས་ཅད་ཀྱི་བསྡུས་དོན་ལྟ་བུའི་རྒྱུད་ཆེན་པོ་གཅིག་དང་བཅོ་བརྒྱད་དོ།། ཞེས་གསུངས་པ་ལྟར་བདག་ཅག་གི་རྗེ་བླ་མའི་དགོངས་པ་ཡང་ཕྱི་མར་གནས་ཏེ་ཤིན་ཏུ་ལེགས་པ་ཉིད་དོ།། ཞེས་གསུངས་པ་ལྟར། པདྨ་འགྱུར་མེད་རྒྱ་མཚོའི་གསང་སྙིང་སྤྱི་དོན་མཐོང་བས་དོན་རྟོགས་ལས། བབས་སོ་དེ་དག་གི་ནང་ནས་མ་ཧཱ་ཡོ་གའི་ཐེག་པ་ལ་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཡོད་པ་ལས། དེའི་གྲངས་ལ་བཞེད་པ་མི་མཐུན་པ་མང་ཡང་། གཏེར་ཆེན་བླ་མའི་དགོངས་པ་ལ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་གཞི་དང་རྩ་བར་གྱུར་པའི་རྒྱུད་སྡེ་ཆེན་པོ་ལྔ་། སྒྲུབ་པ་ལག་ལེན་དུ་སྟོན་པ་རོལ་བའི་རྒྱུད་སྡེ་ལྔ། སྤྱོད་པའི་ཡན་ལག་ཏུ་འགྲོ་བའི་རྒྱུད་སྡེ་ལྔ། མ་ཚང་བ་ཁ་སྐོང་བར་བྱེད་པའི་རྒྱུད་ཕྱི་མ་ལྟ་བུ་གཉིས། དེ་ཐམས་ཅད་ཀྱི་བསྡུས་དོན་ལྟ་བུའི་རྒྱུད་སྡེ་ཆེན་པོ་གཅིག་དང་བཅོ་བརྒྱད་དོ།། ཞེས་དང་། དེ་དག་གི་རྗེས་སུ་འབྲངས་ནས་རྒྱུད་འབུམ་འདི་ཉིད་ཀྱི་ཞུ་དག་བྱེད་པོ་དགེ་རྩེ་པཎ་ཆེན་གྱི་གསང་སྙིང་སྤྱི་དོན་ལེགས་བཤད་རོལ་མཚོ་ལས། མ་ཧཱ་ཡོ་གའི་ཐེག་པ་ལ་ཏནྡྲ་ཆེན་པོ་སྡེ་བཅོ་བརྒྱད་ཡོད་པ་ལས། འདིའི་གྲངས་ལ་བཞེད་པ་མང་ཡང་། རང་ལུགས་གཏེར་ཆེན་བླ་མའི་དགོངས་པ་ལ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་གཞི་དང་རྩ་བར་གྱུར་པའི་རྒྱུད་སྡེ་ལྔ། སྒྲུབ་པ་ལག་ལེན་དུ་སྟོན་པ་རོལ་བའི་རྒྱུད་སྡེ་ལྔ། སྤྱོད་པའི་ཡན་ལག་ཏུ་འགྲོ་བའི་རྒྱུད་སྡེ་ལྔ། མ་ཚང་བ་ཁ་སྐོང་བར་བྱེད་པའི་རྒྱུད་ཕྱི་མ་ལྟ་བུ་གཉིས། དེ་ཐམས་ཅད་ཀྱི་བསྡུས་དོན་ལྟ་བུའི་རྒྱུད་སྡེ་ཆེན་པོ་གཅིག་དང་བཅོ་བརྒྱད་དོ།། ཞེས་གསུངས་པ་ལྟར་རྒྱུད་འབུམ་འདིར་ནི་ལུགས་ཕྱི་མའི་དབང་ལྟར་དུ་བྱས་ནས་བཞུགས་སུ་གསོལ་ཡོད་དོ།། ལུགས་འདི་ལྟར་ན། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་གཞི་དང་རྩ་བར་གྱུར་པའི་རྒྱུད་སྡེ་ལྔ་ནི། སྐུ་ཡི་རྒྱུད་སངས་རྒྱས་མཉམ་སྦྱོར། གསུང་གི་རྒྱུད་ཟླ་གསང་ཐིག་ལེ། ཐུགས་ཀྱི་རྒྱུད་གསང་བ་འདུས་པ། ཡོན་ཏན་གྱི་རྒྱུད་དཔལ་མཆོག་དང་པོ། ཕྲིན་ལས་ཀྱི་རྒྱུད་ཀརྨ་མཱ་ལེ་ལྔ་དང་། སྒྲུབ་པ་ལག་ལེན་དུ་སྟོན་པ་རོལ་བའི་རྒྱུད་སྡེ་ལྔ་ནི། ཧེ་རུ་ཀ་རོལ་པའི་རྒྱུད། རྟ་མཆོག་རོལ་པའི་རྒྱུད། སྙིང་རྗེ་རོལ་པའི་རྒྱུད། བདུད་རྩི་རོལ་པའི་རྒྱུད། (རྡོ་རྗེ་བདུད་རྩིའི་རྒྱུད་ཅེས་ཀྱང་བྱུང་ངོ་།། མཆན།) ཕུར་པ་བཅུ་གཉིས་པ་འབྱུང་བའི་རྒྱུད་དོ།། སྤྱོད་པའི་ཡན་ལག་ཏུ་འགྲོ་བའི་རྒྱུད་སྡེ་ལྔ་ནི། རི་བོ་བརྩེགས་པ། (སྤྱི་ཏིའི་རྒྱུད་སྨིན་ཞེས་ཀྱང་བྱུང་ངོ་།། མཆན།) ཡེ་ཤེས་རྔམ་གློག དམ་ཚིག་བཀོད་པ། ཏིང་འཛིན་རྩེ་གཅིག གླང་ཆེན་རབ་འབོག་རྣམས་སོ།། མ་ཚང་བ་ཁ་སྐོང་བར་བྱེད་པའི་རྒྱུད་ཕྱི་མ་ལྟ་བུ་གཉིས་ནི། རྣམ་སྣང་སྒྱུ་འཕྲུལ་དྲ་བ་དང་། འཕགས་པ་ཐབས་ཀྱི་ཞགས་པ་པདྨོའི་ཕྲེང་བ་གཉིས་སོ།། དེ་ཐམས་ཅད་ཀྱི་བསྡུས་དོན་ལྟ་བུའི་རྒྱུད་སྡེ་ཆེན་པོ་གཅིག་ནི་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བའོ།།གསང་བ་སྒྱུ་འཕྲུལ་གྱི་སྐོར་ལ། ཀུན་མཁྱེན་ཆེན་པོ་དང་གླན་སོགས་ཀྱིས། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སྣང་བདེན་པ་དབྱེར་མེད་དུ་སྟོན་པ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ། ལས་ཚོགས་རྒྱས་པར་སྟོན་པ་རྣམ་སྣང་སྒྱུ་འཕྲུལ་དྲྭ་བ། སྡེ་སྣོད་ཡོངས་ལ་ཁྱབ་པར་སྟོན་པ་འཇམ་དཔལ་སྒྱུ་འཕྲུལ་དྲ་བ། རོལ་བ་མངོན་པར་བརྗོད་པ་ལྷ་མོ་སྒྱུ་འཕྲུལ་ཏེ་སྒྱུ་འཕྲུལ་སྡེ་བཞིར་བཞེད་པ་དང་། ཡང་འདུལ་འཛིན་མཁྱེན་རབ་རྒྱ་མཚོའི་ཆོས་འབྱུང་དྲིས་ལན་རིན་པོ་ཆེ་ལུང་གི་བང་མཛོད་ལས་ཀྱང་། མ་ཧཱ་ནང་ལྟར་བཤད་པ་ལ་སྒྱུ་འཕྲུལ་སྡེ་བཞི། རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲྭ་བ། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ། ཧེ་རུ་ཀ་སྒྱུ་འཕྲུལ་དྲྭ་བ། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་དང་བཞི་བསྒྱུར་ཅེས་དང་། ཟུར་ལུགས་པ་རྣམས་ནི་སྒྱུ་འཕྲུལ་སྡེ་བརྒྱད་དུ་བཞེད་དེ། སྒྲོལ་མ་བསམ་འགྲུབ་རྡོ་རྗེའི་གསང་བའི་སྙིང་པོའི་རྒྱུད་ཀྱི་ཁོག་དབུབས་རིན་ཆེ་འབར་བའི་གུར་ལས། སེམས་དང་ཡེ་ཤེས་རང་སྣང་དུ་སྟོན་པ་སྒྱུ་འཕྲུལ་རྩ་བའི་རྒྱུད་གསང་བ་སྙིང་པོ། རོལ་པ་མངོན་པར་བརྗོད་པ་ལྷ་མོ་སྒྱུ་འཕྲུལ། དཀྱིལ་འཁོར་རྫོགས་པ་སྟོན་པ་སྒྱུ་འཕྲུལ་རྒྱས་པ། ཕྲིན་ལས་རྫོགས་པར་སྟོན་པ་སྒྱུ་འཕྲུལ་བཞི་བཅུ་པ། དབང་གཙོ་བོར་སྟོན་པ་སྒྱུ་འཕྲུལ་བླ་མ། ཡོན་ཏན་མཐར་ཕྱིན་པར་སྟོན་པ་སྒྱུ་འཕྲུལ་བརྒྱད་ཅུ་པ། སྡེ་སྣོད་ཡོངས་ལ་ཁྱབ་པར་སྟོན་པ་འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ཆེན་པོ། དམ་ཚིག་མཆོག་ཏུ་སྟོན་པ་སྒྱུ་འཕྲུལ་ལེ་ལག་དང་བརྒྱད་དོ།། ཞེས་དང་། གཡུང་སྟོན་རྡོ་རྗེ་དཔལ་བའི་གསང་བ་སྙིང་པོའི་རྒྱུད་དོན་གསལ་བྱེད་མེ་ལོང་ལས། འདི་ལ་རྒྱ་གར་ན་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་དུ་ཡོད་པ་ལས། བོད་དུ་འགྱུར་བ་ལ་སྒྱུ་འཕྲུལ་སྡེ་བརྒྱད། ཅེས་དང་། གསང་བདག་ཞལ་ལུང་ལས། སེམས་དང་ཡེ་ཤེས་རང་སྣང་དུ་སྟོན་པ་རྩ་བའི་རྒྱུད་གསང་བ་སྙིང་པོ། རོལ་བ་མངོན་པར་བརྗོད་པ་ལྷ་མོ་སྒྱུ་འཕྲུལ་དྲ་བ། དཀྱིལ་འཁོར་རྫོགས་པ་སྟོན་པ་སྒྱུ་འཕྲུལ་བརྒྱད་པ། ཕྲིན་ལས་རྫོགས་པར་སྟོན་པ་བཞི་བཅུ་པ། དབང་གཙོ་བོར་སྟོན་པ་བླ་མ། ཡོན་ཏན་མཐར་ཕྱིན་པར་སྟོན་པ་བརྒྱད་ཅུ་པ། སྡེ་སྣོད་ཡོངས་ལ་ཁྱབ་པར་སྟོན་པ་འཇམ་དཔལ་སྒྱུ་འཕྲུལ་དྲ་བ། དམ་ཚིག་མཆོག་ཏུ་སྟོན་པ་ལེ་ལག་དང་བརྒྱད་དོ།། ཞེས་དང་། རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས་ཀྱི་གསང་བདག་དགོངས་རྒྱན་གྱི་སྤྱི་དོན་བླ་མའི་མན་ངག་རིན་ཆེན་ཕྲེང་བ་ལས། འདི་དག་ལ་སྔ་རབས་པ་དག་གིས་དགོངས་པ་མི་མཐུན་པ་མང་ཡང་། ཟུར་ལུགས་ལ་སྒྱུ་འཕྲུལ་སྡེ་བརྒྱད། བཤད་རྒྱུད་སྡེ་བཞི་ཞེས་བཤད་པའི་སྡེ་བརྒྱད་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སྣང་དབྱེར་མེད་དུ་སྟོན་པ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ། ལས་ཚོགས་རྒྱས་པར་སྟོན་པ་རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲྭ་བ། སྡེ་སྣོད་ཡོངས་ལ་ཁྱབ་པར་སྟོན་པ་འཇམ་དཔལ་སྒྱུ་འཕྲུལ་དྲ་བ། དཀྱིལ་འཁོར་རྫོགས་པ་སྟོན་པ་སྒྱུ་འཕྲུལ་བརྒྱད་པ། ཕྲིན་ལས་རྫོགས་པར་སྟོན་པ་བཞི་བཅུ་པ། དབང་གཙོ་བོར་སྟོན་པ་བླ་མ། ཡོན་ཏན་མཐར་ཕྱིན་པར་སྟོན་པ་སྒྱུ་འཕྲུལ་བརྒྱད་ཅུ་པ། དམ་ཚིག་མཆོག་ཏུ་སྟོན་པ་ལེ་ལག་དང་བརྒྱད་དོ།། ཞེས་དང་། མཁས་གྲུབ་ནམ་མཁའ་རིན་ཆེན་གྱིས་མཛད་པའི་གསང་བ་སྙིང་པོའི་འགྲེལ་བ་རྒྱུད་དོན་གསལ་བར་བྱེད་པའི་སྒྲོན་མེ་ཡིད་བཞིན་གྱི་ནོར་བུ་ལས་ཀྱང་། རྒྱ་གར་ན་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་དུ་ཡོད་པ་ལས། བོད་དུ་འགྱུར་བ་ལ་སྒྱུ་འཕྲུལ་སྡེ་བརྒྱད། ཅེས་གསུངས་ཤིང་། ཡང་ཚིག་རིས་ཅུང་མི་མཐུན་པ་ནི། ཉང་ཉི་མ་འོད་ཟེར་གྱི་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་ལས། སྒྱུ་འཕྲུལ་སྡེ་བརྒྱད་ལ། སེམས་དང་ཡེ་ཤེས་རང་སྣང་དུ་སྟོན་པ་གསང་བ་སྙིང་པོ། ཕྲིན་ལས་ཁ་ཚང་བར་བསྟན་པ་སྒྱུ་འཕྲུལ་བཞི་བཅུ་པ། དབང་མངོན་དུ་གྱུར་པ་སྒྱུ་འཕྲུལ་བླ་མ། དམ་ཚིག་དང་ལྟ་བའི་མན་ངག་ཏུ་གྱུར་པ་སྒྱུ་འཕྲུལ་ལེ་ལག དོན་བསྡུས་ནས་བསྟན་པ་སྒྱུ་འཕྲུལ་ལེའུ་བརྒྱད་པ། རོལ་པ་མངོན་དུ་གྱུར་པ་ལྷ་མོ་སྒྱུ་འཕྲུལ། དེ་ནས་མ་ཚང་བ་ཁ་སྐོང་བ་སྒྱུ་འཕྲུལ་རྒྱས་པ་བརྒྱད་ཅུ་པ། དོན་དམ་པ་ཡེ་ཤེས་སུ་བཤད་པ་འཇམ་དཔལ་སྒྱུ་འཕྲུལ་ལོ།། ཞེས་བྱུང་ཞིང་། དགེ་རྩེ་པཎ་ཆེན་གྱི་གསང་སྙིང་སྤྱི་དོན་འོད་གསལ་སྙིང་པོ་ལས་ནི་གསང་བདག་ཞལ་ལུང་སོགས་དང་མཐུན་པར། སྒྱུ་འཕྲུལ་སྡེ་བརྒྱད་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སྣང་དབྱེར་མེད་དུ་སྟོན་པ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ། ལས་ཚོགས་རྒྱས་པར་སྟོན་པ་རྣམ་སྣང་སྒྱུ་འཕྲུལ་དྲྭ་བ། སྡེ་སྣོད་ཡོངས་ལ་ཁྱབ་པར་སྟོན་པ་འཇམ་དཔལ་སྒྱུ་འཕྲུལ་དྲ་བ། དཀྱིལ་འཁོར་རྒྱས་པར་སྟོན་པ་སྒྱུ་འཕྲུལ་བརྒྱད་པ། ཕྲིན་ལས་རྒྱས་པར་སྟོན་པ་བཞི་བཅུ་པ། དབང་གཙོ་བོར་སྟོན་པ་བླ་མ། ཡོན་ཏན་མཐར་ཕྱིན་པར་སྟོན་པ་བརྒྱད་ཅུ་པ། དམ་ཚིག་མཆོག་ཏུ་སྟོན་པ་ལེ་ལག་དང་བརྒྱད་དོ།། ཞེས་གསུངས་ཀྱང་རྒྱུད་འབུམ་རིན་པོ་ཆེ་འདིའི་དཀར་ཆག་གི་ས་བཅད་མཛད་སྐབས་སྒྱུ་འཕྲུལ་སྡེ་བཞི་དང་སྡེ་བརྒྱད་ཀྱི་གསལ་ཁ་མ་བྱུང་ངོ་།།ཨ་ནུ་ཡོ་གའི་སྐོར་ལ། རྩ་བའི་མདོ་བཞི་དང་། མཐའ་དྲུག་གསལ་བར་བྱེད་པའི་རྒྱུད་དྲུག དཀོན་རྒྱུད་བཅུ་གཉིས་སུ་གྲགས་པ་རྣམས་ལས། དམ་ཚིག་བཀོད་པའི་རྒྱུད་མ་གཏོགས་པ་གཞན་ཐམས་ཅད་གོ་རིམ་དང་མཐུན་པར་བཞུགས་སོ།།
སེམས་སྡེའི་སྐོར་ལ། གྲུབ་མཐའ་རིན་པོ་ཆེའི་མཛོད་ལས། སེམས་སྡེའི་རྒྱུད་ལ། བོད་དུ་འགྱུར་བ་ལ་སེམས་སྨད་བཅོ་བརྒྱད་དུ་གྲགས་པའི་སྔ་འགྱུར་ལྔ་ནི། རིག་པའི་ཁུ་བྱུག རྩལ་ཆེན་སྤྲུགས་པ། ཁྱུང་ཆེན་ལྡིང་བ། རྡོ་ལ་གསེར་ཞུན། མི་ནུབ་པའི་རྒྱལ་མཚན་ནམ་མཁའ་ཆེའོ།། དེ་དག་བཻ་རོ་ཙ་ནས་བསྒྱུར་པའོ།། བི་མ་ལ། ཀུ་མཱ་ར། གཡུ་སྒྲ་གསུམ་གྱིས་བསྒྱུར་བའི་ཕྱི་འགྱུར་བཅུ་གསུམ་ནི། རྩེ་མོ་བྱུང་རྒྱལ། ནམ་མཁའི་རྒྱལ་པོ། བདེ་བ་ཕྲ་བཀོད། རྫོགས་པ་སྤྱི་ཆིངས། བྱང་ཆུབ་སེམས་ཏིག བདེ་བ་རབ་འབྱམས། སྲོག་གི་འཁོར་ལོ། ཐིག་ལེ་དྲུག་པ། རྫོགས་པ་སྤྱི་གཅོད། ཡིད་བཞིན་ནོར་བུ། ཀུན་འདུས་རིག་པ། རྗེ་བཙུན་དམ་པ། སྒོམ་པ་དོན་གྲུབ་བོ།། དེ་དག་གི་སྟེང་དུ་བཻ་རོས་སྔར་བསྒྱུར་པའི་ཀུན་བྱེད། རྨད་བྱུང་། མདོ་བཅུ་གསུམ་བསྡོམས་པས་སེམས་སྡེ་ཉེར་གཅིག་གོ། ཞེས་གསུངས་པ་རྣམས་རྒྱུད་འབུམ་འདིར་ཆ་ཚང་བར་མི་བཞུགས་ཤིང་། སེམས་སྨད་བཅོ་བརྒྱད་ལས་ཀྱང་ཁ་ཅིག་ས་བཅད་ཀྱི་དཀྱུས་སུ་བྱུང་ཞིང་། ཁ་ཅིག་ཁ་སྐོང་ར་པོད་ནང་དུ་བཞུགས་པ་དང་། ཁ་ཅིག་ནི་མི་བཞུགས་སོ།།
ཡང་གསང་འོད་གསལ་རྫོགས་པ་ཆེན་པོའི་རྒྱུད་བཅུ་བདུན་པོ་རྣམས་ནི་འདིར་རྫོགས་པར་བཞུགས་ཤིང་། འདི་དག་ནི་མངོན་སུམ་འོད་གསལ་གསང་བ་སྙིང་ཐིག་གི་མན་ངག་གི་རྒྱུད་སྡེ་ཡོངས་ཀྱི་རྒྱལ་པོ་ཡིན་པས། ཤེས་རབ་ཅན་རྣམས་ལ་གོ་བ་བསྐྱེད་པའི་ཕྱིར་མདོ་ཙམ་བརྗོད་ན། དེ་ཡང་རྒྱུད་བཅུ་བདུན་ནི། སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད་ལས། འོད་ཀྱི་ཡང་ཞུན་བཅུ་བདུན་བཤད།། རང་ཤར་བ་དང་རང་གྲོལ་དང་།། རང་བྱུང་ཉིད་དང་རྩལ་རྫོགས་དང་།། མཛེས་ལྡན་དག་དང་ཕྲ་བཀོད་དང་།། མུ་ཏིག་ཕྲེང་དང་ཡི་གེ་མེད།། དབྱིངས་དང་ཐུགས་ཀྱི་མེ་ལོང་དང་།། ཉི་ཟླ་ཁ་སྦྱོར་ངོ་སྤྲོད་སྤྲས།། སྐུ་གདུང་འབར་དང་རིན་ཆེན་སྤུངས།། སྒྲོན་མ་འབར་དང་ཀློང་ཆེན་དྲུག། དེ་ལྟར་བཅུ་དྲུག་རིམ་པ་རྣམས།། ཐལ་འགྱུར་ལས་ནི་ངེས་འཕྲོས་ནས།། གདུལ་ཡུལ་སེམས་ཅན་རྣམས་ལ་སྣང་།། ཞེས་དང་། ཐེག་མཆོག་མཛོད་ལས། བརྗོད་བྱ་རྒྱ་མཚོ་ལྟར་ཟབ་ཅིང་རྒྱ་ཆེ་བར་སྟོན་པ་རིག་པ་རང་ཤར་གྱི་རྒྱུད། ཉི་མ་ལྟར་གསལ་བར་སྟོན་པ་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད། ཐེག་པ་འོག་མ་རྣམས་ཟིལ་གྱིས་གནོན་པ་སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད། མི་འགྱུར་བའི་ཆོས་ཉིད་སྟོན་པ་རི་རྒྱལ་ལྟ་བུའི་རྒྱུད་དཔལ་ཡི་གེ་མེད་པ། འཁྲུལ་བའི་འཁོར་ལོ་གཅོད་པར་སྟོན་པ་འཁོར་ལོ་ལྟ་བུའི་རྒྱུད་བཀྲ་ཤིས་མཛེས་ལྡན། སྡེ་སྣོད་ཀུན་གྱི་སྒོ་འབྱེད་པར་སྟོན་པ་ལྡེ་མིག་ལྟ་བུའི་རྒྱུད་སྒྲ་ཐལ་འགྱུར། གོལ་ས་གཅོད་པར་སྟོན་པ་རལ་གྲི་ལྟ་བུའི་རྒྱུད་ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་། སྒྲོན་མའི་སྣང་བ་སྟོན་པར་བྱེད་པས་གསལ་ཤིང་ལྟ་བུའི་རྒྱུད་སྒྲོན་མ་འབར་བ། ཚིག་དོན་གསེར་ལ་གཡུས་སྤྲས་པ་ལྟར་སྟོན་པས་གསེར་ཞུན་ལྟ་བུའི་རྒྱུད་ནོར་བུ་ཕྲ་བཀོད། ཡིད་ཆེས་ངེས་པའི་ཚིག་གིས་བར་མ་དོ་ལ་གསལ་འདེབས་པས་མ་བུ་འབྲེལ་བ་ལྟ་བུའི་རྒྱུད་ཉི་ཟླ་ཁ་སྦྱོར། མེ་ལོང་ནང་དུ་གཟུགས་བརྙན་བསྟན་པ་ལྟ་བུར་དཔེ་དོན་སྦྱར་ཏེ་སྟོན་པས་མེ་ལོང་ལྟ་བུའི་རྒྱུད་ངོ་སྤྲོད་སྤྲས་པ། མུ་ཏིག་གི་ཕྲེང་བ་བརྒྱུད་ལེགས་པ་ལྟར་མན་ངག་ཁྲིགས་ཆགས་སུ་སྟོན་པ་མུ་ཏིག་ཕྲེང་བའི་རྒྱུད། སྦྲུལ་གྱི་མདུད་པ་ལྟར་གཞུང་ཚིག་རང་གྲོལ་དུ་སྟོན་པ་སྦྲུལ་མདུད་ལྟ་བུའི་རྒྱུད་རིག་པ་རང་གྲོལ། ཁྱུང་ཆེན་པོ་ནམ་མཁའ་ལ་རྩོལ་སྒྲུབ་མེད་པར་འགྲོ་བ་ལྟ་བུ་ལྟ་བའི་རྒྱུད་ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད། དབང་དང་བྱིན་རླབས་ཆུ་བོའི་རྒྱུན་བཞིན་སྟོན་པས་ཆུ་བོ་ལྟ་བུའི་རྒྱུད་རྫོགས་པ་རང་བྱུང་། རྒྱལ་པོའི་གདུང་མི་འགྱུར་བས་རྒྱལ་ས་ཟིན་པ་ལྟ་བུའི་རྒྱུད་སྐུ་གདུང་འབར་བ། ཕྱུག་པོའི་བང་མཛོད་གང་འདོད་འབྱུང་བ་ལྟ་བུའི་རྒྱུད་རིན་པོ་ཆེ་སྤུངས་པ། སྤུ་གྲི་ངར་མས་གང་ལ་རེག་པ་གཅོད་པ་ལྟར་འགལ་བྱེད་ཆམ་ལ་འབེབས་པས་སྤུ་གྲི་ལྟ་བུའི་རྒྱུད་ནག་མོ་ཁྲོས་མ་དང་བཅོ་བརྒྱད་དོ།། དེའང་ནག་མོ་ཁྲོས་མ་ནི་བསྟན་པ་སྲུང་བའི་ཕྱིར་རྒྱུད་ནས་འཕྲོས་པ་ཡིན་ལ། གཞན་བཅུ་དྲུག་སྒྲ་ཐལ་འགྱུར་གྱི་རྩ་བ་ལས་འཕྲོས་པ་ཡིན་ཏེ་ཞེས་གསུངས་ཤིང་། འདི་དག་གི་གནས་ངེས་པ་ནི། མུ་ཏིག་ཕྲེང་བ་ལས། རྒྱ་མཚོ་དང་ནི་ཉི་མ་དང་།། སེང་གེ་དང་ནི་རི་རྒྱལ་དང་།། འཁོར་ལོ་དང་ནི་ལྡེ་མིག་དང་།། རལ་གྲི་དང་ནི་གསལ་ཤིང་དང་།། གསེར་ཞུན་དང་ནི་མ་བུ་འབྲེལ།། མེ་ལོང་དང་ནི་མུ་ཏིག་རྒྱུས།། སྤྲུལ་མདུད་དང་ཁྱུང་ཆེན་དང་།། ཆུ་རྒྱུན་དང་ནི་སྤུ་གྲི་དང་།། རྒྱལ་པོ་དང་ནི་བང་མཛོད་དང་།། དེ་ལྟར་རྣམ་པར་ཕྱེ་བས་ནི།། ཚིག་རྒྱུད་གསལ་བར་ཕྱེ་བའོ།། ཞེས་གསུངས་སོ།།དེ་དག་གི་དགོས་པ་ནི་མུ་ཏིག་ཕྲེང་བ་ལས། རྡོ་རྗེ་འཛིན་པ་ངེས་ཟུངས་ཤིག། རྒྱུད་ཀྱི་སྙིང་པོ་གསུམ་ཤེས་ན།། རྒྱལ་བློན་འབངས་གསུམ་འཛོམས་པ་འདྲ།། རྒྱུད་ཀྱི་དྭངས་མ་གསུམ་ཤེས་ན།། རི་གསུམ་རྩེ་མོར་ཕྱིན་པ་འདྲ།། རྒྱུད་ཀྱི་མེ་ཏོག་གསུམ་ཤེས་ན།། མཁའ་ལ་ཉི་མ་གསུམ་ཤར་འདྲ།། རྒྱུད་ཀུན་སྡོམ་གཅིག་ཤེས་པ་ནི།། མཁར་གྱི་འགྲམ་རྡོ་ལེགས་བཙུད་འདྲ།། སྣང་བ་གཏིང་རྫོགས་རྒྱུད་ཤེས་ན།། རྩེ་མོར་འབྱོངས་པའི་མཁར་དང་འདྲ།། ཡེ་ཤེས་གཡུལ་ལྡོག་རྒྱུད་ཤེས་ན།། ཕྱོགས་བཞིར་སྐར་ཁུང་གཏོད་པ་འདྲ།། ཡན་ལག་རྒྱུད་ཆེན་གཉིས་ཤེས་ན།། ཕྱོགས་བཞིར་བ་གམ་བཏགས་པ་འདྲ།། རྣལ་འབྱོར་གྲོལ་བའི་རྒྱུད་ཤེས་ན།། རྒྱལ་པོ་མཁར་གྱི་རྩེར་བཞག་འདྲ།། སྙིང་དང་འདྲ་བའི་རྒྱུད་ཤེས་ན།། དེ་ལ་སྒོ་མོ་དམ་དཀྲིགས་འདྲ།། གསང་བ་རང་གཞུང་རྒྱུད་ཤེས་ན།། ཐ་མ་ལྕགས་རིས་བསྐོར་བ་འདྲ།། མཚོན་ཆ་ལྟ་བུའི་རྒྱུད་ཤེས་ན།། གོ་ཞུབ་ལྡན་པས་སྒོ་སྲུང་འདྲ།། ཞེས་གསུངས་པའི་དོན་བཞིན་ཐེག་མཆོག་མཛོད་ལས། དང་པོ་རྒྱུད་ཀྱི་སྙིང་པོ་གསུམ་ནི། རིག་པ་རང་ཤར། རང་གྲོལ། ཡི་གེ་མེད་པ་གསུམ་སྟེ། འདི་དག་གསུམ་ཤེས་ན་རྒྱལ་པོས་དམངས་ལ་དབང་བསྒྱུར་བ་ལྟར་རྒྱུད་ཕྱིའི་དོན་ལ་དབང་བསྒྱུར་བའོ།། དེ་ཡང་ཡི་གེ་མེད་པས་རྒྱུད་སྤྱིའི་མན་ངག་སྟོན། དེ་ལ་བློན་པོས་ཁ་ལོ་བསྒྱུར་བ་དང་འདྲ་བ་རང་ཤར་གྱིས་ལྟ་སྒོམ་སྤྱོད་པའི་གཞི་འཛིན། འབངས་ཀྱིས་གཡོག་དང་དཔྱ་ལ་སོགས་པ་བྱེད་པ་ལྟར་རང་གྲོལ་གྱིས་དེ་ཉིད་ཀྱི་དོན་འགྲོལ་བའོ།། དེ་གསུམ་འཛོམས་པས་རྒྱལ་ཁམས་མངའ་དབང་བསྒྱུར་བ་ལྟར་རྒྱུད་སྡེ་ཀུན་ལ་དབང་བསྒྱུར་བའོ།། གཉིས་པ་རྒྱུད་ཀྱི་དྭངས་མ་གསུམ་ནི། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་། ནོར་བུ་ཕྲ་བཀོད་གསུམ་སྟེ། འདི་གསུམ་ཤེས་ན་རི་གསུམ་གྱི་རྩེར་ཕྱིན་པས་དམའ་བའི་ལུང་པ་རྣམས་མཐོང་བ་ལྟར་རྒྱུད་སྡེ་ཀུན་གྱི་ཁོང་དོན་ཤེས་པའི་དགོས་པ་ཡོད་དོ།། གསུམ་པ་རྒྱུད་ཀྱི་མེ་ཏོག་གསུམ་ནི། མུ་ཏིག་ཕྲེང་བ། བཀྲ་ཤིས་མཛེས་ལྡན། སེང་གེ་རྩལ་རྫོགས་ཏེ་འདི་གསུམ་ཤེས་ན་ནམ་མཁའ་ལ་ཉི་མ་གསུམ་ཤར་བས་འཇིག་རྟེན་གྱི་མུན་པ་སངས་པ་ལྟར། རྒྱུད་ཀྱི་དོན་དང་ཚིག་ལ་རྨོངས་པ་མེད་པར་རྟོགས་པའི་དགོས་པ་ཡོད་དོ།། བཞི་པ་རྒྱུད་ཀུན་གྱི་སྡོམ་ནི། རྫོགས་པ་རང་བྱུང་སྟེ། མཁར་གྱི་རྨང་འགྲམ་ལེགས་པར་ཚུད་ན་སྟེང་དུ་ཐོག་རིམ་པ་མང་པོ་བརྩིགས་བཏུབ་པ་ལྟར། དབང་དང་ལྡན་པས་ཐར་བའི་གཞི་ཐིངས་པར་ཤེས་པའི་དགོས་པ་ཡོད་དོ།། ལྔ་བ་རྒྱུད་ཀྱི་སྣང་བ་གཏིང་རྫོགས་ནི། ངོ་སྤྲོད་སྤྲས་པ་སྟེ། མཁར་རྩེ་མོར་འབྱངས་ནས་དམག་གིས་མི་ཚུགས་པ་ལྟར་འཁོར་བའི་གནས་ལ་མི་འཇིགས་པའི་དགོས་པ་ཡོད་དོ།། དྲུག་པ་ཡེ་ཤེས་གཡུལ་ལྡོག་གི་རྒྱུད་ནི། ཉི་ཟླ་ཁ་སྦྱོར་ཏེ། བར་དོར་འཁྲུལ་བ་ལྡོག་པའི་དགོས་པ་ཡོད་དོ།། བདུན་པ་ཡན་ལག་གི་རྒྱུད་གཉིས་ནི། རིན་པོ་ཆེ་སྤུངས་པ་དང་། སྐུ་གདུང་འབར་བ་སྟེ། མཁར་ལ་བ་གམ་བཏགས་པ་ལྟར་ཡེ་ཤེས་རང་སྣང་དུ་རྟོགས་པས་རབ་ཏུ་མཛེས་པའི་དགོས་པ་ཡོད་དོ།། བརྒྱད་པ་རྣལ་འབྱོར་གྲོལ་བའི་རྒྱུད་ནི། སྒྲོན་མ་འབར་བ་སྟེ། རྒྱལ་པོ་ཕོ་བྲང་གི་རྩེར་བཞུགས་ན་འདོད་དགུ་འགྲུབ་པ་ལྟར། འདི་ཤེས་པས་དོན་རྣམས་འགྲུབ་པའི་དགོས་པ་ཡོད་དོ།། དགུ་བ་སྙིང་དང་འདྲ་བ་ནི། ཀློང་དྲུག་པ་སྟེ། སྒོ་བསྡམས་པས་དགྲ་རྐུན་གྱིས་གླགས་མི་མཐོང་བ་ལྟར། ལྟ་བ་རྟོགས་པས་གོལ་སྒྲིབ་དང་བར་ཆད་མེད་པའི་དགོས་པ་ཡོད་དོ།། བཅུ་པ་གསང་བ་རང་གཞུང་ནི། ཐ་མ་ལྕགས་རིས་བསྐོར་བ་ལྟར་དོགས་པ་ཐམས་ཅད་གཅོད་པ་སྒྲ་ཐལ་འགྱུར་རོ།། བཅུ་གཅིག་པ་མཚོན་ཆ་ལྟ་བུ་ནི། ནག་མོ་ཁྲོས་མ་སྟེ། སྒོ་སྲུང་བཟང་བས་གནོད་བྱེད་ནང་དུ་མི་གཏོང་བ་ལྟར། འགལ་བྱེད་ཆམ་ལ་འབེབས་ཤིང་བར་ཆད་ཐམས་ཅད་བསྲུང་བའོ།། ཞེས་གསུངས་སོ།།དེ་དག་གི་དགོས་པའི་དབང་དང་འབྲེལ་བའི་གོ་རིམ་ནི། མུ་ཏིག་ཕྲེང་བ་ལས། རྩ་བའི་རྒྱུད་ཆེན་རྣམ་གཉིས་ཀྱིས།། ཆོས་ཀུན་ངོ་བོ་གཅིག་པར་བཤད།། བཤད་རྒྱུད་མ་བུ་གཉིས་ཀྱིས་ནི།། ལོ་འདབ་རྒྱས་པའི་ཚུལ་དུ་བཤད།། ཡན་ལག་རྒྱུད་ནི་གཉིས་དག་གིས།། རྒྱ་མཚོར་གཟའ་སྐར་ཤར་བཞིན་བཤད།། ལུང་རིགས་གསལ་བའི་རྒྱུད་གཉིས་ཀྱིས།། མེ་ཏོག་ཁ་ཕྱེའི་ཚུལ་དུ་བཤད།། མན་ངག་རྒྱུད་སྡེ་བཞི་ཡིས་ནི།། འབྲས་བུ་སྨིན་པའི་ཚུལ་དུ་བཤད།། དགོངས་པ་རང་གནས་རྒྱུད་གསུམ་གྱིས།། མཐོང་བྱེད་མིག་གི་ཚུལ་དུ་བཤད།། འཇུག་པ་རང་གྲོལ་རྒྱུད་གཉིས་ཀྱིས།། དྲན་གཞི་སྙིང་གི་ཚུལ་དུ་བཤད།། མཁས་པ་ཆོ་གའི་རྒྱུད་གཉིས་ཀྱིས།། མེལ་ཚེ་བྱེད་པའི་ཁྱི་ལྟར་བཤད།། ཅེས་གསུངས་པའི་དོན་ཐེག་མཆོག་མཛོད་ལས། གོ་རིམ་གྱི་སྡེ་ཚན་བརྒྱད་ལས། དང་པོ་རྩ་བའི་རྒྱུད་གཉིས་ནི། རྫོགས་པ་རང་བྱུང་རྩ་བའི་ལུང་བརྒྱད་ལ་བརྟེན་ནས་ཕྱི་སྤྲོས་བཅས་ཀྱི་དབང་གིས་འགྲོ་བ་སྤྲོས་པ་ལ་དགའ་བ་རྣམས་སྨིན་པར་བྱེད་པ་དང་། ཡི་གེ་མེད་པའི་རྒྱུད་ལེའུ་དྲུག་པ་ལ་བརྟེན་ནས་སྨིན་པ་དེ་གྲོལ་བར་བྱེད་པའི་མན་ངག་གི་གནད་རྫོགས་པར་བསྟན་པའོ།། གཉིས་པ་བཤད་རྒྱུད་མ་བུ་གཉིས་ནི། བཤད་པའི་རྒྱུད་རིག་པ་རང་ཤར་ལེའུ་བརྒྱད་ཅུ་རྩ་དྲུག་པ་ལ་བརྟེན་ནས། ལྟ་སྒོམ་སྤྱོད་པ་འབྲས་བུ་བཞིའི་བརྗོད་བྱ་ཁྱད་པར་དུ་གསལ་བ་དང་། རིག་པ་རང་གྲོལ་ལེའུ་དགུ་པ་ལ་བརྟེན་ནས་མའི་ས་གཅོད་ཀྱི་དམིགས་གསལ་བར་བྱེད་པའོ།། གསུམ་པ་ཡན་ལག་གི་རྒྱུད་གཉིས་ནི། རིན་པོ་ཆེ་སྤུངས་པ་ལེའུ་ལྔ་པ་ལ་བརྟེན་ནས་ཡོན་ཏན་རང་ལ་རྫོགས་པར་བསྟན་པ་དང་། སྐུ་གདུང་འབར་བ་ལེའུ་གསུམ་པ་ལ་བརྟེན་ནས་སྔ་ཕྱི་ལུས་ངག་ཡིད་ཀྱི་རྟགས་བསྟན་པའོ།། བཞི་པ་ལུང་རིགས་གསལ་བའི་རྒྱུད་གཉིས་ནི། སྒྲ་ཐལ་འགྱུར་ལེའུ་དྲུག་པ་ལ་བརྟེན་ནས་སྡེ་སྣོད་ཐམས་ཅད་ཀྱི་རྩ་བར་བསྟན་པ་དང་། བཀྲ་ཤིས་མཛེས་ལྡན་ལེའུ་བདུན་པ་ལ་བརྟེན་ནས་འཁྲུལ་བའི་དུས་ལ་སོགས་པ་ངོས་བཟུང་བའོ།། ལྔ་པ་མན་ངག་གི་རྒྱུད་སྡེ་བཞི་ནི། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལེའུ་བརྒྱད་པ་ལ་བརྟེན་ནས་ངོ་སྤྲད་པ་དང་འཕྲད་པ་དང་། དབང་དང་དམ་ཚིག་ལ་སོགས་པ་བསྟན་པ་དང་། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལེའུ་བདུན་པ་ལ་བརྟེན་ནས་གོལ་སྒྲིབ་ཤན་ཕྱེད་པར་བསྟན་པ་དང་། ངོ་སྤྲོད་སྤྲས་པ་ལེའུ་གསུམ་པ་ལ་བརྟེན་ནས་དཔེ་དོན་རྟགས་ལ་ཡིད་ཆེས་པར་བསྟན་པ་དང་། མུ་ཏིག་ཕྲེང་བ་ལེའུ་བརྒྱད་པ་ལ་བརྟེན་ནས་མན་ངག་ཁྲིགས་ཆགས་སུ་བསྟན་པས་སངས་རྒྱ་བར་བྱེད་པའོ།། དྲུག་པ་དགོངས་པ་རང་གནས་ཀྱི་རྒྱུད་གསུམ་ནི། ཀློང་དྲུག་པ་ལེའུ་དྲུག་པ་ལ་བརྟེན་ནས་རིགས་དྲུག་གི་སྐྱེ་གནས་དག་པར་བྱས་པས་ཁམས་གསུམ་དོང་སྤྲུགས་པར་བསྟན་པ་དང་། སྒྲོན་མ་འབར་བ་ལེའུ་བཞི་པ་ལ་བརྟེན་ནས་སྒྲོན་མ་བཞི་དངོས་སུ་བསྟན་པ་དང་། ཉི་ཟླ་ཁ་སྦྱོར་ལེའུ་བཞི་པ་ལ་བརྟེན་ནས་བར་དོ་བཞི་ལམ་དུ་འཁྱེར་བར་བསྟན་པའོ།། བདུན་པ་འཇུག་པ་རང་གྲོལ་གྱི་རྒྱུད་གཉིས་ནི། སེང་གེ་རྩལ་རྫོགས་ལེའུ་བཅུ་གསུམ་པ་ལ་བརྟེན་ནས་ལྟ་བ་དབྱིངས་དབྱུང་བར་བསྟན་པ་དང་། ནོར་བུ་ཕྲ་བཀོད་ལེའུ་བཅུ་བཞི་པ་ལ་བརྟེན་ནས་རྣལ་འབྱོར་བའི་ལམ་སྲོལ་དུ་འཇུག་པར་བསྟན་པའོ།། བརྒྱད་པ་མཁས་པ་ཆོ་གའི་རྒྱུད་ནི། དཔལ་ནག་མོ་ཁྲོས་མའི་རྒྱུད་ལེའུ་བརྒྱ་རྩ་བརྒྱད་ལ་བརྟེན་ནས་བསྟན་པ་དམ་པ་སྲུང་བའོ།། ཞེས་གསུངས་སོ།། དེ་ལྟར་ སྡེ་ཚན་བརྒྱད་དུ་འཇོག་པའི་འཐད་པ་ཡང་། དེ་ལས། དེ་ཡང་རྩ་བའི་རྒྱུད་གཉིས་མེད་ན། སྡོང་པོ་རྩ་བ་རུལ་བས་ཡལ་ག་འབྱུང་མི་སྲིད་པ་ལྟ་བུའོ།། བཤད་རྒྱུད་མ་བུ་གཉིས་མེད་ན། དེ་ལས་ལོ་འདབ་མེད་པས་མེ་ཏོག་མི་འབྱུང་བ་འདྲའོ།། ཡན་ལག་གི་རྒྱུད་གཉིས་མེད་ན། ཡན་ལག་མེད་པས་ལག་རྡུམ་བྲག་ལ་འཛེགས་ཀྱང་ལྷུང་བ་དང་འདྲའོ།། འཇུག་པ་རང་གྲོལ་གྱི་རྒྱུད་གཉིས་མེད་ན། སྙིང་མེད་པའི་རོས་གཞན་གྱི་དོན་བྱེད་མི་ནུས་པ་འདྲའོ།། ལུང་རིགས་གསལ་བའི་རྒྱུད་གཉིས་མེད་ན། མེ་ཏོག་མེད་པས་འབྲས་བུ་དུས་སུ་མ་སྨིན་པ་དང་འདྲའོ།། མན་ངག་གི་རྒྱུད་སྡེ་བཞི་མེད་ན། འབྲས་བུ་མེད་པས་སོ་ནམས་བྱས་པ་དོན་མེད་པ་དང་འདྲའོ།། དགོངས་པ་རང་གནས་ཀྱི་རྒྱུད་གསུམ་མེད་ན། མིག་མེད་པའི་མིས་ལམ་མི་ཤེས་པས་གྲོང་ཁྱེར་དུ་འཇུག་མི་ནུས་པ་དང་འདྲའོ།། མཁས་པ་ཆོ་གའི་རྒྱུད་མེད་ན། མེལ་ཚེ་བྱེད་པའི་ཁྱི་མེད་ན་ནོར་ལ་དགྲ་རྐུན་འཆོར་བ་དང་འདྲའོ།། དེ་ལྟར་བརྒྱད་པོ་དེ་མེད་ན་བསྟན་པ་གཅིག་གི་ཆ་རྐྱེན་མ་རྫོགས་ལ། ཡོད་ན་རྫོགས་པས་བརྒྱད་དུ་འཐད་ཅིང་བརྒྱད་དུ་ངེས་ལ། དེ་ལས་མང་ན་མི་དགོས་སོ།། དེ་ཡང་རྩ་བའི་རྒྱུད་ལ་སོགས་པ་སྡེ་ཚན་བརྒྱད་ཀྱི་མིང་དོན་བཤད་ན། རྩ་བ་ནི་ཟུག་པ་རྩ་བ་ལྟར་བཤད་པས་རྩ་བ་རིག་པར་འདུ་བ་ལ་དགོངས། བཤད་པ་ནི་རྒྱས་པ་ལོ་འདབ་ལྟར་བཤད་པས་ཚིག་དོན་བསྲེ་བ་ལ་དགོངས། ཡན་ལག་ནི་འདྲིལ་བ་སྡོང་པོ་ལྟར་བཤད་པས་དབྱིངས་རིག་གཉིས་སུ་མེད་པ་ལ་དགོངས། ལུང་རིགས་ནི་གསལ་བ་མེ་ཏོག་ལྟར་བཤད་པས་སྒྲོན་མེའི་རང་ངོར་འཛིན་ཅིང་བསྟན་དུ་ཡོད་པ་ལ་དགོངས། མན་ངག་ནི་སྨིན་པ་འབྲས་བུ་ལྟར་བཤད་པས་སྐུ་གསུམ་ལམ་དུ་བྱེད་པ་ལ་དགོངས། དགོངས་པ་རང་གནས་ནི་གྲོལ་ལམ་མཐོང་བྱེད་ལྟར་བཤད་པས་འབྲས་བུ་ལམ་དུ་བྱེད་པ་ལ་དགོངས། འཇུག་པ་རང་གྲོལ་ནི་དྲན་རིག་ལམ་དུ་སློང་བ་སྐྱེས་བུ་སྙིང་སྟོབས་དང་ལྡན་པ་ལྟར་བཤད་པས་སྒྲོན་མ་ཉིད་རང་ངོ་སྤྲད་པ་ལ་དགོངས། མཁས་པ་ཆོ་ག་ནི་མན་ངག་གི་ལུང་རྫོགས་པ་ལྟར་བཤད་པས་བསྟན་པ་དམ་པ་བསྲུང་ནས་ཡུན་རིང་དུ་གནས་པ་ལ་དགོངས་པའོ།། ཞེས་གསུངས་སོ།།རྒྱུད་བཅུ་བདུན་སྔགས་སྲུང་ཁྲོས་མའི་རྒྱུད་དང་བཅས་པ་དེ་དག་གི་མ་བུའི་གནས་ངེས་པ་ཡང་ཐེག་མཆོག་མཛོད་ལས། རིག་པ་རང་ཤར་ལ། བཤད་པའི་ཡང་ཏིག དེའི་བསྡུས་དོན། སྒྲ་དོན་བསྡུས་ཡིག སྒྲ་གནས་འཁོར་ལོ། དེའི་རྒྱབ་ཡིག དེ་བསྡུས་དཔེ་ཆུང་སྟེ་མ་བུ་བདུན་བཞུགས་སོ།། སྙིང་གི་མེ་ལོང་ལ། གཞུང་དོན་འགྲེལ་བ། གསང་བའི་དོན་བསྡུས། གསང་བའི་རྒྱབ་ཡིག་སྟེ་མ་བུ་བཞིའོ།། སེང་གེ་རྩལ་རྫོགས་ལ། བཤད་ཏིག་ཆེན་མོ། མཚམས་སྦྱར་ལྡེ་མིག ལེའུ་མཚན་བཤད། དོན་སྐོར་བསྡུས་པ། དགོངས་པའི་ཏི་ཀ དམིགས་སེལ་བདུན་པ། ལྟ་བའི་གཟེར་བཀོད། དེའི་རྟགས་ཡིག གསང་བའི་རྒྱབ་ཡིག་སྟེ་མ་བུ་བཅུའོ།། ཡི་གེ་མེད་པ་ལ། པདྨ་ཁ་འབྱེད། དོན་བསྡུས་སྒྲོན་མ། གསང་བའི་ཞལ་ཆེམས། གསང་བའི་རྒྱབ་ཡིག་སྟེ་མ་བུ་ལྔའོ།། བཀྲ་ཤིས་མཛེས་ལྡན་ལ། འཁྲུལ་གཞི་གསལ་བའི་མེ་ལོང་། འཁྲུལ་བའི་སྡེབས་ཡིག་ཆེན་མོ། སྒྲོན་མ་འདུས་པ། དེ་ཉིད་དོན་བསྡུས། ལྷུན་གྲུབ་ཡི་གེ ཀ་དག་ཡི་གེ འཁོར་ལོ་དྲུག་རིམ། གསང་བའི་རྒྱབ་ཡིག་སྟེ་མ་བུ་དགུའོ།། ཐལ་འགྱུར་ལ། འབྱུང་བཞིའི་གནད་ཡིག སྒྲ་བཞི་མཚམས་སྦྱོར། རིན་ཆེན་སྒྲོན་མ། དོན་བསྡུས་ཡང་སྙིང་། གསང་བའི་རྒྱབ་ཡིག་སྟེ་མ་བུ་དྲུག་གོ ཐུགས་ཀྱི་མེ་ལོང་ལ། ཐེག་པའི་རུ་ཤན། སྨྲ་བའི་མཚོན་ཆ། འཕྲ་རྒྱུད་དྲིལ་བ། སྒྲོན་མ་འོད་འབར། དེ་ཉིད་བསྡུས་དོན་ཏེ་མ་བུ་དྲུག་གོ སྒྲོན་མ་འོད་འབར་ལ། སྒྲོན་མའི་ཁུངས་གཅོད། མུ་ཏིག་ཕྲེང་བརྒྱུས། དོན་བསྡུས་ཡང་ཏིག གསང་བའི་རྒྱབ་ཡིག་སྟེ་མ་བུ་ལྔའོ།། ནོར་བུ་ཕྲ་བཀོད་ལ། ཕྲ་བཀོད་བཅུ་པ། ཕྱག་རྒྱ་འདུས་པ། ལྷའི་ཕྱག་སོར། སྣང་བ་བསྡུས་པ། རིན་ཆེན་བཀོད་པ། དོན་བསྡུས་ཆེན་པོ་སྟེ་མ་བུ་བདུན་ནོ།། ཉི་ཟླ་ཁ་སྦྱོར་ལ། འོད་ཀྱི་ཚུལ་བཤད། རིན་ཆེན་གསེར་ཕྲེང་། དོན་བསྡུས་ལྡེ་མིག སྙིང་གཟེར་ཆེན་པོ། རིན་ཆེན་གསེར་ཡིག་སྟེ་མ་བུ་དྲུག་གོ ངོ་སྤྲོད་སྤྲས་པ་ལ། ངོ་སྤྲོད་གསུམ་པ། ཡེ་ཤེས་ལག་སྤྲད། སྐུ་གསུམ་ལག་ཁྲིད། འོད་གསལ་ལྡེ་མིག ཡེ་ཤེས་ལྔ་སྐོར། རིག་པའི་མེ་ཏོག གསལ་བའི་སྒྲོན་མ། བདུད་རྩི་ཡང་ཞུན། རིམ་པ་དྲུག་པ། སྣང་བ་བསྡུས་པ། ལྟ་བའི་དམིགས་སེལ། ཁྲེགས་ཆོད་བདུན་པ་སྟེ་མ་བུ་བཅོ་ལྔའོ།། མུ་ཏིག་ཕྲེང་བ་ལ། མུ་ཏིག་གསལ་བྱེད། དེ་ཉིད་དོན་བསྡུས། གསང་བའི་རྒྱབ་ཡིག་སྟེ་མ་བུ་བཞིའོ།། རིག་པ་རང་གྲོལ་ལ། ཡི་གེའི་སྦྱོར་བཤད། རིན་ཆེན་འཁོར་ལོ། དེ་ཉིད་བསྡུས་དོན་ཏེ་མ་བུ་བཞིའོ།། རྫོགས་པ་རང་བྱུང་ལ། དབང་གི་རྩ་བ། དབང་གི་དག་བྱེད། འཁོར་ལོ་དྲུག་པ། དབང་གི་ལས་བྱང་། དབང་གི་ཕྲ་ཐིག དབང་བཀོད་ཆེན་པོ། སྤྲོས་མེད་གོ་ཆ། དབང་གི་ལྡེ་མིག དབང་གི་པྲ་ཁྲིད། དོན་བསྡུས་གསལ་བྱེད། གསང་བའི་རྒྱབ་ཡིག་སྟེ་མ་བུ་བཅུ་གཉིས་སོ།། ཀློང་དྲུག་པ་ལ། ཀློང་ཆེན་དྲུག་པ། རིན་ཆེན་གསལ་ཕྲེང་། དེའི་དོན་བསྡུས། གསང་བའི་རྒྱབ་ཡིག་སྟེ་མ་བུ་བཞིའོ།། སྐུ་གདུང་འབར་བ་ལ། པདྨ་ཀློང་ཡངས། བཀོད་པ་ལྔ་པ། བབས་ལུགས་བཅུ་གཅིག སྒྲོན་མ་ཕྲེང་བཀོད། དེ་ཉིད་དོན་བསྡུས། གསང་བའི་རྒྱབ་ཡིག་སྟེ་མ་བུ་བདུན་ནོ།། རིན་ཆེན་སྤུངས་པ་ལ། ཤེས་རབ་འཁོར་ལོ།། དགོས་དོན་བཞི་པ། གཅོད་བྱེད་མེ་ལྕེ། དེའི་བསྡུས་དོན། གསང་བའི་རྒྱབ་ཡིག་སྟེ་མ་བུ་དྲུག་གོ ནག་མོ་ཁྲོས་མ་ལ། ཐུན་དྲུག་དྲིལ་བ། ཐུན་གྱི་བརྒྱད་དྲིལ། སྔགས་ཀྱི་ནང་ཐེམ། བསྙེན་སྒྲུབ། སྤྱི་འདུས། དེའི་རྟགས་ཡིག དེའི་ཚད་ཡིག བསམ་གྲུབ་ལེའུ། རྫས་སྒྲུབ་དྲུག་པ། སྐུ་རྐྱང་སྒྲུབ་པ། སྣ་ཚོགས་ལས་སྒྲུབ། གསང་བའི་ཏི་ཀ གསང་བའི་རྒྱབ་ཡིག་སྟེ་མ་བུ་བཅུ་གསུམ་མོ།། དེ་ལྟར་གསང་ཆེན་ངེས་པའི་རྒྱུད་བཅུ་བདུན་ཁྲོས་མ་དང་བཅས་པ་ལ། རྩ་བ་མ་རྣམས་ནི་རྒྱུད་དངོས་ཡིན་ལ། བུ་རྣམས་ནི་རིག་འཛིན་སོ་སོས་མཛད་པའི་བཤད་ཏིག་ཡིན་ཏེ། བསྡོམས་པས་རྒྱུད་མ་བུ་ངེས་པའི་ཁ་བྱང་ཞེས་བྱ་བ་ཡིན་ནོ།། ཞེས་གསུངས་པ་ལྟར། འདིར་བཞུགས་པའི་རྒྱུད་སྡེ་སོ་སོའི་མཇུག་ཏུ། རྫོགས་པ་རང་བྱུང་གི་རྒྱུད་མ་བུ་བཅུ་གཉིས་ཞེས་དང་། ཡི་གེ་མེད་པ་ཉིད་ལ་མ་བུ་ལྔ་ཞེས་དང་། རིག་པ་རང་ཤར་རྒྱུད་ལ་མ་བུ་བདུན་ཞེས་སོགས་བྱུང་ཡང་། དེ་དག་ནི་སྤྱིའི་ཁ་བྱང་ཙམ་ལས་འདིར་མི་བཞུགས་སོ།། འདི་དག་སྐྱེས་བུ་གཅིག་གིས་ཚུལ་ཇི་ལྟར་ཉམས་སུ་ལེན་པའི་གོ་རིམ་དང་། རྒྱུད་སྡེ་རེ་རེའི་བསྟན་དོན་རྣམས་ནི་རིན་པོ་ཆེ་དུང་ཡིག་ཅན་དུ་བཞུགས་པའི་རྒྱུད་ཀྱི་ཁོག་སྙིང་བསྡེབས་པ་དང་། རྒྱུད་ཀྱི་ཁོང་དོན་བསྡུས་པ་སྒྲོན་མ་སྣང་བྱེད་སོགས་ལས་ཤེས་པར་བྱ་ཞིང་། རིག་འཛིན་འཇིགས་མེད་གླིང་པའི་དྲིས་ལན་རིན་པོ་ཆེ་ལུང་གི་བསྟན་བཅོས་སོགས་ལས་ཀྱང་རྒྱུད་སྡེ་རིན་པོ་ཆེ་འདི་དག་གི་རྣམ་བཤད་མང་དུ་བྱུང་ཡང་། ཚིག་རིས་ཙམ་ལས་དོན་ལ་མི་འདྲ་བ་མེད་པས་འདིར་བཀོད་པའི་ངལ་བ་མ་བྱས་སོ།།ཡང་གསང་སྔགས་ཀྱི་རྒྱུད་ལ་རྒྱུད་བཅུ་བདུན་ལྟ་བུ་སྔ་འགྱུར་རྙིང་མའི་རྒྱུད་སྡེ་ཡིན་ལ་གསར་མའི་རྒྱུད་སྡེ་མ་ཡིན་པ་དང་། ཐལ་ལོའི་གསར་འགྱུར་བཅུ་གསུམ་དུ་གྲགས་པ་ལྟ་བུ་གསར་མའི་རྒྱུད་སྡེ་ཡིན་ལ་རྙིང་མ་མ་ཡིན་པ། གསར་རྙིང་གཉིས་ཀ་ཐུན་མོང་གི་རྒྱུད་སྡེ་ཡིན་པ་གསང་བ་འདུས་པ་ལྟ་བུ། གསར་རྙིང་གཉིས་གང་གི་རྒྱུད་སྡེའི་ཐ་སྙད་མེད་པ་ད་ལྟ་མཁའ་འགྲོའི་གནས་ན་བཞུགས་པའི་རྒྱུད་སྡེ་བོད་དུ་མ་འགྱུར་བ་ལྟ་བུ་སྟེ་མུ་བཞི་ལས། རྒྱུད་འབུམ་རིན་པོ་ཆེ་འདིར་ནི་གསང་སྔགས་རྙིང་མའི་རྒྱུད་སྡེ་དང་། གསར་རྙིང་གཉིས་ཀའི་རྒྱུད་ཡིན་པ་གསང་བ་འདུས་པ་སོགས་ལས་གསར་མ་རྐྱང་བ་ཡིན་པའི་རྒྱུད་སྡེ་ནི་མི་བཞུགས་ཤིང་། རྒྱུད་ཀྱི་བརྗོད་བྱ་སྔགས་རྙིང་མར་གཏོགས་པའི་དབང་གིས་གསར་མའི་ལོ་ཙཱ་བ་རྣམས་ཀྱིས་བསྒྱུར་པའི་རྒྱུད་ཀྱང་འགའ་རེ་བཞུགས་ཡོད་དོ།།
གཞན་ཡང་གཏེར་ཁུང་དུ་མ་སོང་བར་བཀའ་ནས་བཀར་བརྒྱུད་དེ་ཡོང་བའི་བཀའ་མ་དང་། བཀའ་ནས་གཏེར་ཁུང་དུ་སོང་ཞིང་། དེ་ནས་གཏེར་སྟོན་གྱིས་བཏོན་པའི་གཏེར་མ་གཉིས་ལས་འདིར་ནི་བཀའ་གཏེར་གཉིས་ཀྱི་རྒྱུད་བཞུགས་ཤིང་། གཏེར་མ་ལ་མངའ་བདག་ཉང་ཉི་མ་འོད་ཟེར་དང་། གཏེར་ཆེན་སངས་རྒྱས་གླིང་པ་སོགས་ཀྱི་གཏེར་ཁ་མང་ཙམ་བཞུགས་པ་དང་། རཏྣ་གླིང་པ་དང་། རྡོ་རྗེ་གླིང་པ། གུ་རུ་ཡེ་ཤེས་ཁྱུང་གྲགས། ལྕེ་སྒོམ་ནག་པོ། འབྲོམ་ཡེ་ཤེས་སྙིང་པོ་སོགས་ཀྱི་གཏེར་བྱོན་ཡང་འགའ་རེ་བཞུགས་སོ།།
ཡང་རྩ་རྒྱུད་དང་བཤད་རྒྱུད་སོགས་ཀྱི་ཁྱད་པར་ནི། སྔ་རབས་པ་འགའ་ཞིག བརྗོད་བྱ་མི་གསལ་བ་མུན་པ་ལྟར་གནས་པ་རྩ་རྒྱུད། གསལ་བྱེད་སྣང་བ་ལྟར་སྟོན་པ་བཤད་རྒྱུད་ཅེས་བཞེད་པ་དང་། ཡང་སྟོན་པས་གསུངས་པ་རྩ་རྒྱུད། འཆད་པའི་སྐྱེས་བུས་གསུངས་པ་བཤད་རྒྱུད་དུ་བཞེད་པ་དང་། གཞུང་གཞན་ལ་མ་བརྟེན་པར་དོན་གཞན་བསྐྱེད་ནུས་པ་རྩ་རྒྱུད། རྒྱུད་ཀྱི་དོན་འགྲོལ་བར་བྱེད་པ་བཤད་རྒྱུད་དུ་བཞེད་པ་རྣམས་ནི་ལོ་ཆེན་རིན་པོ་ཆེའི་གསང་བདག་ཞལ་ལུང་དུ་བཀག་ཅིང་། དུར་ཁྲོད་རྨད་བྱུང་གི་རྒྱུད་ལས། ཐོག་མར་གསུངས་པ་རྩ་བའི་རྒྱུད།། ཕྱིས་ནས་གསུངས་པ་བཤད་པའི་རྒྱུད།། མདོ་ཙམ་བརྗོད་པ་རྩ་བ་ལ།། གསལ་བར་བྱེད་པ་རྩ་བའི་རྒྱུད།། ཅེས་གསུངས་པ་བཞིན། རོག་བདེ་གཤེགས་ཆེན་པོས། ཐོག་མར་བྱུང་ཞིང་བཤད་གཞིར་གྱུར་པ་རྩ་རྒྱུད། རྗེས་ལ་བྱུང་ཞིང་འཆད་བྱེད་དུ་གྱུར་པ་བཤད་རྒྱུད་ཅེས་གསུངས་པ་ལེགས་པར་དགོངས་པ་ཡིན་ཞེས་ལོ་ཆེན་རིན་པོ་ཆེས་གསུངས་ཏེ། ཁོ་བོ་ཅག་གི་འདྲེན་པ་ཆེན་པོ་མཁན་ཆེན་བླ་མ་ཚུལ་ཁྲིམས་བློ་གྲོས་ཀྱི་ཞལ་སྔ་ནས་ཀྱང་འདི་ཉིད་འཐད་ལྡན་དུ་གསུངས་སོ།།ཡང་རྒྱུད་སྔ་མར་གབ་པ་མངོན་དུ་ཕྱུང་བ་ནི་རྒྱུད་ཕྱི་མ། དེར་ཡང་མི་གསལ་བ་གསལ་བར་བྱེད་པ་ནི་ཕྱི་མའི་ཕྱི་མ། མ་ཚང་བ་ལོགས་སུ་གསུངས་པ་ཁ་སྐོང་གི་རྒྱུད། དཀའ་བ་ལོགས་སུ་བཀྲལ་བ་དཀའ་བ་གཅོད་པའི་རྒྱུད། རྩ་བཤད་ལས་ལོགས་སུ་བྱུང་བ་ཀལྤ་དུམ་བུའི་རྒྱུད་ཅེས་ལོ་ཆེན་རིན་པོ་ཆེས་གསུངས་སོ།།
དེ་ལྟར་གསང་སྔགས་ནང་གི་རྒྱུད་སྡེ་རིན་པོ་ཆེ་རྣམས་བསྟན་པ་སྔ་དར་གྱི་སྐབས་སུ་རྒྱལ་པོའི་ཆོས་ཁྲིམས་བཙན་པས་གང་ཟག་དབང་པོ་ཡང་རབ་རྣམས་ཀྱི་ལྐོག་ཆོས་སུ་ཉམས་སུ་ལེན་པ་ལས། ཀུན་ཀྱིས་ཉམས་སུ་ལེན་པ་དང་། ཕྱོགས་བསྒྲིགས་བྱེད་པ་དང་། དཀར་ཆག་འགོད་པ་དང་། སྐད་གསར་བཅད་སོགས་བྱེད་ཆོག་པ་མ་བྱུང་ཡང་། བསྟན་པ་ཕྱི་དར་གྱི་རྗེས་ནས་ཆོས་ཁྲིམས་སྔར་བཞིན་མེད་པ་དང་། བསྟན་པ་ལ་ཐུགས་ཁུར་ཆེ་བའི་སྐྱེས་བུ་དམ་པ་རྣམས་ཀྱིས་བསྟན་རྒྱུན་ནུབ་པར་དོགས་ནས་ཕྱོགས་བསྒྲིགས་བྱེད་པ་དང་། དཀར་ཆག་འགོད་པ་དང་། སྐད་གསར་བཅད་སོགས་བྱ་བའི་རྣམ་གྲངས་མང་དུ་མཛད་པ་ཡིན་ནོ།།
དེ་ཡང་དགེ་རྩེ་པཎ་ཆེན་གྱི་རྒྱུད་འབུམ་རིན་པོ་ཆེའི་དཀར་ཆག་ལྷའི་རྔ་བོ་ཆེ་ལྟ་བུའི་གཏམ་སོགས་ལས་ཟུར་ཆུང་པའི་རྣམ་ཐར་འཆད་སྐབས། སྔ་འགྱུར་བསྟན་པའི་བབས་སོ་གསུམ་པ་ཟུར་ཆུང་ཤེས་རབ་གྲགས་པའི་སྐུ་དུས་སུ། བསམ་ཡས་མཆིམས་ཕུ་ན་བཞུགས་པའི་སྦས་པའི་རྣལ་འབྱོར་བ་རོག་ཤཱཀྱ་འབྱུང་གནས་ཀྱིས་ཟུར་པོ་ཆེ་ལ་ཆོས་ལེན་མི་ཐོངས་ཤིག་ཅེས་པའི་ཕོ་ཉ་བརྫངས། ཟུར་པོ་ཆེས་སློབ་མ་བཟང་སྒོམ་ཤེས་རབ་རྒྱལ་པོ་དྲེལ་ཁལ་དང་བཅས་ཆོས་ལེན་དུ་བཏང་བ་ལ། རོག་ཤཱཀ་འབྱུང་གིས་སངས་རྒྱས་མཉམ་སྦྱོར་དང་། ཡང་དག་གི་བདག་གཞན་དཀྱིལ་འཁོར་བཅུ་གཉིས། ཡང་ཕུར་སྦྲགས་མ་ལ་སོགས་པའི་དཀྱིལ་འཁོར་དྲུག་ཅུ་རྩ་གཉིས་ཀྱི་དབང་ལུང་རྗེས་གནང་དཔེ་དང་བཅས་པ་ཐམས་ཅད་གནང་བ། སླར་བཟང་སྒོམ་གྱིས་ཟུར་ཆུང་པ་ལ་ཕུལ་བར་གསུངས་པས། དེ་དུས་ནས་སྔ་འགྱུར་གྱི་རྒྱུད་དང་དབང་ལུང་དུ་མའི་རྒྱུན་ཕྱོགས་གཅིག་ཏུ་བཞུགས་པ་ཙམ་ཞིག་གསལ་ཡང་། རྒྱུད་འབུམ་ཅེས་པའི་ཐ་སྙད་བྱུང་བར་མི་སྣང་ཞིང་། སྔོན་གྱི་ཆོས་འབྱུང་ཁག་ལས་རྒྱུད་འབུམ་གྱི་ཐ་སྙད་དངོས་སུ་བྱུང་བ་ནི། གུ་བཀྲའི་ཆོས་འབྱུང་ལས། མངའ་བདག་ཉིང་ཉི་མ་འོད་ཟེར་གྱི་སྲས་འགྲོ་མགོན་ནམ་མཁའ་དཔལ་བའི་རྣམ་ཐར་འཆད་སྐབས། ཡབ་ཀྱི་གཤེགས་རྫོངས་སུ་གསེར་གྱི་རྒྱུད་འབུམ་བཞེངས་པ་དང་། ཞེས་བྱུང་བས་རབ་བྱུང་གསུམ་པ་ཙམ་ནས་རྒྱུད་འབུམ་ཞེས་པའི་མཚན་དངོས་དང་བཅས་རྒྱུད་སྡེ་དུ་མ་ཕྱོགས་གཅིག་ཏུ་བཞུགས་སུ་གསོལ་བའི་སྲོལ་བྱུང་བར་སྣང་ཞིང་།ཡང་ཟུར་བཟང་པོ་དཔལ་རྒྱ་ནག་ཏུ་གོང་མའི་ཕོ་བྲང་གི་རིམ་གྲོ་ལ་ཐེངས་གཉིས་ཕེབས་པའི་དང་པོའི་ཡོན་གྱིས་རྩ་རྒྱུད་གསང་བ་སྙིང་པོ་དང་། འགྲེལ་བ་སྤར་ཁབ། གསང་སྔགས་ལམ་རིམ། མན་ངག་དགུ་པ་ལ་སོགས་པའི་སྔ་འགྱུར་གྱི་ཆོས་སྡེ་ཉི་ཤུ་རྩ་བརྒྱད་པར་དུ་བསྒྲུབས་ནས། སོ་སོར་སྟོང་ཕྲག་རེ་པར་ཏུ་བཏབ་སྟེ་གྲྭ་ས་ལ་བཀྱེ་ཞེས་དང་། ཐེངས་གཉིས་པར་ཕེབས་པའི་སྐུ་ཡོན་གྱིས་བསྟན་པའི་རྒྱུན་ལ་དགོངས་ནས་རྒྱུད་འབུམ་བཞེངས་ཞེས་གུ་བཀྲའི་ཆོས་འབྱུང་ལས་བྱུང་ཞིང་། ཟུར་བཟང་པོ་དཔལ་གྱི་འཁྲུངས་ལོ་མ་ངེས་ཀྱང་། རྗེ་འདི་པ་རྟ་ནག་སྒྲོལ་མ་བསམ་གྲུབ་རྡོ་རྗེ་དང་དུས་མཉམ་ཡིན་པས་རབ་བྱུང་ལྔ་པའི་དཀྱིལ་ཙམ་ལ་བྱོན་པར་ངེས་སོ།།
གཏེར་ཆེན་རཏྣ་གླིང་པ་ཡབ་སྲས་ཀྱིས་བཞེངས་པའི་རྒྱུད་འབུམ་ནི། བདུད་འཇོམས་རིན་པོ་ཆེའི་ཆོས་འབྱུང་ལྷ་དབང་གཡུལ་རྒྱལ་སོགས་ལས། ལྷག་པར་དུས་སྐབས་དེ་དག་ཏུ་བཀའ་འགྱུར་དཀར་ཆག་ལྡན་དཀར་མར་གསང་སྔགས་ནང་རྒྱུད་རྣམས་བཀའ་གཉན་པས་འདིར་མ་བཀོད་ཅེས་སྔ་འགྱུར་རྙིང་མའི་རྒྱུད་རྣམས་བཀའ་འགྱུར་སྡེབས་སུ་མ་བཞུགས་སྟབས། དཔེ་ལུང་གཉིས་ཀའི་རྒྱུན་ཤིན་ཏུ་དཀོན་པར་གྱུར་པ་ལ། ཟུར་འུག་པ་ལུང་དུ་རྒྱུད་འབུམ་རགས་རིམ་བཞུགས་པས་མཚོན་ཕྱོགས་མཐའ་དག་ནས་དཔེ་རྒྱུན་རྣམས་ཐུགས་རྩོལ་ཆེན་པོས་བཙལ། ལུང་རྒྱུན་ཡོངས་རྫོགས་གཙང་གི་མེས་སྒོམ་བསམ་གཏན་བཟང་པོ་གཅིག་པུ་ལས་ཁམས་བོད་གང་ན་ཡང་མེད་པར་མཁྱེན་ནས་ལུང་རྒྱུན་ཆད་དུ་ཉེ་བ་ཐུགས་ཀྱིས་མ་བཟོད་དེ། རྗེ་མེས་སྒོམ་སྐུ་ན་ཤིན་ཏུ་བགྲེས་ཀྱང་ཡུན་རིང་པོར་དཔོན་སློབ་གཉིས་ཀས་བརྩོན་པ་ཆེན་པོའི་སྒོ་ནས་གསན། སླར་གྲུ་ཤུལ་ལྷུན་གྲུབ་ཕོ་བྲང་དུ་རྒྱུད་འབུམ་དཀྱུས་གཅིག་ཏུ་བསྒྲིགས་ཏེ་སྔོན་དུ་སྣག་བྲིས་དང་། རྗེས་སུ་གསེར་ཆོས་སུ་བཞེངས་པ་དང་འབྲེལ་ལུང་རྒྱུན་ལན་དུ་མར་སྤེལ་བར་མཛད་པས། དེང་སང་གསང་རྒྱུད་ཡིད་བཞིན་ནོར་བུ་འདི་རྣམས་ལ་ལོངས་སྤྱོད་དུ་ཡོད་པ་གཏེར་ཆེན་འདི་ཉིད་ཀྱི་ཐུགས་རྗེ་ཁོ་ནར་ངེས་པས་ན་སྔ་འགྱུར་སྤྱིའི་བསྟན་པ་ལ་གཅིག་ཏུ་བཀའ་དྲིན་ཆེ་བ་ཡིན་ནོ།། ཞེས་དང་། གུ་བཀྲའི་ཆོས་འབྱུང་ལས། སྲས་ཚེ་དབང་གྲགས་པ་ཁམས་ཕྱོགས་ལ་བྱོན་ཏེ། ཀཿཐོག་རྡོ་རྗེ་གདན་ནས་ཁམས་ལྕགས་མོ་ཡོས་སོགས་ཞབས་ཀྱིས་བཅགས། ཁམས་ཀཿཐོག་ནས་རྙིང་མའི་རྒྱུད་འབུམ་གསེར་མ་པུ་ཏི་བརྒྱད་ཅུ་གྱ་གཉིས་སྤྱན་དྲངས། ཡབ་གྱི་དགོངས་པ་རྫོགས་པ་བྱེད་ཆེད་དུ་རྒྱུད་འབུམ་ཚར་གཅིག་བཞེངས། ལྷུན་གྲུབ་ཕོ་བྲང་ཞེས་གསང་སྔགས་རྒྱུད་ཀྱིས་གང་བའི་གཙུག་ལག་ཁང་ཆེན་པོར་གྱུར། གསེར་ཟངས་ལས་གྲུབ་པའི་ཐུབ་པའི་དབང་པོའི་སྐུ་ཐོག་ཚད་གསུམ་པ་ཉན་ཐོས་གཉིས་དང་བཅས་པ་བཞེངས། གཞན་ཡང་རྟེན་གསུམ་གྲངས་ལས་འདས་པར་བཞེངས་ཏེ་རྒྱུད་འབུམ་ཁོ་ན་ཚར་བཅུ་གསུམ་ཙམ་བཞུགས། ཞེས་གསུངས་སོ།། རཏྣ་གླིང་པ་ཡབ་སྲས་ཀྱིས་བཞེངས་པའི་རྒྱུད་འབུམ་རྣམས་རབ་བྱུང་བཅུ་གསུམ་པའི་ནང་དངོས་སུ་བཞུགས་པ་དང་། པོད་གྲངས་བཞི་བཅུ་ཡོད་ཚུལ་འཇིགས་གླིང་རྙིང་རྒྱུད་དཀར་ཆག་ལས། སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་དཔེ་ལུང་གཉིས་ཀའི་རྒྱུན་ལ་གཅིག་ཏུ་བཀའ་དྲིན་ལྡན་པ་རཏྣ་གླིང་པ་ཡབ་སྲས་ཀྱིས་བཞེངས་པའི་ལྷུན་གྲུབ་ཕོ་བྲང་གི་རྒྱུད་འབུམ་རྣམས་དཔེ་ལུང་གཉིས་ཀའི་རྩ་བར་གྱུར་ལ། སྤྱིར་ལྷུན་གྲུབ་ཕོ་བྲང་ལ་བླ་མ་གོང་མ་དག་གི་གསན་ཡིག་སོགས་ལས་གཏེར་རྒྱུད་མང་པོས་ཁ་བསྐངས་པས་པོད་ཆུང་བཞི་བཅུར་སྣང་ཡང་། ཅེས་བྱུང་ངོ་།།གོང་ར་ལོ་ཆེན་གཞན་ཕན་རྡོ་རྗེས་བཞེངས་པའི་རྒྱུད་འབུམ་ནི། དགེ་རྩེའི་རྙིང་རྒྱུད་དཀར་ཆག་ལས། རྙིང་མ་རྒྱུད་འབུམ་ཚར་གསུམ་བཞེངས་པའི་དང་པོ་གཉིས་བསྟན་རྒྱུན་ལ་དགོངས་ནས་ཁམས་དང་ཀོང་ཡུལ་དུ་སྐྱེལ་བར་མཛད་པས་མཚོན་འགྲོ་དོན་ནུས་པ་ལ་ཕྱག་དཔེ་སོགས་ལག་ན་གང་ཡོད་སྩོལ་ཞིང་། མེད་ནའང་སྒྲུབ་པའི་རྒྱུའི་དངོས་པོ་ལྷུག་པར་གཏོང་། རྙིང་རྒྱུད་ཀྱི་ལུང་རྒྱུན་ཡང་རྗེ་འདི་ལས་ཁམས་དབུས་སུ་ཁྱབ་པས་བསྟན་པ་ལ་སྐུ་དྲིན་ཆེ་ཞེས་བྱུང་སྟེ། རྒྱུད་འབུམ་འདི་ནི་རབ་བྱུང་བཅུ་པའི་སྨད་དམ་ཡང་ན་བཅུ་གཅིག་པའི་སྟོད་ཙམ་ན་བཞེངས་པར་ངེས་ཏེ། དམ་པ་འདི་ཉིད་རབ་བྱུང་བཅུ་པའི་ཤིང་འབྲུག་ལ་འཁྲུངས་པའི་ཕྱིར་རོ།།
སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེས་བཞེངས་པའི་རྒྱུད་འབུམ་ནི། གཏེར་ཆེན་རིན་པོ་ཆེའི་རྣམ་ཐར་དད་པའི་ཤིང་རྟ་ལོ་ཆེན་ཆོས་དཔལ་རྒྱ་མཚོས་མཛད་པ་ལས། རྙིང་མ་རྒྱུད་འབུམ་གྱི་གླེགས་བམ་རྣམས་སྔ་འགྱུར་གྱི་བརྡས་བཅིངས་པ་ལ་ཕྱིས་ཡི་གེ་པ་རྣམས་ཀྱིས་བརྡ་མ་འཁྲོལ་བཞིན་དུ་བརྡ་བསྒྱུར་བ་སོགས་ཡིག་རྒྱུན་མ་དག་པ་འབྱམས་ཆེས་པ་དང་། བཞུགས་ཚུལ་གྱི་སྒྲིག་རིམ་ཀྱང་ཅི་རིགས་པ་འདུག་པར་བརྟེན། སྔ་མོ་མ་དཔེ་ཁུངས་ཐུབ་གང་རྙེད་ཀྱིས་པོད་ཆེན་བཞི་བཞེངས་པར་མཛད་པའི་འཕྲོ་རྣམས་འདི་ལོར་རྫོགས་པར་བཞེངས་པར་བཞེད་དེ། འུག་བྱ་ལུང་། ཀོང་པོ་ཐང་འབྲོག གཙང་རོང་བོན་པོ་རྣམས་ནས་མ་དཔེ་སྤྱན་དྲངས་ཤིང་། དར་གླིང་གི་རྒྱུད་འབུམ་དང་། གཞན་ཡང་རྒྱུད་ཀྱི་དཔེ་རྙིང་ཁུངས་གང་ཆེ་འཚོལ་བར་མཛད་ནས་དཔྱད་ཞུས་ཀྱིས་དག་པ་རྣམས་ཕྱི་མོར་བྱས། དེ་ལའང་རྒྱུད་སྡེ་དང་སྒྲུབ་སྡེ་གར་གཏོགས་དང་། རྒྱུད་ལའང་རྒྱུད་ལུང་མན་ངག་གསུམ་གང་དུ་གཏོགས་པ་སོགས་སྡེ་ཚན་དང་གི་རིམ་མ་འདྲེས་པའི་འཁྲིགས་ཤིན་ཏུ་གཙང་བར་མཛད་རྟིང་། ཨེ་པ་དཔོན་མོ་ཆེ་བ་བསམ་འགྲུབ་སོགས་ཡིག་མཁན་བཅུ་བདུན་གྱིས་གསེར་དངུལ་ལས་རྒྱུད་འབུམ་དང་། ཞེས་གསུངས་སོ།།ཏཱ་ལའི་ཧུ་ཐོག་ཐུ་ངག་དབང་བཤད་སྒྲུབ་རྒྱ་མཚོས་བཞེངས་པའི་རྒྱུད་འབུམ་ནི། དགེ་རྩེའི་རྒྱུད་འབུམ་དཀར་ཆག་ལས། ཡང་མཚོ་སྔོན་པོའི་ཕྱོགས་སུ་གསང་སྔགས་སྔ་འགྱུར་གྱི་བསྟན་པའི་སྣང་བྱེད་གཅིག་པུར་གྱུར་པ། ཏཱ་ལའི་ཧུ་ཐོག་ཐུ་ངག་དབང་བཤད་སྒྲུབ་རྒྱ་མཚོས་དབུས་སུ་བཞེངས་པར་མཛད་པའི་རྙིང་རྒྱུད་སྐྱ་ཆོས་པོད་སུམ་ཅུ་སྐོར་ཕྱོགས་དེའི་སྐྱེ་དགུ་རྣམས་བསོད་ནམས་འཕེལ་བའི་སླད་དུ་སྤྱན་དྲངས་ཏེ་བཞུགས་པ་སོགས་དང་། ཕྱོགས་འདིའི་རྒྱུད་ཀྱི་དཔེ་རྣམས་ཕལ་ཆེར་རྒྱུན་གཅིག་ཏུ་སོང་ཡོད་པས་ཡིག་གཏན་ཁེལ་བའི་སྐྱོན་སེལ་ནུས་པ་ཤིན་ཏུ་དཀའ་ཞིང་། ཏཱ་ལའི་ཧུ་ཐོག་ཐུའི་ཕྱག་དཔེ་དེ་སྐབས་འགར་ཅུང་ཟད་དག་པ་བྱུང་བས་ཕན་ཐོགས་རེ་ཆེ་བྱུང་ཞིང་། ཚིག་རྐང་གཅིག་ནས་ལྔ་དྲུག་བར་ཆད་པ་དང་། ཕྲང་ཆད་སོགས་ཕལ་ཆེར་འདི་ཉིད་ནས་བསབས་ཞེས་བྱུང་ཞིང་། ཏཱ་ལའི་ཧུ་ཐོག་ཐུ་ངག་དབང་བཤད་སྒྲུབ་རྒྱ་མཚོ་ནི་སྨིན་གླིང་གཏེར་ཆེན་ཡབ་སྲས་ཀྱི་ཐུགས་ཟིན་གྱི་སློབ་མ་གཙོ་བོའི་གྲས་ཡིན་ཞིང་། གཏེར་ཆེན་གྱིས་འོ་བྲན་དཔལ་གྱི་ཡེ་ཤེས་ཀྱིས་སྤྲུལ་པར་ངོས་བཟུང་པ་དང་། གཏེར་ཆེན་རང་གི་གཏེར་བདག་དུ་མངའ་གསོལ་བ་ཞིག་ཡིན།
སྟག་ཕུ་བྲག་དམར་དགོན་དུ་བཞུགས་པའི་རྒྱུད་འབུམ་ནི། དགེ་རྩེའི་རྙིང་རྒྱུད་དཀར་ཆག་ལས། སྟག་ཕུ་བྲག་དམར་དགོན་ཞེས་བཀའ་གཏེར་བསྟན་པའི་གསལ་བྱེད་དུ་མ་བྱོན་པའི་གདན་ས་ཆེན་པོ་དེར། རྗེ་བླ་མ་ཀུན་བཟང་རྣམ་རྒྱལ་དང་། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་རྣམ་རོལ་རྡོ་རྗེ་དཔའ་བོས་བཞེངས་པའི་རྒྱུད་རགས་རིམ་དང་། ཞེས་བྱུང་ཞིང་། རྒྱུད་འབུམ་འདི་ནི་རབ་བྱུང་དགུ་པའི་ནང་སྟག་བུ་རེ་ཁེ་འབྲི་རྒྱུད་ཕྱོགས་སུ་འཁྲུངས་པའི་ས་བླ་སངས་རྒྱས་རྡོ་རྗེས། གཙང་གོང་ར་ངེས་གསང་རྡོ་རྗེ་གླིང་ན་བཞུགས་པའི་རྒྱུད་འབུམ་གྱི་དཔེ་ལུང་གཉིས་ཀའི་རྒྱུན་ཕལ་ཆེར་སྟག་བུ་བྲག་དམར་དགོན་དུ་གདན་དྲངས། ཕྱིས་སུ་རབ་བྱུང་བཅུ་གཅིག་པའི་ནང་དུ་བྱོན་པའི་ཀུན་བཟང་རྣམ་རྒྱལ་དང་། ཀུན་བཟང་བློ་གྲོས་སྐུ་མཆེད་རྣམ་གཉིས་ཀྱིས་སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེ་སོགས་ཀྱི་དྲུང་ནས་ཨོ་རྒྱན་སྨིན་གྲོལ་གླིང་ན་བཞུགས་པའི་རྒྱུད་འབུམ་གྱི་དཔེ་ལུང་སོགས་ལེགས་པར་བཞེངས་ཏེ། དཔེ་རྣམས་རང་དགོན་དུ་གདན་དྲངས་ནས་སྔར་གྱི་རྒྱུད་འབུམ་གྱི་སྟེང་དུ་བསྣན་ཏེ་དཔེ་ལུང་གཉིས་ཀའི་རྒྱུན་ཆ་ཡོངས་སུ་ཚང་བར་བྱས་སོ་ཞེས་མི་ཉག་ཐུབ་བསྟན་ཆོས་དར་གྱིས་མཛད་པའི་རྙིང་རྒྱུད་དཀར་ཆག་གསལ་བའི་མེ་ལོང་ལས་བྱུང་ངོ་།།ཀུན་མཁྱེན་རིག་འཛིན་ཆེན་པོ་འཇིགས་མེད་གླིང་པས་བཞེངས་པའི་རྒྱུད་འབུམ་ནི། ཁོང་ཉིད་ཀྱིས་མཛད་པའི་རྒྱུད་འབུམ་དཀར་ཆག་འཛམ་གླིང་ཐ་གྲུ་ཡངས་པའི་རྒྱན་ལས། གཙང་འུག་བྱ་ལུང་ནས་ཀུན་སྤངས་གྲགས་རྒྱན་གྱིས་བཞེངས་པའི་རྒྱུད་འབུམ་རགས་རིམ། གོང་ལོ་གཞན་ཕན་རྡོ་རྗེས་བཞེངས་པ་གཙང་སོགས་ཀྱི་དུས་ཀོང་པོར་བཤུགས་སྟེ་ཐང་འབྲོག་ན་བཞུགས་པ། སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་དཔེ་ལུང་གཉིས་ཀའི་རྒྱུན་ལ་གཅིག་ཏུ་བཀའ་དྲིན་ལྡན་པ་རཏྣ་གླིང་པ་ཡབ་སྲས་ཀྱིས་བཞེངས་པའི་ལྷུན་གྲུབ་ཕོ་བྲང་གི་རྒྱུད་འབུམ་རྣམས་དཔེ་ལུང་གཉིས་ཀའི་རྩ་བར་གྱུར་ལ། སྤྱིར་ལྷུན་གྲུབ་ཕོ་བྲང་ལ་བླ་མ་གོང་མ་དག་གི་གསན་ཡིག་སོགས་ལས་གཏེར་རྒྱུད་མང་པོས་ཁ་བསྐངས་པས་པོད་ཆུང་བཞི་བཅུར་ཐལ་བ་སོགས་ཀྱི་ཀ་ཐ་སྣང་ཡང་། བཀའ་དགོངས་ལ་སོགས་པའི་རྒྱུད་སྡེ་མང་པོ་ནི་ཆོས་སྡེ་དེ་ཀའི་སྡེ་ཚན་དུ་དཔེ་ལུང་གཉིས་ཀའི་རྒྱུན་མ་ཆད་པར་བྱུང་བས་ཕྱོགས་འདིར་འབྲི་བའི་དགོས་པ་ལྷག་པོར་མི་སྣང་། འདིར་ནི་ལྡང་མ་ལྷུན་རྒྱལ་དང་། གཏེར་ཁ་གོང་འོག་གི་ཆོས་སྡེ་ནས་སྤྱི་ཏི་ལ་སོགས་པའི་ཆོས་ཀྱི་བཞུགས་ཚུལ་ལ་ངེས་པར་གཅེས་ཤིང་། གཞུང་དོན་རྨད་དུ་བྱུང་བ་འབའ་ཞིག་མ་གཏོགས། གཙོ་བོར་བཀའ་ནས་བཀར་བརྒྱུད་པ་རྣམས་ཕྱོགས་གཅིག་ཏུ་བཞུགས་པའི་སྡེ་ཚན་གཙོ་བོར་འདུ་བྱེད་པ་ལ། རྒྱལ་དབང་ལྔ་པའི་གསན་ཡིག་དང་། སྨིན་གླིང་གི་རྒྱུད་འབུམ་ཕྱོགས་མཐུན་པ་བྱུང་བས་ཆོས་ཀྱི་བཞུགས་ཚུལ་དེ་བཞིན་བྱས། རྒྱུད་སོ་སོའི་ཕྱོགས་གཏོགས་ཀྱི་ངོས་འཛིན་ལ་ཡོ་ག་གསུམ་གྱི་སྐབས་བཞེད་ཚུལ་མི་འདྲ་བ་མང་དུ་བྱུང་བ་ནི། གཞུང་གི་ངོ་བོས་གསལ་བར་སྟོན་པ་དག་གང་ཟག་གི་བློ་མཐུས་ཉམ་ཉེས་པ་མ་ཡིན་པའི་ཕྱིར། རྒྱལ་བ་གཉིས་པ་ཀུན་མཁྱེན་ངག་གི་དབང་པོས་གྲུབ་མཐའ་མཛོད་ཀྱི་དགོངས་པ་མ་འཁྲུལ་ཞིང་མ་འཛིངས་པ་སྔོན་དུ་བཤད་ནས། འཕྲོས་དོན་ལ་སངས་རྒྱས་ཀྱི་གསུངས་རྣམ་པ་ཐམས་ཅད་པ་ཡིན་པའི་རྒྱུ་མཚན་གོང་དུ་བཀོད་པ་བཞིན་ཡན་མན་གཉིས་ཀར་གཏོགས་པའི་རྒྱུད་ཀྱང་ཡོད་པས་དོན་ལ་མི་འགལ་མོད། ཆོས་འབྱུང་རྙིང་པ་ཁ་ཅིག་དང་། མངའ་རིས་པཎ་ཆེན་ལ་སོགས་པའི་གསུངས་ལ་དཔྱད་ན་དཔེ་ལུང་གཉིས་ཀའི་རྒྱུན་ནུབ་པའང་འགའ་ཞིག་མཆིས་པ་ལས། འདིར་སྨིན་གླིང་གི་རྒྱུད་འབུམ་པོད་ཆེན་ཉི་ཤུ་རྩ་གསུམ་པ་སྤྱི་མོར་བཟུང་། དེར་ཡང་རྒྱུད་བཅུ་བདུན་གྱི་སྡེ་ཚན་འགའ་ཞིག་ལ་རྟོག་དཔྱོད་མེད་པར་གྲངས་ཡིག་བཏབ་པའི་རྒྱུན་འབྱམས་ནས་ལེའུ་གྲགས་ཡིན་མིན་ནོར་བ་སོགས་ཀྱི་གོལ་འཕྱུག་སླར་དཀྱུས་སུ་ཤོར་བ་རེ་མང་དག་འདུག་པ་ཞུ་དག་གི་དུས་ཚོར་བས། མ་ཕྱི་ལ་མཆན་བུ་བཏབ་ཅིང་འདི་ལ་སྐྱར་འབྲི་བྱས། སྡེ་ཚན་རྣམས་ལའང་དང་པོར་ཕྱོགས་བསྒྲིགས་ཤིག་ཡོད་ཚོད་ལ། ཕྱི་མོ་འདིར་པོད་ཁ་སྙོམས་ཕྱིར་འདིར་བྲིས་ཞེས་གྱ་ཚོམས་སུ་བརྒལ་བའང་མང་དུ་འདུག་པ་སླར་ཕྱོགས་སྡེབས་སུ་གང་འགྲིག་བྱས་ཏེ་གཏན་ལ་ཕབ། ལ་ལ་འཐོལ་བ་ལས་དབྱུང་། ཡི་གེ་པའི་སླད་སྐྱོན་དང་། ཞུ་དག་མཁན་གྱིས་དཔྱོད་ཚུལ་ནོར་བ་དང་། བྲི་ནོར་བྱུང་བས་ཤིན་ཏུ་བརྟག་དཀའ་བ་མང་དུ་མཆིས་པ་རྣམས་ལས་པོ་ཏི་གཉིས་གསུམ་ཙམ་མ་གཏོགས་ཕལ་ཆེར་རང་ཉིད་ཀྱི་མིག་ལམ་དུ་དོང་བས་འབྱིན་འཇུག་གང་ཤེས་བྱས། ཞེས་སོགས་ནས། ཆོས་ཀྱི་བཞུགས་ཚུལ་ལ་ཐེག་པ་རིམ་འཇོག་དང་། ཡས་འབབ་གཉིས་ལས། མཆོག་དམན་གྱི་ཁྱད་པོར་སོགས་གང་ནས་ཀྱང་ཡས་འབབ་འདི་དཔྱད་བཟོད་པ་ཡིན་ཞིང་། ལྷག་པར་འཛམ་བུའི་གླིང་འདིར་ཐེག་རྩེ་ཤིན་ཏུ་རྣལ་འབྱོར་གྱི་བརྒྱུད་པའི་ཆུ་མགོ རྒྱལ་བ་མ་རྒྱལ་བ་ལས་རྒྱལ་བའི་རྣམ་པར་འཕྲུལ་བར་གདོད་མི་ཟ་བ་སྤྲུལ་བའི་སྐུ་དགའ་རབ་རྡོ་རྗེ་ཉིད། ཡུམ་གྱི་པདྨོའི་གེ་སར་ལས་རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ཞལ་འདོན་དུ་མཛད་ཅིང་བྱོན་པའི་རྟེན་འབྲེལ་ལས། རིགས་ཀྱི་སྒོ་ནས་དབྱེ་བའི་འདོད་པ་གཞན་བཞག་སྟེ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད་དང་པོས་བཞག་ནས་འབྲི་བའི་དབུ་བརྩམས་སོ།། ཞེས་བྱུང་ཞིང་། དེ་ཡང་དབུ་ལྡེབ་ནས་ལྡེབ་གྲངས་ལྔའི་བར་རིན་པོ་ཆེ་སྣ་ལྔས་བྲིས་ཤིང་། དེ་ནས་སྣག་བྲིས་མཛད་པ་དང་། དབུ་ལྷ་ཇི་ལྟར་བཞུགས་པར་མཛད་པའི་ཚུལ་རྒྱས་པ་དཀར་ཆག་དེ་ལས་ཤེས་པར་བྱའོ།།
སྡེ་དགེའི་བཙུན་མོ་ཚེ་དབང་ལྷ་མོས་བཞེངས་པའི་རྒྱུད་འབུམ་ནི། ཉི་གྲགས་སྤྲུལ་སྐུ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་ཞེས་སྔ་འགྱུར་བསྟན་པའི་སྲོག་ཤིང་ཆེན་པོར་གྱུར་པའི་གཏེར་སྟོན་མཁས་གྲུབ་གཉིས་ལྡན་དེས། རྨད་དུ་བྱུང་བའི་ཐུགས་བསྐྱེད་ཀྱིས་དངོས་པོའི་འབྱོར་ཚོགས་ཡོད་དགུ་རྩལ་སྤྲུགས་ལྟ་བུས་དངུལ་སྲང་སྟོང་ཕྲག་གཅིག་གི་རིན་ཐང་དུ་བསྐོར་བ་བཙུན་མོ་རིན་པོ་ཆེ་འདི་ལ་ཞུ་རྟེན་དུ་ཕུལ་ཏེ། དཔལ་ལྷུན་གྲུབ་སྟེང་གི་ཆོས་མཛོད་དུ་ཤིང་པར་བརྐོ་བའི་བསྐུལ་མ་ཞུས་པ། བཙུན་མོ་དམ་པས་ཞལ་གྱིས་བཞེས་ཏེ་ད་ལྟ་རང་རེའི་བསོད་ནམས་ཀྱི་དཔལ་དུ་ཡོད་པའི་རྒྱུད་འབུམ་རིན་པོ་ཆེ་འདི་ཤིང་པར་ལ་བཞེངས་པ་ཡིན་ཞིང་། དེ་ཡང་ཕྱི་མོ་ཇི་ལྟར་བསགས་པ་དང་ཁུངས་གང་ལ་གཏུགས་པ་ནི། དགེ་རྩེ་པཎ་ཆེན་གྱི་རྙིང་རྒྱུད་དཀར་ཆག་ལས། སྤྱིར་ཡུལ་སྣ་ཚོགས་སུ་བསྒྱུར་བའི་རྒྱུད་ཀྱི་རྣམ་གྲངས་དང་། གཏེར་མ་སོགས་རྒྱུད་ཀྱི་མཚན་ཐོས་སོ་ཅོག་ནི་མཐའ་དག་པར་ཕྱོགས་གཅིག་ཏུ་བསྡུ་བར་ནམ་ཡང་རྔོ་མི་ཐོགས་ཤིང་། སྔར་སྨྲོས་པའི་གླེགས་བམ་གྱི་རྒྱུན་ཚང་བར་འདྲིལ་བའི་རྩིས་རྣམས་ཀྱང་། གསན་ཡིག་དང་སྒོ་བསྟུན་དུས་གཅིག་ལ་མེད་པ་གཅིག་ལ་ཡོད་པ་དང་། རྒྱུད་ཀྱི་མཚན་མི་འདྲ་བ་དང་། གཞུང་འདྲ་ལ་ཁད་ལ་མི་འདྲ་བ་དུ་མ་དང་། སྔོན་ལྷ་བཙན་པོས་ལྐོག་ཏུ་བསྒྱུར་བའི་རྒྱུད་ཀྱང་མཐའ་མི་མངོན་པ་ཙམ་བཞུགས་ཚོད་ཀྱིས་ཕྱོགས་མཐའ་མ་ངེས་པ་ནས་ཐོན་པ་སོགས་ཤིན་ཏུ་མཐའ་ཆོད་དཀའ་བར་མངོན་ལ། ཀུན་མཁྱེན་ཕྱག་པ་པདྨ་ལྔ་བ་ཆེན་པོའི་གསན་ཡིག་ཏུ་བཞུགས་པ་ནི་གཙོ་བོ་བཀའ་ནས་བཀའ་བརྒྱུད་པའི་ལུང་གི་རྒྱུན་གང་ཡོད་དང་། གྲགས་ཆེ་ཞིང་ཟབ་གནད་དུ་གྱུར་བའི་གཙོ་ཆེ་ཤོས་ཐམས་ཅད་ཀྱང་ཚང་བར་མཐོང་བས་དེ་ཉིད་གཞིར་བྱས་ཏེ་འབྲི་བར་བརྩམས་པ་ལ། སྔར་སྨྲོས་པའི་སྨིན་གླིང་དང་གོང་རིའི་དཔེ་རྒྱུན་དེ་ལས་རྫོགས་ཆེན་སྤྲུལ་པའི་སྐུ་འགྱུར་མེད་ཐེག་མཆོག་བསྟན་འཛིན་གྱིས་བཞེངས་པར་མཛད་པ་དང་། ཀཿཐོག་ཏུ་ཕྱིས་བཞུགས་པའི་དཔེ་ཚང་བ་གཅིག་དང་། སྟག་ཕུ་བྲག་དམར་དགོན་ཞེས་བཀའ་གཏེར་བསྟན་པའི་གསལ་བྱེད་དུ་མ་བྱོན་པའི་གདན་ས་ཆེན་པོ་དེར། རྗེ་བླ་མ་ཀུན་བཟང་རྣམ་རྒྱལ་དང་། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་རྣམ་རོལ་རྡོ་རྗེ་དཔའ་བོས་བཞེངས་པའི་རྒྱུད་རགས་རིམ་དང་། དཔལ་སྤུངས་སུ་བཞུགས་པའི་རགས་རིམ་རྣམས་དང་། གོ་འཇོ་ཇས་སང་བསོད་ལུས་བཞེངས་པའི་རྒྱུད་ཀྱི་དཔེ་ཆ་ཚང་ཕྱོགས་འདིར་བཞུགས་པ་ཕལ་ཆེར་སྤྱན་དྲངས། དེ་རྣམས་སུ་མི་བཞུགས་པའི་སེམས་སྡེ་དང་། མ་ཧཱ་ཡོ་གའི་སྐོར་གྱི་རྒྱུད་འགའ་ཞིག་རྗེ་བླ་མ་རིག་འཛིན་འཇིགས་མེད་གླིང་པས་བཞེངས་པར་མཛད་པའི་རྒྱུད་འབུམ་ནས་ཞུས། ཡང་མཚོ་སྔོན་པོའི་ཕྱོགས་སུ་གསང་སྔགས་སྔ་འགྱུར་གྱི་བསྟན་པའི་སྣང་བྱེད་གཅིག་པུར་གྱུར་པ། ཏཱ་ལའི་ཧུ་ཐོག་ཐུ་ངག་དབང་བཤད་སྒྲུབ་རྒྱ་མཚོས་དབུས་སུ་བཞེངས་པར་མཛད་པའི་རྙིང་རྒྱུད་སྐྱ་ཆོས་པོད་སུམ་ཅུ་སྐོར་ཕྱོགས་དེའི་སྐྱེ་དགུ་རྣམས་བསོད་ནམས་འཕེལ་བའི་སླད་དུ་སྤྱན་དྲངས་ཏེ་བཞུགས་པ། རང་ལུགས་བསྟན་པའི་ཉིན་བྱེད་ཟེ་ཆེན་སྤྲུལ་པའི་སྐུ་རིན་པོ་ཆེ་ལྷན་རྒྱས་ཀྱིས་ཐུགས་བརྩོན་ཆེན་པོས་བཀའ་གནང་བ་བཞིན། ཨ་མདོ་སྒོ་མེའི་ས་ཆར་འཁྲུངས་ཤིང་། བསླབ་པ་གསུམ་དང་བསྐྱེད་རྫོགས་ལམ་རིམ་པ་གཉིས་ཀྱིས་ཐུགས་རྒྱུད་གྲོལ་བ། སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེ་ལ་གཅིག་ཏུ་སྨོན་པའི་ལེགས་སྨོན་གྱི་མཐུ་བརྟས་པ། གསུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་ཀུན་བཟང་སྙན་གྲགས་རྒྱ་མཚོས་འབད་པ་དུ་མའི་ཐབས་ཀྱིས་སྤྱན་དྲངས་ནས་འདིར་བྱོན་པ་རྣམས་ལ་སྒོ་བསྟུན་ཏེ། ཞེས་སོགས་གསུངས་སོ།།གཞན་ཡང་ཡོལ་མོ་རིག་འཛིན་བསྟན་འཛིན་ནོར་བུའི་སྐྱེ་སྤྲུལ་གྱི་གདན་ས། གཏིང་སྐྱེས་དགོན་པ་བྱང་གི་བྲིས་མ་ལ་གཞི་བྱས་ནས། ༧སྐྱབས་རྗེ་ཏིལ་མཁྱེན་རྡོ་རྗེ་འཆང་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ཐུགས་བསྐྱེད་ལས། འབྲུག་རྒྱལ་ཡུམ་ཕུན་ཚོགས་ཆོས་སྒྲོན་དང་། ལྷ་བཙུན་སྐལ་བཟང་ཆོས་སྒྲོན་རྣམ་གཉིས་ཀྱིས་མཐུན་རྐྱེན་སྦྱར་ནས་གློག་པར་དུ་བསྐྲུན་པའི་རྒྱུད་འབུམ་ལག་བྲིས་མ་དང་། ཡང་འབྲུག་མཚམས་བྲག་དགོན་དུ་བཞུགས་པའི་རྒྱུད་འབུམ་ལག་བྲིས་མ། སྐྱིད་གྲོང་རྒྱུད་འབུམ་དང་། མཚོ་སྣའི་སྡེ་དཔོན་པདྨ་བསྟན་སྐྱོང་དང་། རྡོ་རྗེ་སྙིང་པོ་སྐུ་མཆེད་རྣམ་གཉིས་ཀྱིས་བཞེངས་པའི་རྒྱུད་འབུམ། འབྲི་གུང་རིག་འཛིན་ཆོས་གྲགས་ཀྱིས་བཞེངས་པའི་རྒྱུད་འབུམ་སོགས་རྒྱུད་འབུམ་རིན་པོ་ཆེའི་དཔེ་རྣམས་གྲངས་མི་འདྲ་མང་དུ་བྱུང་བ་རྣམས་ལས། ཕལ་ཆེར་ཞིག་དུས་འགྱུར་གྱི་དབང་གིས་ད་ལྟ་མི་བཞུགས་ཤིང་། སྐྱིད་གྲོང་རྒྱུད་འབུམ་བཞུགས་པར་གྲགས་ཀྱང་ད་བར་མ་མཇལ། འདིར་ཁོ་བོའི་ཐེབས་རྩ་ཡེ་ཤེས་སྡེ་ནང་པའི་རིག་གཞུང་ཚོགས་པའི་དཔེ་མཛོད་དུ་སྡེ་དགེའི་རྒྱུད་འབུམ་དང་། མཚམས་བྲག་རྒྱུད་འབུམ། གཏིང་སྐྱེས་དགོན་པ་བྱང་གི་བྲིས་མའི་དཔེ་རྒྱུན་ཏིལ་མཁྱེན་རིན་པོ་ཆེས་པར་དུ་བཞེངས་པ་གསུམ་བཞུགས་པ་ལས། སྡེ་དགེའི་རྒྱུད་འབུམ་ནི་ཞུ་དག་དང་། རྒྱུད་སྡེའི་བཞུགས་རིམ་སོགས་ཕྱོགས་གང་ཐད་ནས་རྒྱུད་འབུམ་གཞན་ལས་ཁྱད་དུ་འཕགས་པ་ཡིན་ཏེ། དགེ་རྩེ་པཎ་ཆེན་གྱི་རྙིང་རྒྱུད་དཀར་ཆག་ལས། ཞུ་ཆེན་མཛད་པ་པོ་ནི། སྒྲ་དང་། སྙན་དངགས་དང་། མངོན་བརྗོད་དང་། སྡེབ་སྦྱོར་དང་། རྩིས་ཀྱི་གཙུག་ལག་དང་། ཡི་གེའི་རྣམ་གྲངས་དུ་མ་སོགས་ཐུན་མོང་གི་རིག་པ་དུ་མ་ལ་མཁས་པའི་ཕ་རོལ་ཏུ་སོན་ཅིང་། སྡོམ་པ་གསུམ་དང་། བསྐྱེད་རྫོགས་ཟབ་མོས་ཐུགས་རྒྱུད་ལེགས་པར་གཏམས་པའི་ཡང་དག་པའི་ལམ་གྱི་བཤེས་གཉེན་དམ་པ། རིགས་པ་དང་མི་རིགས་པ་རྣམ་པར་འབྱེད་པའི་བློ་གྲོས་ཀྱི་མིག་གྲུང་པོར་གྱུར་ཅིང་། བརྗོད་བྱ་དང་རྗོད་བྱེད་ཕུན་སུམ་ཚོགས་པའི་ལེགས་བཤད་སྨྲ་བའི་དབང་ཕྱུག་ཆེན་པོའི་གནས་སུ་དབང་བསྐུར་བ་བརྙེས་པ། ཐུན་མོང་གི་སྤྱོད་ཡུལ་དུ་ས་སྐྱོང་ཆེན་པོའི་རྒྱལ་སྲིད་ཀྱི་ཡི་གེ་བ་དཀྱུས་མའི་ཚུལ་གྱིས་འཁོད་པ། སྔ་འགྱུར་རིང་ལུགས་སུ་ཞུགས་པའི་མཚན་པདྨ་རྣམ་དག་ཅེས་བླ་དྭགས་སུ་འབོད་པ་གང་གིས། དཔྱད་པ་གསུམ་གྱི་ལེགས་པར་དཔྱད་པ་ལ་ཞུགས་པ་དང་། རིགས་པར་སྨྲ་བའི་བློ་གསར་གཞན་དག་གིས་ཀྱང་འབད་པ་ཆེན་པོས་མི་བཅོས་སུ་མི་རུང་བ་འགའ་ཞིག་ལེགས་པར་བཅོས་ཤིང་དག་པར་བགྱིད་པའི་སྐབས་སུ། ཁོ་བོ་ཅག་ལ་ཡང་ས་སྐྱོང་དབང་མོས་བཀའ་ནན་ཆེས་ལྕི་བ་བསྩལ་བ་ལྡོག་མ་ནུས་པར་ཞིང་ཡོས་ཀྱི་ལོར། སྣྲོན་ཟླ་བའི་རྫོགས་པ་དང་པོའི་ཚེས་ལ་རྩ་བ་གསུམ་དང་། ཆོས་སྐྱོང་སྲུང་མའི་ཚོགས་ལ་གཏོར་མ་དང་ཚོགས་ཀྱིས་དགྱེས་པ་བསྐྱེད་ཅིང་གནང་བ་ཞུས་ནས་ཞུས་དག་གི་ཁུར་བླངས་པ་ཡིན་ནོ།། ཞེས་སོགས་ནས། ཕྱོགས་འདིའི་རྒྱུད་ཀྱི་དཔེ་རྣམས་ཕལ་ཆེར་རྒྱུན་གཅིག་ཏུ་སོང་ཡོད་པས་ཡིག་གཏན་ཁེལ་བའི་སྐྱོན་སེལ་ནུས་པ་ཤིན་ཏུ་དཀའ་ཞིང་། ཏཱ་ལའི་ཧུ་ཐོག་ཐུའི་ཕྱག་དཔེ་དེ་སྐབས་འགར་ཅུང་ཟད་དག་པ་བྱུང་བས་ཕན་ཐོགས་རེ་ཆེ་བྱུང་ཞིང་། ཚིག་རྐང་གཅིག་ནས་ལྔ་དྲུག་བར་ཆད་པ་དང་། ཕྲང་ཆད་སོགས་ཕལ་ཆེར་འདི་ཉིད་ནས་བསབས། དེར་མེད་པ་རྣམས་གོང་འོག་གི་བབ་ལ་དཔྱད་ནས་བཟོས་པ་དང་ཆ་མཐུན་གྱིས་རྒྱུད་གཞན་ནས་ཀྱང་བླངས་ཏེ་བསབས། ཚིགས་བཅད་ལྷུག་གོང་འཁྲུག་པ་རྣམས་མ་འཁྲུག་པར་བཀོད། ལེའུ་གྲངས་དང་རྟོག་པ་སོགས་འཁྲུགས་པ་དང་ཆད་པ་རྣམས་ཀྱང་དེ་དང་དེའི་འགྲོས་ལ་དཔྱད་ནས་བཅོས། སྤྱིའི་ས་བཅད་དང་བྱེ་བྲག་མི་མཚུངས་པ་རྣམས་ཀྱང་མི་འགལ་བར་བསྒྲུབས། གསང་བ་འདུས་པ་དང་། མཉམ་སྦྱོར་དང་། དཔལ་མཆོག་དང་པོ་སོགས་སློབ་དཔོན་བི་ཤྭ་མི་ཏྲ་དང་། བརྒྱ་བྱིན་སྡོང་པོ་དང་། ཀུན་དགའ་སྙིང་པོ་སོགས་ཀྱི་འགྲེལ་བ་སྔ་འགྱུར་དང་ཤིན་ཏུ་མཐུན་པས་དེ་ཉིད་ཀྱིས་བཅོས་ཏེ་གཏན་ལ་ཕབ། རྒྱུད་བཅུ་བདུན་གྱི་སྐོར་རྣམས་དོན་འགྲེལ་དུ་གྱུར་པ་ཐེག་མཆོག་མཛོད་དང་བསྟུན་ནས་ཞུས་དག་བགྱིས། ཞེས་སོགས་དང་། རྒྱུད་སྡེའི་བཞུགས་རིམ་ཀྱང་དཀར་ཆག་དེ་ལས། རྒྱུད་སོ་སོ་གང་དུ་གཏོགས་ཀྱི་ངོས་འཛིན་སྤྱིར་རྫོགས་ཆེན་དུ་མ་ཟད་ཡོ་ག་གསུམ་ཀའི་སྐབས་སློབ་དཔོན་སོ་སོས་བཞེད་ཚུལ་མི་འདྲ་ཞིང་། རྫོགས་ཆེན་རང་ལ་ཡང་སྡེ་གསུམ་བཞེད་དགོངས་མི་མཐུན་པའི་རྣམ་གྲངས་མང་བ་འདུག་པ་དོན་ལ་མི་འགལ་ཡང་། གནས་སྐབས་སུ་དགོངས་པ་འགྲེལ་ཚུལ་མི་གཅིག་པ་མཐའ་དག་ཕྱོགས་གཅིག་ཏུ་བསྒྲིགས་པར་རྔོ་མི་ཐོགས་ཤིང་། གཙོ་བོ་ཀུན་མཁྱེན་ཆོས་རྗེའི་གསུངས་རྣམས་དང་། གཏེར་ཆེན་རཏྣ་གླིང་པ། མངའ་རིས་པཎ་ཆེན་རིན་པོ་ཆེ་སྐུ་མཆེད་སོགས་ཀྱི་དགོངས་པ་ཀུན་མཁྱེན་ལྔ་པ་ཆེན་པོས་བཞེད་པ་ལྟར་འདིར་བཀོད་ཅིང་། དེའང་དཔེ་རྒྱུད་གཅིག་ཏུ་ཐམས་ཅད་མ་ཚང་བས་གོ་རིམ་ལྟར་སྟབས་གཅིག་ཏུ་སྒྲིག་མ་ཐུབ་ཀྱང་ས་ཁོངས་མི་སྟོང་པའི་ཕྱིར་འདིར་འདི་འཛུད་ཅེས་བྲིས་ཤིང་། ཡོ་ག་གསུམ་གའི་རྒྱུད་ཀྱི་དཔེ་མ་ཚང་བ་སླར་རིམ་གྱིས་འབྱོར་བ་རྣམས་གཤམ་དུ་མ་ཚང་བ་ཁ་སྐོང་དུ་བཀོད་ཅེས་སོགས་གསུངས་སོ།།སྤྱིར་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེ་ལ་རིག་འཛིན་འཇིགས་མེད་གླིང་པའི་མཛད་པའི་དཀར་ཆག དེ་བཞིན་གཤེགས་པས་ལེགས་པར་གསུངས་པའི་གསུང་རབ་རྒྱ་མཚོའི་སྙིང་པོར་གྱུར་པ་རིག་པ་འཛིན་པའི་སྡེ་སྣོད་དམ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྟོགས་པ་བརྗོད་པ་འཛམ་གླིང་མཐའི་གྲུ་ཁྱབ་པའི་རྒྱན་དང་། དགེ་རྩེ་པཎ་ཊི་ཏ་འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱིས་མཛད་པའི་དཀར་ཆག བདེ་བར་གཤེགས་པའི་བསྟན་པ་ཐམས་ཅད་ཀྱི་སྙིང་པོ་རིག་པ་འཛིན་པའི་སྡེ་སྣོད་རྡོ་རྗེ་ཐེག་པ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྟོགས་པ་བརྗོད་པ་ལྷའི་རྔ་བོ་ཆེ་ལྟ་བུའི་གཏམ་ཞེས་བྱ་བ་དང་། དུས་ཕྱིས་མི་ཉག་ཐུབ་བསྟན་ཆོས་དར་གྱིས་བརྩམས་པའི་དཀར་ཆག རྙིང་མ་རྒྱུད་འབུམ་གྱི་དཀར་ཆག་གསལ་བའི་མེ་ལོང་རྣམས་བཞུགས་ཀྱང་། ཀུན་མཁྱེན་འཇིགས་མེད་གླིང་པས་མཛད་པའི་དཀར་ཆག་ནི། སྤྱིར་བདེ་བར་གཤེགས་པའི་བསྟན་པ་སྤྱི་དང་། བྱེ་བྲག་ནང་རྒྱུད་ཡོ་ག་སྡེ་གསུམ་གྱི་བྱུང་བ་རིག་འཛིན་བརྒྱུད་པ་དང་བཅས་པའི་ལོ་རྒྱུས་བཞུགས་པས་རྙིང་རྒྱུད་སྤྱིའི་ཆོས་འབྱུང་གི་ཆ་ལག་ཏུ་གྱུར་པ་ལས། གླེགས་བམ་གྱི་བཞུགས་བྱང་ནི་འཇིགས་མེད་གླིང་པ་རང་གི་བཞེངས་པའི་རྒྱུད་འབུམ་གྱི་གླེགས་བམ་རེ་རེའི་དཀར་ཆག་ཡིན་པས་ད་ཡོད་རྒྱུད་འབུམ་རྣམས་ཀྱི་དཀར་ཆག་ཏུ་བཀོལ་མི་གཏུབ་ཅིང་། དགེ་རྩེའི་རྙིང་རྒྱུད་དཀར་ཆག་ནི་སྡེ་དགེའི་རྒྱུད་འབུམ་རང་གི་དཀར་ཆག་ཡིན་རུང་། གཙོ་བོ་ཆོས་ཀྱི་བྱུང་བ་སྤྱིའི་ལོ་རྒྱུས་རྒྱ་ཆེ་ཞིང་རྒྱས་པར་བྱུང་བ་ལས། གླེགས་བམ་རང་གི་དཀར་ཆག་ཧ་ཅང་བསྡུས་ཆེ་ཞིང་། མདོར་བསྡུས་སུ་བཞུགས་པ་དེ་ཡང་རྒྱུད་འབུམ་རང་གི་གླེགས་བམ་རེ་རེ་དང་གཏུགས་སྐབས་ལེའུའི་གྲངས་དང་། འགྱུར་བྱང་སོགས་མི་འདྲ་བས་མ་བུ་ངོ་སྤྲོད་བྱེད་མི་ཐུབ་ཅིང་། མཚམས་བྲག་རྒྱུད་འབུམ་སོགས་དང་གཏུག་ན་ཐུག་འགྲོ་བ་དེ་འདྲ་ཤིན་ཏུ་མང་བ་དང་། མི་ཉག་དཀར་ཆག་ཀྱང་གོང་ལྟར་བསྡུས་ཆེ་བའི་ཁར་ཅིས་ཀྱང་དགོས་པའི་དོན་མང་པོར་མཐའ་མ་བཅད་ཅིང་། གལ་ཧ་ཅང་མི་ཆེ་བའི་སྐད་གཉིས་ཤན་སྦྱར་དང་། གཏེར་རྒྱུད་རྣམས་ཀྱི་མཇུག་དུ་ཡོད་པའི་གཏེར་བྱང་ཕལ་མོ་ཆེ་ཧྲིལ་པོར་བཀོད་པ་སོགས་ཀྱི་ཚིག་ཚོགས་ཉོག་ཆེ་བའི་ཁར། གསང་བདག་དགོངས་རྒྱན་དང་། གསང་བདག་ཞལ་ལུང་གཉིས་རྒྱུད་ཡིན་ཤག་དང་། དེ་གཉིས་ལ་འགྱུར་བྱང་ཡོད་མེད་ཀྱི་དཔྱད་པ་བྱས་པ་སོགས་མགོ་མཇུག་ཀུན་ཏུ་ནོར་ཡོད་ས་ཡང་ཤིན་ཏུ་མང་བས། འདིར་དོན་གཉེར་ཅན་རྣམས་ལ་ཕན་པ་དང་། མ་འོངས་པའི་བསྟན་རྒྱུན་ལ་ངེས་པར་མཁོ་ཞིང་མེད་དུ་མི་རུང་བར་མཐོང་ནས། ཡི་དམ་ཞི་ཁྲོའི་ལྷ་ཚོགས་ཀྱི་སྤྱན་སྔར་ཅི་འབྱོར་གྱི་མཆོད་པ་དང༌། བསྐང་བཤགས་བསྟོད་གསོལ་སོགས་སྔོན་ཏུ་བཏང་སྟེ། རྒྱུད་འབུམ་རིན་པོ་ཆེ་འདི་ལ་ཤིན་ཏུ་ཁ་གསལ་ཞིང་གོ་བདེ་བའི་དཀར་ཆག་རྒྱས་བསྡུས་མཚམས་པ་ཞིག་འབྲི་རྒྱུར། བླ་མ་དང་ལྷག་པའི་ལྷ་དང༌། རྒྱུད་སྡེ་དང་སྒྲུབ་སྡེའི་སྲུང་མ་རྣམས་ཀྱིས་གནང་བ་སྩལ་ཏུ་གསོལ་ལོ།།
གོང་དུ་བཤད་པ་ལྟར་སྡེ་དགེའི་རྒྱུད་འབུམ་འདི་ཉིད་རྒྱུད་འབུམ་གཞན་ལས་དག་ཅིང་ཁུངས་ཕེར་བ་དང་། ཡོ་ག་སོ་སོའི་རྒྱུད་རྣམས་ཕྱོགས་གཅིག་ཏུ་བཞུགས་པས་འཛིན་བདེ་བ་སོགས་ཀྱི་ཕྱིར། འདིར་ནི་སྡེ་དགེ་ལྷུན་གྲུབ་སྟེང་གི་ཆོས་མཛོད་ཆེན་མོར་བཞུགས་པའི་རྒྱུད་འབུམ་རིན་པོ་ཆེའི་དཀར་ཆག་གཙོ་བོར་བརྗོད་པ་དང་། ཞར་ལ་མཚམས་བྲག་རྒྱུད་འབུམ་དང་། གཏིང་སྐྱེས་དགོན་པ་བྱང་གི་བྲིས་མའི་རྒྱུད་འབུམ་གྱི་དཀར་ཆག་ཀྱང་མདོ་ཙམ་འགོད་པར་བྱ་བ་ལས། དང་པོ་ལ་ཡང་རྒྱས་པར་བཤད་པ་དང་། མདོར་བསྟན་པ་གཉིས་ལས་དང་པོ་ནི།དེ་ཡང་པོེད་༼ཀ༽ནས་༼ཡ༽བར་པོ་ཏི་ཉེར་བཞི་དང་། ཕྱིས་སུ་འབྱོར་བའི་ཁ་སྐོང་༼ར༽པོད་དང་བཅས་པོ་ཏི་ཉེར་ལྔ་པོ་རྣམས་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་སྐོར་དང་། ལུང་ཨ་ནུ་ཡོ་གའི་སྐོར། བསྐྱེད་པ་མ་ཧཱ་ཡོ་གའི་སྐོར་ཏེ་རྩ་བའི་སྡེ་ཚན་ཆེན་པོ་གསུམ་དུ་ཕྱེས་པ་ལས། དང་པོ་ཨ་ཏི་ཡོ་གའི་སྐོར་ལ། ཡང་ཏིའི་སྐོར་དང་། སྤྱི་ཏིའི་སྐོར། མང་ངག་སྡེའི་སྐོར། ཀློང་སྡེའི་སྐོར། སེམས་སྡེའི་སྐོར་དང་ལྔ་ལས། དང་པོ་ཡང་ཏིའི་སྐོར་ལ།
པོད་༼ཀ༽པ་ལ།
༡༽ སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལེའུ་བརྒྱ་དང་ཉེར་གསུམ་(༡༽ གླེང་གཞི་དང་གླེང་བསླང་པའི་ལེའུ། ༢༽ སྤྱི་ཁོག་བསྡུས་པ་མདོར་བསྟན་པའི་ལེའུ། ༣༽ གཞིའི་གནས་ལུགས་ཀྱི་ལེའུ། ༤༽ གཞི་དང་གཞི་སྣང་ཆེན་པོའི་འདུག་ཚུལ་བསྟན་པའི་ལེའུ། ༥༽ གཞིའི་བྱེ་བྲག་བཤད་པའི་ལེའུ། ༦༽ གཞི་མཚོན་པའི་དཔེ་བསྟན་པའི་ལེའུ། ༧ ༽ གཞིའི་དངོས་པོའི་གནས་ལུགས་དང་སྣང་ཚུལ་མཚོན་པའི་ཚིག་ངོས་བཟུང་བའི་ལེའུ། ༨༽ བཞི་བསྡུས་ཏེ་བསྟན་པ་ངོས་བཟུང་བའི་ལེའུ། ༩༽ ཡེ་ཤེས་ཡོངས་སུ་ངོས་བཟུང་བ་བསྟན་པའི་ལེའུ། ༡༠༽ ཡེ་ཤེས་མཚོན་པའི་ཚིག་བསྟན་པའི་ལེའུ། ༡༡༽ རིག་པའི་རྩལ་འབྱུང་བ་དང་། རྩལ་རྣམ་པར་དག་པ་བསྟན་པའི་ལེའུ། ༡༢༽ རིག་པའི་རྩལ་འབྱུང་བ་དང་། དེ་མཚོན་པའི་ཚིག་བསྟན་པའི་ལེའུ། ༡༣༽ རྩལ་བསྡུས་ནས་བསྟན་པའི་ལེའུ། ༡༤༽ རྒྱན་དང་རོལ་པ་བསྟན་པའི་ལེའུ། ༡༥༽ རྒྱན་དང་རོལ་པའི་ཚིག་མདོར་བསྡུས་ནས་བསྟན་པའི་ལེའུ། ༡༦༽ རྒྱན་དང་རོལ་པ་མཚོན་པའི་དཔེ་བསྟན་པའི་ལེའུ། ༡༧ ༽ ཡང་དག་པའི་གཞི་ལ་འཁྲུལ་བ་མེད་པར་བསྟན་པ་དང་། ཡོན་ཏན་གྱི་སྣང་བ་འཁྲུལ་བའི་གཞི་གསུམ་བསྟན་པའི་ལེའུ། ༡༨༽ འཁྲུལ་བའི་རྒྱུ་དང་དུས་བསྟན་པའི་ལེའུ། ༡༩༽ འཁྲུལ་བའི་རྐྱེན་དང་བར་གྱི་བསྐལ་པ་ལ་ཡུལ་གྱི་འཁྲུལ་བ་ལུས་ཀྱི་རྐྱེན་དང་བཅས་པ་བསྟན་པའི་ལེའུ། ༢༠༽ ནང་བཅུད་ཀྱི་གྲུབ་ཚུལ་བསྟན་པའི་ལེའུ།
༢༡༽ འབྱུང་བ་ལྔ་མདོར་བསྡུས་ནས་བསྟན་པའི་ལེའུ། ༢༢༽ འབྱུང་བ་ལྔ་མདོར་བསྡུས་ནས་བསྟན་པའི་ལེའུ། ( ལེའུ་སྔ་མས་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་སོགས་མདོར་བསྟན་པ་དང་ཕྱི་མས་འབྱུང་བའི་དྭངས་མ་དང་སྙིགས་མ་བསྟན་པས་ལེའུའི་མཚན་འདྲ་ཡང་དོན་མི་འདྲ། མཆན་གྱི་མཆན། ) ༢༣༽ འབྱུང་བའི་མཚན་ཉིད་བསྟན་པ་དང་། ཤར་ལུགས་ཐིམ་ལུགས་དོན་དང་སྦྱར་ནས་བཤད་པའི་ལེའུ། ༢༤༽ བསྐལ་པ་གསུམ་བསྟན་པའི་ལེའུ། ༢༥༽ ཆོས་སྐུ་ལས་ཐུགས་རྗེ་གཟུགས་སྐུ་གཉིས་འབྱུང་བར་བསྟན་པ་དང་། ཆོས་སྐུ་ཉིད་ལ་རིག་པ་རང་སྣང་ལས་སྐུ་གཉིས་མེད་པར་བསྟན་པའི་ལེའུ། ༢༦༽ ཤེས་རབ་ཀྱིས་གདུལ་བྱ་ལ་སྐུ་ཕྱག་རྒྱར་གསལ་ལུགས་དང་གདུལ་བྱའི་སྐུར་རྫོགས་ཤིང་མཁྱེན་པར་ཤར་བ་བསྟན་པའི་ལེའུ། ༢༧ ༽ བཞུགས་གནས་དང་གདན་བསྟན་པའི་ལེའུ། ༢༨༽ གདན་གྱི་དོན་བཤད་པ་བསྟན་པའི་ལེའུ། ༢༩༽ ལོངས་སྐུའི་འཁོར་བསྟན་པའི་ལེའུ། ༣༠༽ ལོངས་སྐུ་མཚོན་པའི་ཚིག་བསྟན་པའི་ལེའུ། ༣༡༽ སྤྱིའི་མཚན་ཉིད་བསྟན་པ་དང་། རིགས་ལྔ་ཡུམ་ལྔར་སྦྱོར་བ་བསྟན་པའི་ལེའུ། ༣༢༽ ལོངས་སྐུའི་འཁོར་གྱི་དོན་ངོ་བོ་ལ་སྦྱོར་བ་བསྟན་པའི་ལེའུ། ༣༣༽ སྤྲུལ་པའི་སྐུ་འཇིག་རྟེན་དུ་བྱུང་ཚུལ་བསྟན་པའི་ལེའུ། ༣༤༽ སྐུ་གསུམ་བྱེ་བྲག་བསྟན་པའི་ལེའུ། ༣༥༽ སྐུ་གསུམ་མཚོན་པའི་ཚིག་དང་སྐུའི་རྣམ་གྲངས་བསྟན་པའི་ལེའུ། ༣༦༽ སངས་རྒྱས་ཀྱི་ངོ་བོ་ངེས་ཚིག་དབྱེ་བ་དང་། མཚན་མདོར་བསྡུས་ནས་བསྟན་པའི་ལེའུ། ༣༧ ༽ སྐུ་གསུམ་གྱི་བཅོམ་ལྡན་འདས་དང་སངས་རྒྱས་དང་དྲི་མ་དག་ཚུལ་བསྟན་པའི་ལེའུ། ༣༨༽ སྤྲུལ་སྐུས་དོན་མཛད་ལུགས་བསྟན་པའི་ལེའུ། ༣༩༽ ཐེག་པ་བརྒྱད་ཀྱི་གྲུབ་མཐའ་བསྟན་པའི་ལེའུ། ༤༠༽ ཐེག་པ་བརྒྱད་ཀྱི་སྒོམ་པ་བསྟན་པའི་ལེའུ། ༤༡༽ ཐེག་པ་བརྒྱད་ཀྱི་སྤྱོད་པ་བསྟན་པའི་ལེའུ། ༤༢༽ ཐེག་པ་སོ་སོའི་འབྲས་བུ་དང་། འཇུག་སྒོ་སྲུང་མཚམས་སྒྲུབ་ཐབས་གསུམ་ལྟ་སྒོམ་སྤྱོད་པའི་བསྡུ་ཐབས་བསྟན་པའི་ལེའུ། ༤༣༽ ཨ་ཏིའི་དོན་ངོ་སྤྲོད་པ་ཞུས་ལན་དང་བཅས་པ་བསྟན་པའི་ལེའུ། ༤༤༽ ཆོས་ཀྱི་དབྱིངས་དང་རིག་པ་ཆོས་ཀྱི་སྐུ་ལ་སོགས་པ་སྐུ་གསུམ་ངོ་སྤྲོད་པའི་ལེའུ། ༤༥༽ ཡེ་ཤེས་རྣམ་པ་ལྔ་ངོ་སྤྲོད་པའི་ལེའུ། ༤༦༽ ཚོགས་བརྒྱད་གཏན་ལ་ཕབ་ནས་ངོ་སྤྲད་པའི་ལེའུ། ༤༧ ༽ འཁོར་བ་རྒྱུ་ནས་བ་བདས་མུ་ནས་རྩད་བཅད་ནས་ངོ་སྤྲད་པའི་ལེའུ། ༤༨༽ དུས་གསུམ་ཕྱེ་ནས་ངོ་སྤྲད་པའི་ལེའུ། ༤༩༽ ངོ་སྤྲོད་བཞི་བསྟན་པའི་ལེའུ། ༥༠༽ ཕྱི་ནང་གསང་བ་གསུམ་གྱི་ངོ་སྤྲོད་བསྟན་པའི་ལེའུ། ༥༡༽ ངོ་སྤྲོད་མཇུག་བསྡུ་བའི་མན་ངག་གི་ལེའུ། ༥༢༽ ལྟ་བ་སྤྱི་རུ་བསྟན་པའི་ལེའུ། ༥༣༽ ལྟ་བ་རང་གི་མཚན་ཉིད་བསྟན་པའི་ལེའུ། ༥༤༽ལྟ་བ་རྒྱས་པར་བཤད་པའི་ལེའུ། ༥༥༽ ལྟ་བ་གཅིག་སྲོག་གཅིག་གིས་བཟུང་ནས་བསྟན་པའི་ལེའུ། ༥༦༽ ལྟ་སྒོམ་སྤྱོད་པ་གཅིག་ཏུ་དྲིལ་ནས་བསྟན་པའི་ལེའུ། ༥༧ ༽ ལྟ་བ་ལ་བཟླ་བའི་ལེའུ། ༥༨༽ བསྒོམ་དུ་ཡོད་མེད་བློ་དང་སྦྱར་བར་བསྟན་པ་སྟེ། བློ་འབྲིང་ལ་རྒྱུན་གྱི་ཏིང་ངེ་འཛིན་གཏན་ཚིག་དང་བཅས་པ་བསྟན་པའི་ལེའུ། ༥༩༽ བསྒོམ་དུ་ཡོད་པར་བསྟན་པའི་དགོངས་པ་དང་། བསྒོམ་ཐབས་རྒྱས་པར་བསྟན་པའི་ལེའུ། ༦༠༽ བསྒོམ་པ་རང་གི་མཚན་ཉིད་བསྟན་པའི་ལེའུ། ༦༡༽ བསྒོམ་པའི་གོལ་ས་བསྟན་པའི་ལེའུ། ༦༢༽ བསྒོམ་པའི་གོལ་ས་བཅད་པའི་ལེའུ། ༦༣༽ སྤྱོད་པ་བསྡུས་ནས་བསྟན་པའི་ལེའུ། ༦༤༽ སྤྱོད་པ་རང་གི་མཚན་ཉིད་དུས་བཞི་མཉམ་སྦྱོར་གྱི་མན་ངག་བསྟན་པའི་ལེའུ། ༦༥༽ དུས་གསུམ་མཉམ་སྦྱོར་གྱི་སྤྱོད་པའི་ལེའུ། ༦༦༽ བདུད་ཀྱི་སྤྱོད་ཡུལ་བཅོ་བརྒྱད་བསྟན་པའི་ལེའུ། ༦༧ ༽ ཉམས་བསྟན་པའི་ལེའུ། ༦༨༽ ཐེ་ཚོམ་དང་གེགས་བསལ་བའི་ལེའུ། ༦༩༽ འབྲས་བུ་ཇི་ལྟར་འབྱུང་བ་བསྟན་པའི་ལེའུ། ༧༠༽ ཐེག་པའི་དོན་བཤད་བསྡུས་ཏེ་བསྟན་པའི་ལེའུ། ༧༡༽ ལྟ་བའི་དོན་བཤད་པ་དང་མཚོན་པའི་ཚིག་བསྟན་པའི་ལེའུ། ༧༢༽ བསྒོམ་པའི་དོན་བཤད་པ་དང་མཚོན་པའི་ཚིག་དང་བཅས་པའི་ལེའུ། ༧༣༽ བསྒོམ་མེད་དོན་བཤད་བརྗོད་པའི་ཚིག་དང་བཅས་པ་བསྟན་པའི་ལེའུ། ༧༤༽ སྤྱོད་པ་བསྡུས་ནས་བསྟན་པའི་ལེའུ། ༧༥༽ འབྲས་བུའི་དོན་བཤད་པའི་ལེའུ། ༧༦༽ ཐེག་པ་སོ་སོའི་ངེས་ཚིག་དང་། གཏན་ཚིག་བསྟན་པའི་ལེའུ། ༧༧ ༽ ཐེག་པ་བརྒྱད་ཀྱི་འཕགས་ལུགས་བསྡུས་ནས་བསྟན་པའི་ལེའུ། ༧༨༽ འཕགས་པའི་དོན་བཤད་པའི་ལེའུ། ༧༩༽ ཐེག་པ་བརྒྱད་ལས་ཆེ་བ་ལྔས་འཕགས་པའི་ལེའུ། ༨༠༽ གོལ་སྒྲིབ་ཐེག་པ་བརྒྱད་ལ་ཡོད་པར་བསྟན་པ་དང་། ཨ་ཏི་ལ་གོལ་སྒྲིབ་མེད་པར་བསྟན་པའི་ལེའུ། ༨༡༽ གོལ་ས་བཤད་པ་དང་མཚོན་ཚིག་བསྡུས་པ་བསྟན་པའི་ལེའུ། ༨༢༽ ཞུ་ཚིག་ངེས་པའི་སྡོམ་དང་བཅས་པའི་ལེའུ། ༨༣༽ ཕུན་སུམ་ཚོགས་པ་ལྔ་ཡི་ལེའུ། ༨༤༽ ཕུན་སུམ་ཚོགས་པ་ལྔའི་དོན་བཤད་དགོས་པ་དང་བཅས་པའི་ལེའུ། ༨༥༽ རྒྱུད་ཀྱི་དོན་བཤད་བསྟན་པའི་ལེའུ། ༨༦༽ རྒྱུད་ཀྱི་ལྡང་ཚད་སྡོམ་དང་། དབང་བསྡུས་ནས་བསྟན་པའི་ལེའུ། ༨༧ ༽ དབང་གི་དོན་བཤད་པ་གསལ་བར་བསྟན་པའི་ལེའུ། ༨༨༽ དམ་ཚིག་བསྟན་པའི་ལེའུ། ༨༩༽ དམ་ཚིག་གི་དོན་བསྟན་པའི་ལེའུ། ༩༠༽ དཀྱིལ་འཁོར་བསྟན་པའི་ལེའུ། ༩༡༽ ཕྲིན་ལས་ཀྱི་རང་བཞིན་བྱ་རྩོལ་མེད་པའི་དོན་བསྟན་པའི་ལེའུ། ༩༢༽ མཆོད་པ་དང་རྣལ་འབྱོར་བསྟན་པའི་ལེའུ། ༩༣༽ སྔགས་དང་ཕྱག་རྒྱ་བསྟན་པའི་ལེའུ། ༩༤༽ བསྙེན་བསྒྲུབ་རྣམ་པ་གཉིས་བསྟན་པའི་ལེའུ། ༩༥༽ ལུང་གི་ཆེ་བ་ལྔ་བཤད་པའི་ལེའུ། ༩༦༽ ལུང་གི་དོན་བཤད་བསྟན་པའི་ལེའུ། ༩༧ ༽མན་ངག་དགོས་ཆེད་ལྔས་བཤད་པའི་ལེའུ། ༩༨༽ མན་ངག་གི་དོན་བཤད་པའི་ལེའུ། ༩༩༽ ས་དང་ཕ་རོལ་ཕྱིན་པ་ལམ་ལྔ་འཁྲུགས་པའི་བསྡེབ་དང་། སའི་རིམ་པ་དངོས་བསྟན་པའི་ལེའུ། ༡༠༠༽ སའི་དོན་བཤད་བསྟན་པའི་ལེའུ། ༡༠༡༽ འབྲས་བུ་ངེས་པའི་ལམ་ལྔ་བསྟན་པའི་ལེའུ། ༡༠༢༽ ལམ་གྱི་དོན་བཤད་བསྟན་པའི་ལེའུ། ༡༠༣༽ ཕ་རོལ་དུ་ཕྱིན་པ་བཅུའི་སྤྱོད་པའི་ལམ་གཞི་རྫོགས་སུ་བསྟན་པའི་ལེའུ། ༡༠༤༽ འབྲས་བུ་ཕ་རོལ་ཏུ་ཕྱིན་པའི་དོན་བཤད་བསྟན་པའི་ལེའུ། ༡༠༥༽ སྦུབས་བཤད་པའི་ལེའུ།
༡༠༦༽ སྣང་བའི་དོན་བསྡུས་གསལ་བར་བསྟན་པའི་ལེའུ། ༡༠༧ ༽ ཆགས་ལུགས་བཞི་བ་སྟན་པའི་ལེའུ། ༡༠༨༽ བར་དོ་བཞི་བསྟན་པའི་ལེའུ། ༡༠༩༽ སེམས་དང་ཡེ་ཤེས་དབྱེ་བ་བསྟན་པའི་ལེའུ། ༡༡༠༽ གྲོལ་ས་སྤྱིའི་མཚན་ཉིད་བསྡམས་པ་དང་རྟགས་བསྟན་པའི་ལེའུ། ༡༡༡༽ འཆི་ལྟས་རྒྱས་པར་བསྟན་པའི་ལེའུ། ༡༡༢༽ བར་དོའི་འབྲསབུ་བསྟན་པའི་ལེའུ། ༡༡༣༽ དབང་པོ་ཡང་རབ་ལ་གྲོལ་དུ་མེད་པར་བསྟན་པ་དང་། འབྲིང་ལ་རབ་འབྲིང་ཐ་གསུམ་གྱི་དབྱེ་བ་དང་། ལྔ་ལྡན་རྫོགས་ལྡན་ཐད་ཀར་ངོས་བཟུང་བ་དང་། མངོན་ཤེས་དྲུག་ཐུགས་རྗེའི་འབྱུང་ལུགས་དང་བཅས་པ་དང་། རྫོགས་ལྡན་ཆེན་པོ་སོ་སོར་ཕྱེས་ཏེ་བསྟན་པའི་ལེའུ། ༡༡༤༽ གྲོལ་བ་དང་ཐུགས་རྗེའི་དོན་བསྟན་པའི་ལེའུ། ༡༡༥༽ དཔེ་སྤྱིར་དྲིལ་ནས་དོན་བཤད་བསྟན་པའི་ལེའུ། ༡༡༦༽ མྱ་ངན་ལས་འདས་པའི་དགོངས་པ་དང་། དེ་མཚོན་པའི་ཚིག་ལྔའི་དོན་བཤད་པའི་ལེའུ། ༡༠༧ ༽ མྱ་ངན་ལས་འདས་པའི་དོན་བཤད་བསྟན་པའི་ལེའུ།
༡༡༨༽ སྤྱན་གྱི་དོན་བསྟན་པའི་ལེའུ། ༡༡༩༽ མུ་བཞིའི་དོན་བསྟན་པའི་ལེའུ། ༡༢༠༽ སྒྲའི་དོན་བསྟན་པའི་ལེའུ། ༡༢༡༽ འབྲུ་འཐོར་བ་སྡུད་པ་དང་། ཐེ་ཚོམ་དང་བྲལ་བར་བྱེད་པ་དང་། སྐྱོན་གྱི་མཐའ་བསལ་བའི་ལེའུ། ༡༢༢༽ རྒྱུད་ཀྱི་མཚན་ཡོངས་སུ་བསྟན་པ་དང་། བསྟོད་པ་ཕུལ་བའི་ལེའུ། ༡༢༣༽ རྒྱུད་གཏད་པའི་ལེའུ་བཅས། མཆན།) པ། གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་བྱོན་ཡང་ཏི་རྫོགས་པ་ཆེན་པོ་སངས་རྒྱས་མཉམ་སྦྱོར་ཀྱི་ཆོས་སྡེར་བཞུགས་པའི་མ་རྒྱུད། སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེས་སློབ་དཔོན་འཇམ་དཔལ་བཤེས་གཉེན་དང་། དེས་གུ་རུ་ཤྲཱི་སེང་ཧ། དེས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་བཤད་པ། དགེ་རྩེའི་རྙིང་རྒྱུད་དཀར་ཆག་ལས། སློབ་དཔོན་དཔལ་ཨོ་རྒྱན་ཆེན་པོས་སྒྲ་རང་འགྱུར་དུ་མཛད་པ་ཞེས་གསུངས་པ་བཞིན། གཏིང་སྐྱེས་བྲིས་མ་ལས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་སྒྲ་རང་འགྱུར་དུ་མཛད་པ་ཞེས་བྱུང་ངོ་།།༢༽ རྒྱུད་ཐམས་ཅད་ཀྱི་རྩེ་རྒྱལ་ནམ་མཁའ་འབར་བའི་རྒྱུད་ལེའུ་སོ་དགུ་(༡༽ གླེང་གཞི་ཕུན་སུམ་ཚོགས་པ་དང་། འཁོར་གྱིས་གླེང་སློང་ཞུས་པའི་ལེའུ། ༢༽ སེམས་ཀྱི་རང་བཞིན་བསྟན་པའི་ལེའུ། ༣༽ སེམས་ཀྱི་ངོ་བོ་གསལ་བའི་ལེའུ། ༤༽ སེམས་ཀྱི་ཡོན་ཏན་བསྟན་པའི་ལེའུ། ༥༽ སེམས་ཀྱི་ཕྲིན་ལས་བསྟན་པའི་ལེའུ། ༦༽ སེམས་ཡོད་མེད་གཉིས་མེད་དུ་བསྟན་པའི་ལེའུ། ༧ ༽ སེམས་ཡེ་ནས་སངས་རྒྱས་ཡིན་ཀྱང་དུག་ལྔ་མ་རིག་པའི་དབང་གིས་འཁོར་བའི་ལེའུ། ༨༽ སེམས་ཡེ་ནས་སངས་རྒྱས་ཡིན་ཀྱང་མ་རྟོགས་པའི་དབང་གིས་གཞི་ལྷུན་གྲུབ་ལ་འཁྲུལ་བ་བསྟན་པའི་ལེའུ། ༩༽ རྩལ་ལ་དངོས་པོ་ཡོད་བར་བསྟན་པའི་ལེའུ། ༡༠༽ འཁྲུལ་པ་གཞི་ལ་མེད་པར་བསྟན་པའི་ལེའུ། ༡༡༽ སེམས་ཅན་ཐམས་ཅད་ལ་སེམས་དེ་མཉམ་པར་བསྟན་པའི་ལེའུ། ༡༢༽ རང་ངོ་ཤེས་པ་ལ་མ་རིག་གཏི་མུག་མེད་པར་བསྟན་པའི་ལེའུ། ༡༣༽ དུག་ལྔ་རྟོགས་པ་ལ་མེད་ཅིང་མ་རྟོགས་པ་ལ་ཡོད་པར་བསྟན་པའི་ལེའུ། ༡༤༽ སེམས་ལ་དབྱིབས་དང་ཁ་དོག་མེད་པར་བསྟན་པའི་ལེའུ། ༡༥༽ སེམས་ཉིད་རྟོགས་པས་སངས་རྒྱས་པའི་ལེའུ། ༡༦༽ སེམས་དང་རིག་པ་ཡིད་དང་གསུམ་བསྟན་པའི་ལེའུ། ༡༧ ༽ དེ་གསུམ་གཞི་ལ་ཁྱད་པར་མེད་པར་བསྟན་པའི་ལེའུ། ༡༨༽ དབྱིངས་དང་སྐྱེ་མེད་ཡེ་ཤེས་གསུམ་ལ་ཁྱད་པར་མེད་པར་བསྟན་པའི་ལེའུ། ༡༩༽ རྟོགས་པ་ལ་དུག་ལྔ་དང་སྐུ་ལྔ་དབྱེར་མེད་དུ་བསྟན་པའི་ལེའུ། ༢༠༽ སྣང་བ་སྟོང་པ་རིག་པ་གསུམ་དུ་ཆོས་རྣམས་གྲོལ་བར་བསྟན་པའི་ལེའུ། ༢༡༽ གྲོལ་བར་བྱེད་པའི་གདམས་ངག་བསྟན་པའི་ལེའུ། ༢༢༽ མདོ་དོན་གཅིག་ཏུ་བསྡུས་པའི་ལེའུ། ༢༣༽ སེམས་ཀྱིས་ཐག་བཅད་པའི་ལེའུ། ༢༤༽ སེམས་ཀྱི་ལ་བཟླ་བའི་ལེའུ། ༢༥༽ སེམས་ཉིད་ཕུགས་སུ་སྐྱོལ་བའི་ལེའུ། ༢༦༽ ཕུགས་སུ་སྐྱོལ་བར་བྱེད་པའི་གདམས་པ་བསྟན་པའི་ལེའུ། ༢༧ ༽ སེམས་ཉིད་དཔེའི་སྒོ་ནས་བསྟན་ཅིང་གཏན་ལ་དབབ་པའི་ལེའུ། ༢༨༽ སངས་རྒྱས་སེམས་ཅན་གཞི་གཅིག་པར་བསྟན་པའི་ལེའུ། ༢༩༽ མ་རིག་ཡེ་ཤེས་ངོ་བོ་གཅིག་ལ་རྟོགས་མ་རྟོགས་ཀྱི་ཐ་དད་པར་བསྟན་པའི་ལེའུ། ༣༠༽ སངས་རྒྱས་སེམས་ཅན་གྱི་གྱེས་མདོ་བསྟན་པའི་ལེའུ། ༣༡༽ བློས་བཏགས་ཆོས་རྣམས་མེད་པར་བསྟན་པའི་ལེའུ། ༣༢༽ བློ་འདས་ཚིག་ཏུ་བཏགས་ཀྱང་མུ་མཐའ་གྲོལ་ཞིང་མིང་མེད་མཐའ་སྟོང་བློ་འདས་ཀློང་དུ་གྱུར་པའི་ལེའུ། ༣༣༽ སྣང་བཏགས་བསྡུ་བའི་ལེའུ། ༣༤༽ ཆོས་རྣམས་མུ་མཐའ་ཡས་ལ་གཏིང་མཐའ་སྟོང་པའི་མཐའ་རུ་བསྐྱལ་བའི་ལེའུ། ༣༥༽ དངོས་པོ་སྣང་གྲག་གི་ཆོས་ཐམས་ཅད་དངོས་མེད་ཆེན་པོ་ལ་བཟླ་བའི་ལེའུ། ༣༦༽ ཐོག་མར་བསྐྱེད་རྫོགས་སྤྱི་ཏི་མིང་གིས་ངེས་དོན་བསྟན་པའི་ལེའུ། ༣༧ ༽ ཡང་ཏི་ཡོ་གའི་ངེས་ཚིག་བསྟན་པའི་ལེའུ། ༣༨༽ རྒྱུད་ཀྱི་མཚན་བཟུང་བའི་ལེའུ། ༣༩༽ རྒྱུད་གཏད་པའི་སྣོད་བསྟན་པའི་ལེའུ་བཅས། མཆན།) པ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཤྲཱི་རཏྣ་བཛྲ་གྱིས་བཤད་ཅིང་། དཔལ་ཧེ་རུ་ཀས་བསྒྱུར་བ།
༣༽ རྒྱུད་ཐམས་ཅད་ཀྱི་སྤྱི་ཕུད་ཉི་ཟླ་བཀོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལེའུ་བཅོ་ལྔ་(༡༽ གླེང་གཞི་ཕུན་སུམ་ཚོགས་པ་དང་། འཁོར་གྱིས་གླེང་བསླང་ཞུས་པའི་ལེའུ། ༢༽ སངས་རྒྱས་སེམས་ཅན་གྱི་གཞི་བསྟན་པའི་ལེའུ། ༣༽ འཁྲུལ་ལུགས་བསྟན་པའི་ལེའུ། ༤༽ འཁྲུལ་བ་རྩད་ནས་གཅོད་པའི་གདམས་ངག་བསྟན་པའི་ལེའུ། ༥༽ འབྲས་བུ་བསྟན་པའི་ལེའུ། ༦༽ ཡང་རབ་ཀྱི་རྣལ་འབྱོར་བས་ཐོད་རྒལ་དུ་རྟོགས་པར་བསྟན་པའི་ལེའུ། ༧ ༽ གཞི་འཁྲུལ་པ་རྩད་གཅོད་ངོ་ཤེས་པས་འཁྲུལ་པ་དང་མ་འཁྲུལ་པ་མེད་པར་བསྟན་པའི་ལེའུ། ༨༽ མིང་མེད་མཐའ་སྟོངས་རྟོགས་ཐབས་བསྟན་པའི་ལེའུ། ༩༽ མུ་མེད་མཐའ་ཡས་རྟོགས་ཐབས་བསྟན་པའི་ལེའུ། ༡༠༽ བྱ་བཙལ་རྩོལ་སྒྲུབ་མི་དགོས་པར་བསྟན་པའི་ལེའུ། ༡༡༽ ཡང་ཏི་ཡོ་གའི་ཇི་ལྟར་རྟོགས་པ་བསྟན་པའི་ལེའུ། ༡༢༽ རྫོགས་ཆེན་ཡང་ཏི་ཡོ་གར་ཐེག་པ་རིམ་བཅུ་རྫོགས་པར་བསྟན་པའི་ལེའུ། ༡༣༽ ཡང་ཏི་ཡོ་གའི་འབྲས་བུ་བསྟན་པའི་ལེའུ། ༡༤༽ མཚན་བསྟན་པའི་ལེའུ། ༡༥༽ རྒྱུད་གཏད་པའི་ལེའུ་བཅས། མཆན།) པ། རྒྱ་གར་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། བོད་ཀྱི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པ།
༤༽ ནམ་མཁའ་འབྲུག་སྒྲོག་ཐོག་བབ་ཀློང་འདུས་སྤྱི་རྒྱལ་རྒྱ་མདུད་ཀྱི་རྒྱུད་ལེའུ་བཅུ་(༡༽ ཕུན་སུམ་ཚོགས་པ་དང་གླེང་སློང་དང་གླེང་གཞིའི་ལེའུ། ༢༽ འཁོར་གྱིས་གླེང་སློང་བའི་ལེའུ། ༣༽ སེམས་དང་ཆོས་མེད་པར་བསྟན་པའི་ལེའུ། ༤༽ སྐུ་དང་ཡེ་ཤེས་མེད་པར་བསྟན་པའི་ལེའུ། ༥༽ དུག་ལྔ་མ་རིག་ཡེ་ཤེས་མེད་པར་བསྟན་པའི་ལེའུ། ༦༽ འཁོར་འདས་མེད་པར་བསྟན་པའི་ལེའུ། ༧ ༽ དགེ་སྡིག་མེད་པར་བསྟན་པའི་ལེའུ། ༨༽ ཆོས་སྐུ་ལ་ཉན་བཤད་མེད་པར་བབསྟན་པའི་ལེའུ། ༩༽ བག་ཆག་ལས་ཀྱི་རྣམ་སྨིན་མེད་པར་བསྟན་པའི་ལེའུ། ༡༠༽ རྒྱུད་ཀྱི་མཚོན་དཔེ་བསྟན་པའི་ལེའུ་བཅས། མཆན།)པ། ཨུ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་དང་། ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་ནས་ལྷ་སྲས་ཁྲི་སྲོང་ལྡེ་བཙན་ལ་གདམས་པ།
༥༽ ལྟ་བ་ལ་ཤན་ཆེན་པོ་རིན་ཆེན་སྒྲོན་མ་རྩ་བའི་རྒྱུད་ལེའུ་བཅུ་བཞི་(༡༽ གླེང་གཞིའི་ལེའུ། ༢༽ གནས་ལུགས་གཏན་ལ་ཕབ་པའི་ལེའུ། ༣༽ སེམས་ཅན་གྱི་འཁྲུལ་ཚུལ་བསྟན་པའི་ལེའུ། ༤༽ སངས་རྒྱས་ཀྱི་འབྱུང་ཚུལ་གཏན་ལ་འབེབས་པའི་ལེའུ། ༥༽ སྐུ་གསུམ་གཏན་ལ་འབེབས་པའི་ལེའུ། ༦༽ ཆོས་དང་ཐེག་པ་ལས་འདས་པར་ལ་བཟླ་བའི་ལེའུ། ༧ ༽ ཐེག་པའི་རིམ་པ་ལས་ཁྱད་པར་འཕགས་པའི་རྫོང་བཅའ་བའི་ལེའུ། ༨༽ རྒྱུད་ཀྱི་དོན་གཏན་ལ་ཕབ་པའི་ལེའུ། ༩༽ རིག་པའི་རྩལ་དབང་བསྟན་པའི་ལེའུ། ༡༠༽ རྒྱུད་ཀྱི་ལྡང་ཚད་བརྒྱད་རྫོགས་པར་བསྟན་པའི་ལེའུ། ༡༡༽ མེ་ལོང་རྣམ་པ་གསུམ་དུ་རང་ངོ་སྤྲད་པའི་ལེའུ། ༡༢༽ ཆོས་ཐམས་ཅད་ཡང་ཏིར་ལ་བཟླ་བའི་ལེའུ། ༡༣༽ བར་དོའི་ལེའུ། ༡༤༽ རྒྱུད་གཏད་པའི་ལེའུ་བཅས། མཆན།) པ། ཨུ་རྒྱན་ཀྱི་གུ་རུ་ཆེན་པོ་པདྨ་འབྱུང་གནས་དང་། བོད་ཀྱི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་མངའ་བདག་རྒྱལ་པོའི་དོན་དུ་བསྒྱུར་པ།
༦༽ འཇམ་དཔལ་འདུས་པ་རྩ་བའི་རྒྱུད་ལས་བསྡུས་པའི་རྩ་རླུང་ཐིག་ལེའི་རྒྱུད་ལེའུ་བདུན་(༡༽ གླེང་གཞིའི་ལེའུ། ༢༽ གླེང་སློང་བའི་ལེའུ། ༣༽ དབྱིངས་རང་སར་གྲོལ་བའི་ལེའུ། ༤༽ ནང་རང་སར་གྲོལ་བའི་ལེའུ། ༥༽ གསང་བ་རང་གྲོལ་གྱི་ལེའུ། ༦༽ ཡང་གསང་རང་གྲོལ་གྱི་ལེའུ། ༧ ༽ རྩ་རླུང་གི་ལེའུ་བཅས། མཆན།)པ། འགྱུར་བྱང་མ་འཁོད་པ།༧ ༽ རྩ་རླུང་གི་རྩ་བ་འགྱུར་བྱང་མ་འཁོད་པ།
༨༽ སྲོག་གི་འཁོར་ལོའི་རྒྱུད་འགྱུར་བྱང་མ་འཁོད་པ།
༩༽ བརྒྱུད་པ་གསུམ་པ་ལྟ་བ་ལ་ཐལ་གྱི་རྒྱུད་འགྱུར་བྱང་མ་འཁོད་པ།
༡༠༽ སྣང་བྱེད་སྤུ་གྲིའི་རྒྱུད་འགྱུར་བྱང་མ་འཁོད་པ།
༡༡༽ ཀུན་ཏུ་བཟང་པོ་སྲོག་གི་ཐིག་པ་འབྲས་བུ་ཡེ་གྲོལ་ཆེན་པོའི་རྒྱུད་འགྱུར་བྱང་མ་འཁོད་པ།
༡༢༽ ཡང་ཏི་ནག་པོའི་རྒྱུད་འགྱུར་བྱང་མ་འཁོད་པ། གོང་གི་རྩ་རླུང་གི་རྩ་བ་ནས་འདི་བར་གྱི་རྒྱུད་རྣམས་ཀྱི་མཚན་ནི་རྒྱུད་རང་རང་གི་མཇུག་ན་གསལ་ལོ།།
༡༣༽ རྒྱུད་ཀྱི་རྩེ་རྒྱལ་ཉི་ཟླ་འོད་འབར་མཁའ་ཀློང་རྣམ་དག་རྒྱ་མཚོ་ཀློང་གསལ་གྱི་རྒྱུད་ལེའུ་ཉི་ཤུ་རྩ་བཞི་(༡༽ ཕུན་སུམ་ཚོགས་པ་དང་ཞུས་ཚིག་ཉི་ཤུ་རྩ་གཅིག་གིས་གླེང་སློང་བསྟན་པའི་ལེའུ། ༢༽ དངོས་པོ་གཤིས་ཀྱི་གནས་ལུགས་བསྟན་པའི་ལེའུ། ༣༽ འོད་གསལ་རྩལ་དང་ཡན་ལག་བསྟན་པའི་ལེའུ། ༤༽ སྙིང་པོའི་ཀློང་དུ་འོད་གསལ་གྲོལ་བར་བསྟན་པའི་ལེའུ། ༥༽ སྙིང་པོ་དང་རྩལ་ཟེར་དབྱེར་མེད་བསྟན་པའི་ལེའུ། ༦༽ བློ་འདས་བཤད་ཐབས་བསྟན་པའི་ལེའུ། ༧ ༽ མཚན་ཉིད་སྡེ་གསུམ་གྱི་གྲུབ་མཐའ་བསྟན་པའི་ལེའུ། ༨༽ གསང་སྔགས་ཐེག་པའི་གྲུབ་མཐའ་ཕྱི་རྒྱུད་དང་ནང་རྒྱུད་བསྐྱེད་རྫོགས་གསུམ་གསུམ་བསྟན་པའི་ལེའུ། ༩༽ སྤྱི་ཏིའི་ཐེག་པ་བསྟན་པའི་ལེའུ། ༡༠༽ རྫོགས་ཆེན་གཉའ་གཅོག་སྤྱི་ཏི་གོང་བརྒལ་ཡང་ཏི་བསྟན་པའི་ལེའུ། ༡༡༽ སྤྱི་འདས་ཡང་ཏི་ལ་བྱ་བཙལ་བློ་ཆོས་མི་དགོས་པར་བསྟན་པའི་ལེའུ། ༡༢༽ ཡང་ཏི་རྩོལ་སྒྲུབ་འདས་པ་ལ་ལྟ་སྒོམ་སྤྱོད་འབྲས་མི་དགོས་པར་བསྟན་པའི་ལེའུ། ༡༣༽ ཡང་ཏི་ཉི་ཟླའི་སྙིང་པོ་ཐེག་པ་དགུ་མ་སྤངས་ངང་གིས་རྫོགས་པའི་ལེའུ། ༡༤༽ ཡང་ཏི་གནས་ལུགས་ཀྱི་དཀྱིལ་འཁོར་བསྟན་པའི་ལེའུ། ༡༥༽ རྫོགས་ཆེན་ཡང་ཏི་རྟོགས་པ་ལ་དབང་དང་བྱིན་རླབས་གཞན་ནས་རེ་མི་དགོས་པར་བསྟན་པའི་ལེའུ། ༡༦༽ ཡང་ཏི་ཉི་ཟླའི་སྙིང་པོ་ལ་ཚོགས་གཏོར་སྨོན་ལམ་མི་དགོས་པར་བསྟན་པའི་ལེའུ། ༡༧ ༽ ཡང་ཏི་ཉི་ཟླའི་སྙིང་པོ་རྟོགས་པ་ལ་གོལ་སྒྲིབ་འཁྲུལ་བ་མེད་པར་བསྟན་པའི་ལེའུ། ༡༨༽ ཡང་ཏི་ཉི་ཟླའི་སྙིང་པོ་རྟོགས་པས་མ་རིག་ཡེ་ཤེས་འཆར་སྒོ་འཁྲུལ་སྒོ་མེད་པར་བསྟན་པའི་ལེའུ། ༡༩༽ རྟོགས་མ་རྟོགས་སངས་རྒྱས་སེམས་ཅན་གཞི་ལ་དབྱེར་མེད་པར་བསྟན་པའི་ལེའུ། ༢༠༽ ཡང་ཏི་ཉི་ཟླའི་སྙིང་པོ་ལ་དགེ་སྡིག་མཐོ་རིས་ངན་སོང་མེད་པར་བསྟན་པའི་ལེའུ། ༢༡༽ ཡང་ཏི་ཉི་ཟླའི་སྙིང་པོ་རྟོགས་པ་ལ་སངས་རྒྱས་དམྱལ་བ་མེད་པར་བསྟན་པའི་ལེའུ། ༢༢༽ ཡང་ཏི་རྟོགས་པས་མ་བསྒྲུབས་འབྲས་བུ་ཐོབ་པར་བསྟན་པའི་ལེའུ། ༢༣༽ རྒྱུད་ཀྱི་མཚན་བཤད་བསྟན་པའི་ལེའུ། ༢༤༽ རྒྱུད་གཏད་པ་དང་སྣོད་ཀྱི་ཁྱད་པར་བསྟན་པའི་ལེའུ་བཅས། མཆན།)པ། མངའ་བདག་ཉང་རལ་པ་ཅན་དང་། སྙེ་མོ་ཞུ་ཡས་གནོད་སྦྱིན་འབར་གྱི་གཏེར་བྱོན། ཨུ་རྒྱན་གུ་རུ་པདྨ་དང་། བོད་ཀྱི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་པ།
༡༤༽ རྡོ་རྗེ་སེམས་དཔའ་ཡི་གེ་བརྒྱ་པ་དབང་མཆོག་རྒྱལ་པོའི་རྒྱུད་ལེའུ་ཉི་ཤུ་གཅིག་པ་(༡༽ གླེང་གཞི་ཕུན་སུམ་ཚོགས་པའི་ལེའུ། ༢༽ སྔོན་བྱུང་གི་རྒྱུ་རྐྱེན་གཏམ་རྒྱུད་ཀྱི་ལེའུ། ༣༽ ཉམས་པ་གསོ་ཐབས་ལུང་བསྟན་པའི་ལེའུ། ༤༽ དམ་ཚིག་མཚོན་པའི་ལེའུ། ༥༽ ཞི་བའི་ལེའུ། ༦༽ ཐབས་མཆོག་ཁྲོ་བོའི་ལེའུ། ༧ ༽ ནོངས་པ་དབང་གསོལ་ཕྱག་གི་སྐབས་ལས། དཀྱིལ་འཁོར་འདུས་པའི་ལེའུ། ༨༽ ཡང་སྙིང་གསང་སྔགས་བཤགས་པའི་ལེའུ། ༩༽ ན་རཀ་དོང་དཀྲུགས་ཀྱི་ལེའུ། ༡༠༽ པྲེ་ཏ་དོང་སྤྲུགས་ཀྱི་ལེའུ། ༡༡༽ ཏིརྱ་ཀ་དོང་སྤྲུགས་ཀྱི་ལེའུ། ༡༢༽ སྒྲ་གཅན་ནག་པོའི་ལེའུ། ༡༣༽ ལྷའི་བུའི་ལེའུ། ༡༤༽ ལྷ་དབང་ལུས་ལ་བསྐུར་བའི་ལེའུ། ༡༥༽ གསང་བ་ཆོས་ཉིད་ལ་ཡིད་མ་ཆེས་པའི་ལེའུ། ༡༦༽ ཆོས་ཉིད་མཉམ་པ་ཆོས་སྐུའི་ལེའུ། ༡༧ ༽ རྟོག་པ་ཐེ་ཚོམ་གྱི་གེགས་བསལ་བས་ཆོས་སྐུའི་ཞལ་མཐོང་བའི་ལེའུ། ༡༨༽ སྣང་བའི་གནད་བསལ་བའི་ལེའུ། ༡༩༽ སྒྱུ་མའི་ཆོས་བདུན་གྱི་སྣང་བ་མེད་པར་ཐག་བཅད་པས་ལྟ་བ་རྟོགས་པའི་ལེའུ། ༢༠༽ སྒྱུ་མ་བཤགས་མཆོད་སྨོན་ལམ་གྱི་ལེའུ། ༢༡༽ རྗེས་སུ་ཡི་རང་བ་དང་རྒྱུད་གཏད་པའི་རྗེས་སུ། ཡི་གེ་བརྒྱ་པ་དབང་མཆོག་རྒྱལ་པོའི་རྒྱུད་ཅེས་བྱ་བ་ལེའུ་ཉེར་གཅིག་པ་རྫོགས་སོ།། ཞེས་བྱུང་བ་བཅས། མཆན།)འགྱུར་བྱང་མ་འཁོད་པ།
༡༥༽ རྡོ་རྗེ་སེམས་དཔའ་ཡི་གེ་བརྒྱ་པ་དབང་མཆོག་རྒྱལ་པོའི་རྒྱུད་ལེའུ་ཉི་ཤུ་རྩ་བརྒྱད་(༡༽ གླེང་གཞི་ཕུན་སུམ་ཚོགས་པའི་ལེའུ། ༢༽ སྔོན་བྱུང་གི་རྒྱུ་རྐྱེན་གཏམ་རྒྱུད་ཀྱི་ལེའུ། ༣༽ ཉམས་པ་གསོ་ཐབས་ལུང་བསྟན་པའི་ལེའུ། ༤༽ དམ་ཚིག་མཚོན་པའི་ལེའུ། ༥༽ དབང་མཆོག་རྒྱལ་པོའི་རྒྱུད་ལས་ལེའུ་ལྔ་པ། ༦༽ ཁྲོ་བོ་ཆེ་མཆོག་གི་ལེའུ། ༧ ༽ ཡང་དག་གི་ལེའུ། ༨༽ འཇམ་དཔལ་གཤིན་རྗེའི་ལེའུ། ༩༽ པདྨ་དབང་གི་ལེའུ། ༡༠༽ ཕྲིན་ལས་ཕུར་པའི་ལེའུ། ༡༡༽ མ་མོའི་ལེའུ། ༡༢༽ རིག་འཛིན་རྣམས་ཀྱི་ལེའུ། ༡༣༽ བསྟན་སྲུང་གི་ལེའུ། ༡༤༽ ནོངས་པ་དབང་གསོལ་ཕྱག་འཚལ་རྟེན་གྱི་སྐབས་ལས། དཀྱིལ་འཁོར་བསྡུས་པའི་ལེའུ། ༡༥༽ ཡང་སྙིང་གསང་སྔགས་བཤད་པའི་ལེའུ། (རྒྱུད་སྔ་མ་ལས་ཡང་སྙིང་གསང་སྔགས་བཤགས་པའི་ལེའུ་ཞེས་བྱུང་། མཆནགྱི་མཆན།) ༡༦༽ ན་རཀ་དོང་དཀྲུགས་ཀྱི་ལེའུ། ༡༧ ༽ པྲེ་ཏ་ཀ་དོང་སྤྲུགས་ཀྱི་ལེའུ། ༡༨༽ ཏིརྱ་ཀ་རང་གྲོལ་ངན་སོང་དོང་སྤྲུགས་ཀྱི་ལེའུ། ༡༩༽ སྒྲ་གཅན་ནག་པོ་བསྒྲལ་བའི་ལེའུ། ༢༠༽ ལྷ་ཡི་ལེའུ། ༢༡༽ ལྷ་དབང་བསྐུར་བའི་ལེའུ། ༢༢༽ གསང་བ་ཆོས་ཉིད་ལ་ཡིད་མ་ཆེས་པའི་ལེའུ། ༢༣༽ ཆོས་ཉིད་མཉམ་པ་ཆོས་སྐུའི་ལེའུ། ༢༤༽ རྟོག་པ་ཐེ་ཚོམ་གྱི་གེགས་བསལ་བ་ཆོས་སྐུ་ཞལ་མཐོང་གི་ལེའུ། ༢༥༽ སྣང་བའི་གནད་བསལ་བའི་ལེའུ། ༢༦༽ སྒྱུ་མ་དང་ཆོས་མཐུན་གྱིས་སྣང་བ་མེད་པར་ཐག་བཅད་པའི་ལྟ་བ་བསྟན་པའི་ལེའུ། ༢༧ ༽ སྒྱུ་མ་བཤགས་མཆོད་སྨོན་ལམ་གྱི་ལེའུ། ༢༨༽ རྒྱུད་ཀྱི་མཚོན་དཔེ་དང་ཡོངས་སུ་གཏད་པའི་ལེའུ་བཅས། མཆན།)པ། ཨུ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་དང་། བོད་ཀྱི་ལོ་ཙཱ་བ་ནམ་མཁའི་སྙིང་པོས་བསྒྱུར་བ། དགེ་རྩེའི་རྙིང་རྒྱུད་དཀར་ཆག་ལས་འདི་ལ་རྡོ་རྗེ་སེམས་དཔའ་ཡི་གེ་བརྒྱ་པ་དབང་མཆོག་རྒྱལ་པོའི་རྒྱུད་ཕྱི་མ་ཞེས་བྱུང་ངོ་།།༡༦༽ རྡོ་རྗེ་སེམས་དཔའ་ཡི་གེ་བརྒྱ་པ་ཐུགས་ཕྲིན་ལས་ཐམས་ཅད་ཀྱི་དམ་ཚིག་གི་རྒྱུད་ལེའུ་ཉི་ཤུ་རྩ་བདུན་(༡༽ ཕུན་སུམ་ཚོགས་པའི་ཞུས་ལན་གྱི་ལེའུ། ༢༽ ཞུས་ལན་ཁོག་ཕུབ་པའི་ལེའུ། ༣༽ སྙིང་པོའི་དོན་རྟོགས་ན་སྡིག་བཅུ་རང་དག་གི་ལེའུ། ༤༽ དམ་ཚིག་རྩ་བ་ཡན་ལག་སྐྱོན་ཡོན་མཚོན་པའི་ལེའུ། ༥༽ རྒྱ་ཚན་བསྡུས་བཤགས་བྱང་གི་ལེའུ། ༦༽ རྡོ་རྗེ་སེམས་དཔའི་རིགས་བརྒྱའི་ལེའུ། ༧ ༽ སྐུ་ལྟར་བཤགས་པའི་ལེའུ། ༨༽ ཡོན་ཏན་གྱི་ལེའུ། ༩༽ གསུང་གི་ལེའུ། ༡༠༽ ཕྲིན་ལས་དྲག་པོའི་ལེའུ། ༡༡༽ སྔགས་བདག་མཆོག་གི་ལེའུ། ༡༢༽ ཕྲིན་ལས་བཞིའི་དགོངས་པའི་དོན་དང་། ཐུགས་སྒྲུབ་དོན་གྱི་བསྡུ་བ་དང་ནང་གི་སྤང་སྐོང་ཀུན་ལ་གཅེས་པར་བསྟན་པའི་ལེའུ། ༡༣༽ མཆོད་སྦྱིན་གྱི་ལེའུ། ༡༤༽ གསོན་ལྟར་གདབ་པའི་ལེའུ། ༡༥ ༽ གཤིན་ལྟར་གདབ་པའི་རབ་གནས་མཆོད་པའི་ལེའུ། ༡༦༽ རོ་སྲེག་གི་ལེའུ། ༡༧ ༽ བདུན་ཚིགས་ལེའུ། ༡༨༽ རྒྱུད་འབྲེལ་གྱི་ལེའུ། ༡༩༽ བརྒྱ་ཚན་ལུས་ལ་རྫོགས་ལུགས་ཀྱི་ལེའུ། ༢༠༽ ཕྲིན་ལས་བཞིའི་བསམ་པ་དང་། མཚོན་པའི་བྲི་ལུགས་ཀྱི་ལེའུ། ༢༡༽ ཕྲིན་ལས་མཆོད་རྟེན་བཞིའི་ལེའུ། ༢༢༽ བསྒྲུབ་པ་ཆེན་པོ་མཆོད་རྟེན་ལས་རྫོགས་ཀྱི་ལེའུ། ༢༣༽ ལ་བཟླ་དེ་ཁོ་ན་ཉིད་ཀྱི་ལེའུ། ༢༤༽ ཆོས་ཅན་རོ་མཉམ་ལ་བཟླ་དེ་ཁོ་ན་ཉིད་ཀྱི་ལེའུ། ༢༥༽ རིགས་ལྔ་བརྒྱ་ཚན་གྱི་ལེའུ། ༢༦༽ ཉམས་བཤགས་མཆོད་པའི་ལེའུ། ༢༧ ༽ དཔེ་མཚོན་བཏགས་པའི་ལེའུ་བཅས། མཆན།) པ། སྤྲུལ་སྐུ་པདྨ་འབྱུང་གནས་དང་། དགེ་སློང་ནམ་མཁའི་སྙིང་པོས་བསྒྱུར་བ།རྙིང་རྒྱུད་མཚམས་བྲག་བྲིས་མ་ལས། འདི་ལ་སྤྲུལ་སྐུ་པདྨ་འབྱུང་གནས་དང་། དགེ་སློང་ནམ་མཁའི་སྙིང་པོས་བསྒྱུར་བ། རྗེ་འབངས་གྲོགས་གསུམ་ལ་གདམས་པའོ་ཞེས་དང་། རྒྱུད་འདི་དབང་མཆོག་རྒྱལ་པོའི་རྒྱལ་པོའི་རྒྱུད་ཀྱི་ཁ་སྐོང་བའི་རྒྱུད་དོ་ཅེས་བྱུང་ངོ་།།
༡༧ ༽ རྫོགས་པ་ཆེན་པོ་ངེས་དོན་འདུས་པའི་རྒྱུད་ལེའུ་བརྒྱད་ཅུ་རྩ་གཅིག་(༡༽ ངེས་དོན་འབྱུང་བའི་རྒྱུད་གླེང་གཞི་བསྟན་པའི་ལེའུ། ༢༽ དོན་ཆོས་ཉིད་ཀྱི་གནས་ལུགས་བསྟན་པའི་ལེའུ། ༣༽ སྣོད་བཅུད་བསྟན་པའི་ལེའུ། ༤༽ ཆོས་རྣམས་གཏན་ལ་ཕབ་པ་མདོ་རུ་བསྡུས་ཏེ་བསྟན་པའི་ལེའུ། ༥༽ སངས་རྒྱས་ཆོས་ཀུན་བླ་མ་དམ་པའི་གདམས་ངག་ལ་འདུས་པར་བསྟན་པའི་ལེའུ། ༦༽ རྒྱུ་འབྲས་འདུས་པའི་ངེས་ཚིག་བསྟན་པའི་ལེའུ། ༧ ༽ སྙིང་པོ་ངེས་དོན་འདུས་པར་བསྟན་པའི་ལེའུ། ༨༽ དཔེ་དོན་འདུས་པ་བསྟན་པའི་ལེའུ། ༩༽ དོན་གྱི་བསྡུ་བ་བསྟན་པའི་ལེའུ། ༡༠༽ སེམས་ཙམ་སུན་འདོན་པ་བསྟན་པའི་ལེའུ། ༡༡༽ གསང་སྔགས་ཕྱི་ནང་གི་འདོད་གཞུང་སུན་འདོན་པ་བསྟན་པའི་ལེའུ། ༡༢༽ ཐབས་ལ་མ་བརྟེན་པར་ཡོན་ཏན་ཐམས་བཅད་རང་ལ་རྫོགས་པར་བསྟན་པའི་ལེའུ། ༡༣༽ ཐེག་པ་སྤྱི་དང་རང་གི་འགལ་བར་བསྟན་པའི་ལེའུ། ༡༤༽ ཡང་ཏུ་རང་དོན་ཤན་འབྱེད་དབྱེ་བ་བསྟན་པའི་ལེའུ། ༡༥༽ སྔགས་དང་མཚན་ཉིད་ཀྱི་ལམ་དང་འབྲས་བུ་དབྱེ་བའི་ལེའུ། ༡༦༽ ཐེག་པ་གཞན་སུན་འདོན་པའི་ལེའུ། ༡༧ ༽ མ་རིག་པ་དང་ཡེ་ཤེས་དབྱེ་བ་བསྟན་པའི་ལེའུ། ༡༨༽ ཡུལ་སེམས་གཞི་ལ་སྐབས་དབྱེ་བ་བསྟན་པའི་ལེའུ། ༡༩༽ རྒྱུ་འབྲས་དོན་གྱི་སྐབས་དབྱེ་བ་བསྟན་པའི་ལེའུ། ༢༠༽ བསྒོམ་དུ་ཡོད་མེད་སྐབས་བསྟན་པའི་ལེའུ། ༢༡༽ རྟོགས་མ་རྟོགས་ཀྱི་ཁྱད་པར་སྐབས་དབྱེ་བ་བསྟན་པའི་ལེའུ། ༢༢༽ ལྟ་བ་ངེས་པ་མདོར་བསྡུ་བ་བསྟན་པའི་ལེའུ། ༢༣༽ ངེས་དོན་སྒོམ་པ་བསྡུ་བ་བསྟན་པའི་ལེའུ། ༢༤༽ སྤྱོད་པ་མདོར་བསྡུས་པ་བསྟན་པའི་ལེའུ། ༢༥༽ འབྲས་བུ་ངེས་པར་བསྡུ་བ་བསྟན་པའི་ལེའུ། ༢༦༽ འགྲོ་དྲུག་སྡུག་བསྔལ་འབྱུང་ཚུལ་བསྟན་པའི་ལེའུ། ༢༧ ༽ མུ་སྟེགས་འཁྲུལ་ཚུལ་བསྟན་པའི་ལེའུ། ༢༨ ༽ རྒྱུ་མཚན་ཉིད་ཀྱི་ལྟ་བ་བསྟན་པའི་ལེའུ། ༢༩༽ ཕྱི་རྒྱུད་ཀྱི་ཐེག་པའི་ལྟ་བ་བསྟན་པའི་ལེའུ། ༣༠༽ བསྐྱེད་རྫོགས་གཉིས་བསྟན་པའི་ལེའུ། ༣༡༽ ཆོས་རྣམས་སེམས་སུ་འདུས་པར་བསྟན་པའི་ལེའུ། ༣༢༽ རང་སེམས་གོལ་ས་ཡིན་པར་བསྟན་པའི་ལེའུ། ༣༣༽ རང་སེམས་ངེས་དོན་མིན་པར་བསྟན་པའི་ལེའུ། ༣༤༽ གོལ་མེད་ཆོས་ཀྱི་དབྱིངས་བསྟན་པའི་ལེའུ། ༣༥༽ གནས་ལུགས་འགྱུར་བ་མེད་པར་བསྟན་པའི་ལེའུ། ༣༦༽ མཐའ་བྲལ་ལྷུན་གྱིས་གྲུབ་པའི་ལྟ་བ་བསྟན་པའི་ལེའུ། ༣༧ ༽ ནམ་མཁའ་མཚོན་པ་ཉིད་ལ་རིག་པ་རྩལ་གྱི་དབང་བསྐུར་བའི་ལེའུ། ༣༨༽ སེམས་ཀྱི་སེམས་ཉིད་ལ་རིག་པ་རྩལ་གྱི་དབང་བསྐུར་བའི་ལེའུ། ༣༩༽ ཡེ་ཤེས་སྤྱི་བླུགས་ཀྱི་ཆོས་ཉིད་ལ་རིག་པ་རྩལ་གྱི་དབང་བསྐུར་བའི་ལེའུ། ༤༠ ༽ མ་བསྒོམས་དོན་དང་མི་འབྲལ་བར་བསྟན་པའི་ལེའུ། ༤༡༽ རྣམ་རྟོགས་ཐམས་ཅད་རང་གྲོལ་དུ་བསྟན་པའི་ལེའུ། ༤༢༽ ཐེ་ཚོམ་གྱི་གེགས་བསལ་བའི་ལེའུ། ༤༣༽ གཞི་ངེས་པའི་ལྟ་བ་ཉམས་བླངས་པའི་ལེའུ། ༤༤༽ དོན་དང་འབྲལ་མེད་ཀྱི་དགོངས་པ་བསྟན་པའི་ལེའུ། ༤༥ ༽ ཆོས་རྣམས་རྫོགས་པའི་མཛད་སྤྱོད་བསྟན་པའི་ལེའུ། ༤༦༽ སྤྱོད་པ་འཆིང་གྲོལ་མེད་པ་ཉམས་སུ་བླངས་བ་བསྟན་པའི་ལེའུ། ༤༧ ༽ དམ་ཚིག་བསྲུང་ཉམ་མེད་པའི་ལེའུ། ༤༨༽ མཛད་པའི་ཕྲིན་ལས་ཉམས་སུ་བླང་བའི་ལེའུ། ༤༩༽ རང་བཞིན་ཉམས་སུ་བླངས་པའི་ལེའུ། ༥༠༽ རྒྱུ་མཚན་ཉིད་ཀྱི་གོལ་ས་དང་སྒྲིབ་པ་མེད་པར་བསྟན་པའི་ལེའུ། ༥༡༽ སྔགས་ཕྱི་ནང་གི་གོལ་ས་མེད་པའི་འབྲས་བུ་བསྟན་པའི་ལེའུ། ༥༢༽ སྒྲིབ་པ་མེད་པའི་འབྲས་བུ་ཉམས་སུ་བླངས་པའི་ལེའུ། ༥༣༽ སེམས་ལས་མ་བྱུང་བའི་སངས་རྒྱས་བསྟན་པའི་ལེའུ། ༥༤༽ རྒྱུ་ལས་མ་བྱུང་བའི་འབྲས་བུ་བསྟན་པའི་ལེའུ། ༥༥༽ ལུང་ལ་མ་བརྟེན་པའི་མན་ངག་བསྟན་པའི་ལེའུ། ༥༦༽ རིག་པ་དབང་གི་ཆེ་བ་བསྟན་པའི་ལེའུ། ༥༧ ༽ ཆོས་སྐུའི་འཁོར་གྱི་ཆེ་བས་སྣང་བ་དག་པར་བསྟན་པའི་ལེའུ། ༥༨༽ ལོངས་སྐུའི་འཁོར་གྱི་སྣང་བ་གྲོལ་བར་བསྟན་པའི་ལེའུ། ༥༩༽ སྤྲུལ་པའི་སྐུ་འཁོར་གྱི་ཆེ་བས་མཚན་མའི་རྣམ་རྟོགས་དག་པར་བསྟན་པའི་ལེའུ། ༦༠༽ བྱང་ཆུབ་སེམས་ཀྱི་ཆེ་བ་བསྟན་པའི་ལེའུ། ༦༡༽ སངས་རྒྱས་སེམས་ཅན་གཞི་གཅིག་པར་ལ་བཟླ་བའི་ལེའུ། ༦༢༽ སྐྱོན་ཡོན་གཞི་ལ་མེད་པར་ལ་བཟླ་བའི་ལེའུ། ༦༣༽ མ་རིག་པ་གཞི་ལ་མེད་ཅིང་དག་པར་བསྟན་པའི་ལེའུ། ༦༤༽ རང་བཞིན་སྐྱེ་བ་མེད་པའི་གཏན་ཚིག་བསྟན་པའི་ལེའུ། ༦༥༽ རོལ་པ་འགགས་མེད་ཀྱི་གཏན་ཚིག་བསྟན་པའི་ལེའུ། ༦༦༽ མཚན་ཉིད་གཉིས་སུ་མེད་པའི་གཏན་ཚིག་བསྟན་པའི་ལེའུ། ༦༧ ༽ རང་བློ་ངོ་བོ་ཉིད་དུ་གྲོལ་བའི་གཏན་ཚིག་བསྟན་པའི་ལེའུ། ༦༨༽ ཆོས་སྐུའི་གདུལ་བྱ་བསྟན་པའི་ལེའུ། ༦༩༽ ལོངས་སྐུའི་འཁོར་གྱི་གདུལ་བྱ་བསྟན་པའི་ལེའུ། ༧༠༽ སྤྲུལ་སྐུའི་འཁོར་གྱི་གདུལ་བྱ་བསྟན་པའི་ལེའུ། ༧༡༽ རང་རིག་འབྲས་བུ་མཐར་ཐུགས་པའི་ལེའུ། ༧༢༽ འགྱུར་བ་མེད་པའི་དཔེ་དོན་མཐར་ཐུག་བསྟན་པའི་ལེའུ། ༧༣༽ རྒྱུ་མཚན་ཉིད་ཀྱི་སངས་རྒྱས་བསྟན་པའི་ལེའུ། ༧༤༽ གསང་སྔགས་རྒྱུད་ཀྱི་སངས་རྒྱས་བསྟན་པའི་ལེའུ། ༧༥༽ ཐེག་དགུའི་རྒྱུད་ལུང་གི་སངས་རྒྱས་བསྟན་པའི་ལེའུ། ༧༦༽ ཡང་དག་པར་ངེས་དོན་སངས་རྒྱས་བསྟན་པའི་ལེའུ། ༧༧༽ ཕྱོགས་བཅུའི་སངས་རྒྱས་ཀྱི་རྟོགས་པ་བརྗོད་པའི་ལེའུ། ༧༨༽ རིག་འཛིན་སེམས་དཔའ་རྣམས་ཀྱི་རྟོགས་པ་བརྗོད་པའི་ལེའུ། ༧༩༽ རྒྱལ་སྲས་སྤྲུལ་པའི་འཁོར་གྱིས་རྟོགས་པ་བརྗོད་པའི་ལེའུ། ༨༠༽ མཁའ་འགྲོའི་རྟོགས་པ་བརྗོད་པའི་ལེའུ། ༨༡༽ རྒྱུད་བཤད་ཅིང་བཟུང་བར་བསྟན་པའི་ལེའུ་བཅས། མཆན།)པ། རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། བོད་ཀྱི་ལོ་ཙཱ་བ་ཨ་ཙརྱ་དྲན་པ་ཡེ་ཤེས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ཕབ་པ།༡༨༽ རྫོགས་པ་ཆེན་པོ་རིན་པོ་ཆེ་འཁོར་བ་རྩད་གཅོད་ཀྱི་རྒྱུད་ལེའུ་བདུན་(༡༽ དོན་གྱི་གླེང་གཞི་བསྟན་པའི་ལེའུ། ༢༽ དོན་ཆོས་ཉིད་ཀྱི་གནས་ལུགས་བསྟན་པའི་ལེའུ། ༣༽ དེ་ལས་འཁྲུལ་ཚུལ་བསྟན་པའི་ལེའུ། ༤༽ རྟོགས་པར་བྱ་བའི་ཐབས་བསྟན་པའི་ལེའུ། ༥༽ གདམས་ངག་མངོན་དུ་བསྟན་པའི་ལེའུ། ༦༽ རང་བྱུང་གུ་ཡེ་ཤེས་ཆེན་པོར་ལ་བཟླ་བའི་ལེའ། ༧ ༽ རྒྱུད་གཏད་པ་དང་མཛད་སྤྱོད་བསྟན་པའི་ལེའུ་བཅས། མཆན།)པ། འགྱུར་བྱང་མ་འཁོད་པ།
༡༩༽ རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པ་ཆོས་སྐུ་སྐྱེ་མེད་རིག་པའི་རྒྱུད་ལེའུ་ཉི་ཤུ་རྩ་བཞི་(༡༽ དོན་གྱི་གླེང་གཞི་བསྟན་པའི་ལེའུ། ༢༽ གསུང་བར་ཞལ་གྱིས་བཞེས་ཏེ་ཆེད་དུ་བརྗོད་པའི་ལེའུ། ༣༽ དཔེ་དོན་ཁྱད་པར་གྱི་ལེའུ། ༤༽ དོན་ཆོས་ཉིད་ཀྱི་གནས་ལུགས་བསྟན་པའི་ལེའུ། ༥༽ འཁོར་བ་དང་པོ་གང་ནས་བྱུང་བ་བསྟན་པའི་ལེའུ། ༦༽ ཐེག་པ་འོག་མའི་འཁྲུལ་ཚུལ་བཤད་པའི་ལེའུ། ༧ ༽ མ་རྟོགས་པར་བསྒོམ་ན་གོལ་བར་བསྟན་པའི་ལེའུ། ༨༽ ལྟ་སྤྱོད་ཉམས་པའི་ཉེས་པ་བསྟན་པའི་ལེའུ། ༩༽ རྣམ་སྨིན་གྱི་ལུས་དང་མ་བྲལ་བར་སངས་མི་རྒྱ་བར་བསྟན་པའི་ལེའུ། ༡༠༽ གནས་པ་བསྟན་པའི་ལེའུ། ༡༡༽ འཁྲུལ་བ་ལྡོག་པའི་ཐབས་བསྟན་པའི་ལེའུ། ༡༢༽ ངེས་དོན་གྱི་ལྟ་བ་བསྟན་པའི་ལེའུ། ༡༣༽ མ་བསྒོམས་འབྲལ་མེད་མངོན་དུ་གྱུར་བའི་ལེའུ། ༡༤༽ རིག་པའི་སྤྱོད་པ་གསང་བར་བསྟན་པའི་ལེའུ། ༡༥༽ བསྒོམ་དུ་མེད་པར་ལ་བཟླ་བའི་ལེའུ། ༡༦༽ མཐུན་འཇུག་ཐབས་ཀྱི་སྤྱོད་པ་བསྟན་པའི་ལེའུ། ༡༧ ༽ མན་ངག་གི་དབྱེ་བའི་སྒོ་ནས་འཁྲུལ་བ་ལྡོག་པའི་ཡོན་ཏན་བསྟན་པ། ༡༨༽ ཐེ་ཚོམ་གྱི་གེགས་བསལ་བ་དངོས་སུ་བསྟན་པའི་ལེའུ། ༡༩༽ གེགས་སེལ་ངེས་པའི་ཡོན་ཏན་བསྟན་པའི་ལེའུ། ༢༠༽ ལྟ་སྤྱོད་ཉམས་པ་བསྐང་བའི་ཚད་བསྟན་པ། ༢༡༽ སྣང་མེད་སེམས་ཀྱི་རིག་པ་རྟོགས་དུས་བསྟན་པའི་ལེའུ། ༢༢༽ ཡོན་ཏན་གྱི་གདུལ་བྱ་བསྟན་པའི་ལེའུ། ༢༣༽ འཁོར་གྱི་རྟོགས་པ་བརྗོད་པའི་ལེའུ། ༢༤༽ རྟོགས་པའི་མཛད་སྤྱོད་དང་རྒྱུད་གཏད་པའི་ལེའུ་བཅས། མཆན།) པ། རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། ཨཱ་ཙརྱ་དྲན་པ་ཡེ་ཤེས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ཕབ་པ།
༢༠༽ རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལེའུ་ལྔ་བཅུ་རྩ་གསུམ་(༡༽ བསྟན་པ་འབྱུང་བའི་རྒྱུ་གླེང་གཞི་བསྟན་པའི་ལེའུ། ༢༽ གསུང་བར་ཞལ་གྱིས་བཞེས་པའི་ལེའུ། ༣༽ ཆེད་དུ་བརྗོད་པས་གོ་བར་བསྟན་པའི་ལེའུ། ༤༽ མཚོན་པའི་དཔེ་དོན་མ་ཡིན་པར་བསྟན་པའི་ལེའུ། ༥༽ དོན་གྱི་དབྱེ་བ་བསྟན་པའི་ལེའུ། ༦༽ ཡིད་ཆེས་པའི་གཏན་ཚིགས་ཀྱི་ལེའུ། ༧ ༽ ཀུན་ཏུ་བཟང་པོའི་ཐུགས་བརྟོལ་བའི་ལེའུ། ༨༽ འཁོར་བ་དང་པོ་གང་ནས་བྱུང་བར་བསྟན་པའི་ལེའུ། ༩༽ ཚོགས་བརྒྱད་ཆོས་སྐུ་མིན་པར་བསྟན་པའི་ལེའུ། ༡༠༽ རྒྱུ་མཚན་ཉིད་ཀྱི་འཁྲུལ་ཚུལ་བསྟན་པའི་ལེའུ། ༡༡༽ ཕྱི་རྒྱུད་རྣམ་གསུམ་གྱི་འཁྲུལ་ཚུལ་བསྟན་པའི་ལེའུ། ༡༢༽ བསྐྱེད་རྫོགས་རྣམ་གཉིས་ཀྱི་འཁྲུལ་ཚུལ་བསྟན་པའི་ལེའུ། ༡༣༽ བསྒོམས་པ་གོལ་བར་བསྟན་པའི་ལེའུ། ༡༤༽ ལྟ་སྤྱོད་ཉམས་པའི་སྐྱོན་བསྟན་པའི་ལེའུ། ༡༥༽ ལུས་དང་མ་བྲལ་བར་སངས་མི་རྒྱ་བར་བསྟན་པའི་ལེའུ། ༡༦༽ སྲིད་པ་བར་དོའི་བགས་ཆགས་བསྟན་པའི་ལེའུ། ༡༧ ༽ འཁོར་བ་ད་ལྟ་གང་ན་གནས་པ་བསྟན་པའི་ལེའུ། ༡༨༽ འཁྲུལ་བ་བཟློག་པའི་དུས་ཐབས་བསྟན་པའི་ལེའུ། ༡༩༽ རང་བྱུང་གི་ཡེ་ཤེས་ཀྱི་དབྱེ་བ་བསྟན་པའི་ལེའུ། ༢༠༽ ཐ་མ་འཁོར་བ་རང་བརླག་ཏུ་བསྟན་པའི་ལེའུ། ༢༡༽ རིག་པ་མ་བསླད་ངོ་བོ་ཉིད་ཀྱི་སྐུ་བསྟན་པའི་ལེའུ། ༢༢༽ སྣང་བ་མ་བཅོས་ཆོས་ཀྱི་དབྱིངས་བསྟན་པའི་ལེའུ། ༢༣༽ རང་སེམས་ཆོས་སྐུ་རང་ངོ་སྤྲོད་པའི་ལེའུ། ༢༤༽ དུས་བཞི་རིག་སྤྱོད་བསྟན་པའི་ལེའུ། ༢༥༽ ཕྱིའི་མཆོད་གཏོར་བཏང་བའི་ལེའུ། ༢༦༽ གསང་སྔགས་ཀྱི་ཚོགས་གཏོར་འབུལ་བའི་ལེའུ། ༢༧ ༽ གསང་བའི་སྤྱོད་པ་བསྟན་པའི་ལེའུ། ༢༨༽ བསྒོམ་དུ་མེད་པར་ལ་བཟླ་བའི་ལེའུ། ༢༩༽ བདེ་བ་ཞེན་མེད་ཡེ་ཤེས་སུ་རྐྱེན་ཐུབ་པར་བསྟན་པའི་ལེའུ། ༣༠༽ སྡུག་བསྔལ་ཞི་བྱེད་ཆོས་སྐུ་རྐྱེན་ཐུབ་པར་བསྟན་པའི་ལེའུ། ༣༡༽ བཏང་སྙོམས་ལྷག་མཐོང་རིག་ལམ་རྐྱེན་ཐུབ་པར་བསྟན་པའི་ལེའུ། ༣༢༽ གཉིད་ཡེ་ཤེས་ཀློང་ཐིམ་དུ་རྐྱེན་ཐུབ་པར་བསྟན་པའི་ལེའུ། ༣༣༽ དུག་ལྔ་རང་གྲོལ་རྐྱེན་ཐུབ་པར་བསྟན་པའི་ལེའུ། ༣༤༽ སྲིད་པ་བར་མ་དོར་སྐྱེ་བ་ཕྱི་མ་མི་ལེན་པའི་ལེའུ། ༣༥༽ གདམས་ངག་གི་དབྱེ་བ་བསྟན་པའི་ལེའུ། ༣༦༽ འཁོར་བ་འཁྲུལ་བ་ལོག་པའི་རྟགས་བསྟན་པའི་ལེའུ། ༣༧ ༽ ཐེག་པ་འོག་མའི་འཁྲུལ་བ་ལོག་པའི་རྟགས་བསྟན་པའི་ལེའུ། ༣༨༽ ཐིག་ལེ་ཤན་འབྱེད་པའི་ལེའུ། ༣༩༽ ཐིག་ལེ་ཉག་གཅིག་ལ་ལ་བཟླ་བའི་ལེའུ། ༤༠༽ ཐེ་ཚོམ་གྱི་གེགས་བསལ་བའི་ལེའུ། ༤༡༽ ཕ་རོལ་ཏུ་ཕྱིན་པའི་ཆོས་རྣམས་རྫོགས་པར་བསྟན་པའི་ལེའུ། ༤༢༽ ཕྲིན་ལས་མཛད་སྤྱོད་རྫོགས་པའི་ལེའུ། ༤༣༽ བསམ་གཏན་གྱི་གོལ་ས་མེད་པར་བསྟན་པའི་ལེའུ། ༤༤༽ གསང་སྔགས་གོལ་ས་མེད་པར་བསྟན་པའི་ལེའུ། ༤༥༽ མ་རིག་རྩོལ་བའི་སྒྲིབ་པ་མེད་པར་བསྟན་པའི་ལེའུ། ༤༦༽ ཉམས་དང་རྟགས་བསྟན་པའི་ལེའུ། ༤༧ ༽ ལྟ་བ་ཉམས་པ་བསྐངས་བའི་ཚད་བསྟན་པའི་ལེའུ། ༤༨༽ ངེས་པའི་བདེན་པ་མཐོང་བར་བསྟན་པའི་ལེའུ། ༤༩༽ སྣང་མེད་ཀྱི་རིག་པའི་རྟོགས་དུས་བསྟན་པའི་ལེའུ། ༥༠༽ ཡོན་ཏན་གྱི་གདུལ་བྱ་བསྟན་པའི་ལེའུ། ༥༡༽ དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་རྟོགས་པ་བརྗོད་པའི་ལེའུ། ༥༢༽ འཁོར་གྱི་རྟོགས་པ་བརྗོད་པའི་ལེའུ། ༥༣༽ རྒྱུད་གཏད་པའི་ལེའུ་བཅས། མཆན།)པ། འབྲོམ་ཡེ་ཤེས་སྙིང་པོའི་གཏེར་བྱོན། ངོ་བོ་ཉིད་ཀྱི་སྐུ་དང་། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། བྲམ་ཟེ་བདེ་མཆོག་སྙིང་པོ། གུ་རུ་ཤྲཱི་སེང་ཧ། བི་མ་ལ་མི་ཏྲ་རྣམས་བརྒྱུད་ཅིང་། བི་མ་ལ་མི་ཏྲས་མྱང་ཏིང་འཛིན་བཟང་པོའམ་དྲན་པ་ཡེ་ཤེས་ལ་བཤད་པ། རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། བོད་ཀྱི་ལོ་ཙཱ་བ་དྲན་པ་ཡེ་ཤེས་ཀྱིས་བསྒྱུར་ཅིང་གཏན་ཕབ་པ།༢༡༽ རྫོགས་པ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན་རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལེའུ་དྲུག་ཅུ་རྩ་ལྔ་(༡༽ དཔེ་དོན་ཆེད་དུ་གསུངས་པའི་གླེང་གཞིའི་ལེའུ། ༢༽ བཀའ་བགྲོས་པའི་ལེའུ། ༣༽ སྣོད་བཅུད་བསྟན་པའི་ལེའུ། ༤༽ གདམས་ངག་རྩ་བ་གཅིག་ཏུ་འདུས་པར་བསྟན་པའི་ལེའུ། ༥༽ འཁོར་འདས་ཀྱི་གཞི་བསྟན་པའི་ལེའུ། ༦༽ འཁོར་བའི་གཞི་ཤེས་ལུང་མ་བསྟན་པའི་ལེའུ། ༧ ༽ འཁོར་བའི་བྱུང་ཚུལ་བསྟན་པའི་ལེའུ། ༨༽ མུ་སྟེགས་ཀྱི་འཁྲུལ་ཚུལ་བསྟན་པའི་ལེའུ། ༩༽ རྒྱུ་མཚན་ཉིད་ཀྱི་འཁྲུལ་ཚུལ་བསྟན་པའི་ལེའུ། ༡༠༽ ཕྱིའི་འཁྲུལ་ཚུལ་བསྟན་པའི་ལེའུ། ༡༡༽ བསྐྱེད་རྫོགས་རྣམ་གསུམ་འཁྲུལ་ཚུལ་བསྟན་པའི་ལེའུ། ༡༢༽ མ་རྟོགས་པར་བསྒོམ་པ་གོལ་བར་བསྟན་པའི་ལེའུ། ༡༣༽ ལྟ་བདུད་ཟིལ་གྱིས་གནོན་པ་རྟོགས་པས་ཆོག་པར་བསྟན་པའི་ལེའུ། ༡༤༽ བསྒོམ་པའི་བདུད་ཟིལ་གྱིས་མནན་པའི་ལེའུ། ༡༥༽ སྤྱོད་པའི་བདུད་ཟིལ་གྱིས་མནན་པའི་རྟགས་བསྟན་པའི་ལེའུ། ༡༦༽ ཉམས་ཀྱི་བདུད་ཟིལ་གྱིས་གནོན་པའི་རྟགས་དང་འབྲས་བུ་བསྟན་པའི་ལེའུ། ༡༧ ༽ ཡོན་ཏན་སྐྱོན་དུ་བསྟན་པའི་ལེའུ། ༡༨༽ སྲིད་པ་བར་དོར་འཁྱམས་པ་བསྟན་པའི་ལེའུ། ༡༩༽ ངེས་དོན་རྟགས་ཀྱི་ཟློག་ཆོས་བསྟན་པའི་ལེའུ། ༢༠༽ མ་རིག་བདུད་འཛིན་འཁྲུལ་བ་བཟློག་པར་བསྟན་པའི་ལེའུ། ༢༡༽ ཕྱི་ནང་ཟ་ཟློའི་གཏན་ཚིག་བསྟན་པའི་ལེའུ། ༢༢༽ སྣང་བའི་ཡུལ་གྱི་གོལ་ས་བསྟན་པའི་ལེའུ། ༢༣༽ རིག་འཛིན་གྲུབ་པ་ཐོབ་པའི་བཀའ་རྟགས་དངོས་བསྟན་པའི་ལེའུ། ༢༤༽ ལམ་ལྔ་དུས་གཅིག་ཏུ་རྫོགས་པར་བསྟན་པའི་ལེའུ། ༢༥༽ སངས་རྒྱས་ཐམས་ཅད་ཀྱི་བཀའ་རྟགས་ཀྱི་གདམས་ངག་མངོན་དུ་བསྟན་པའི་ལེའུ། ༢༦༽ མ་རིག་ཡེ་ཤེས་ཤན་དབྱེ་བའི་ལེའུ། ༢༧ ༽ མ་རིག་ཡེ་ཤེས་ཤན་དབྱེ་བའི་ཡོན་ཏན་བསྟན་པའི་ལེའུ། ༢༨༽ རྟོགས་པའི་གཞི་མྱ་ངན་ལས་འདས་པའི་ལེའུ། ༢༩༽ སངས་རྒྱས་ཀྱི་བྱུང་ཚུལ་བསྟན་པའི་ལེའུ། ༣༠༽ གཞི་གསུམ་འབྲེལ་བ་ཡོད་མེད་བསྟན་པའི་ལེའུ། ༣༡༽ སྣང་བ་མ་བཅོས་ཆོས་ཀྱི་དབྱིངས་གཏན་ལ་ཕབ་པའི་ལེའུ། ༣༢༽ ཡུལ་དང་འབྲེལ་མེད་ཀྱི་རིག་པ་ངོས་བཟུང་བར་བསྟན་པའི་ལེའུ། ༣༣༽ ཆོས་ཀྱི་སྐུ་དང་དབྱིངས་དུས་མཉམ་པར་བསྟན་པའི་ལེའུ། ༣༤༽ ལྟ་བ་མདོར་བསྡུས་ཏེ་བསྟན་པའི་ལེའུ། ༣༥༽ དོན་གྱི་དབྱེ་བ་བསྟན་པའི་ལེའུ། ༣༦༽ ཤེས་པ་སྔ་ཕྱིར་མ་སོང་བར་ཆོས་སྐུར་ངོ་སྤྲད་པའི་ལེའུ། ༣༧ ༽ རིག་པ་རྒྱ་བསྐྱེད་དེ་ཆོས་སྐུར་ངོ་སྤྲད་པའི་ལེའུ། ༣༨༽ སྐྱོན་ཡོན་ཏན་དུ་མེད་པ་ཆོས་སྐུར་ངོ་སྤྲོད་པའི་ལེའུ། ༣༩༽ ཆོས་སྐུ་ངོ་སྤྲད་པའི་ཡོན་ཏན་བསྟན་པའི་ལེའུ། ༤༠༽ ཉམས་ཀྱི་རིམ་པ་གཅིག་ཏུ་བསྟན་པའི་ལེའུ། ༤༡༽ གོལ་མེད་ཀྱི་མང་ངག་བསྟན་པའི་ལེའུ། ༤༢༽ ཉམས་སུ་མྱོང་བའི་བཀའ་བསྟན་པའི་ལེའུ། ༤༣༽ ཕྱི་སྐྱེན་ཡེ་ཤེས་རང་ཤར་བར་བསྟན་པའི་ལེའུ། ༤༤༽ ནང་གོལ་མེད་ཡེ་ཤེས་རང་ཤར་བར་བསྟན་པའི་ལེའུ། ༤༥༽ རང་ཤར་སྤྱོད་པའི་དཔེ་བསྟན་པའི་ལེའུ། ༤༦༽ ལ་ཟློའི་ཡེ་ཤེས་རང་ཤར་བར་བསྟན་པའི་ལེའུ། ༤༧ ༽ ཡེ་ཤེས་རང་ཤར་གྱི་ཡོན་ཏན་བསྟན་པའི་ལེའུ། ༤༨༽ མཐའ་དབུས་མེད་པའི་ཉམས་བསྟན་པའི་ལེའུ། ༤༩༽ མ་བསྒོམ་གོལ་ས་མེད་པར་བསྟན་པའི་ལེའུ། ༥༠༽ གནས་ལུགས་དོན་གྱི་ཉམས་མྱོང་བསྟན་པའི་ལེའུ། ༥༡༽ བདེ་བ་ཡེ་ཤེས་སུ་རྐྱེན་ཐུབ་པར་བསྟན་པའི་ལེའུ། ༥༢༽ སྡུག་བསྔལ་ཞི་བྱེད་ཆོས་སྐུར་རྐྱེན་ཐུབ་པར་བསྟན་པའི་ལེའུ། ༥༣༽ བཏང་སྙོམས་ལྷག་མཐོང་རིག་པ་རྐྱེན་ཐུབ་པར་བསྟན་པའི་ལེའུ། ༥༤༽ གཉིད་ཡེ་ཤེས་ཀློང་ཐིམ་དུ་བསྟན་པའི་ལེའུ། ༥༥༽ དུག་ལྔ་རང་གྲོལ་དུ་བསྟན་པའི་ལེའུ། ༥༦༽ སྲིད་པ་བར་དོ་ལ་སྐྱེ་བ་ཕྱི་མ་མི་ལེན་པར་སངས་རྒྱས་པར་བསྟན་པའི་ལེའུ། ༥༧ ༽ ལྷ་དབང་གི་ཐེ་ཚོམ་གྱི་གེགས་བསལ་བའི་ལེའུ། ༥༨༽ དུས་ད་ལྟ་ཉིད་དུ་རྟོགས་པར་བསྟན་པའི་ལེའུ། ༥༩༽ ལྷའི་བུའི་སེམས་ཀྱི་རྟོག་པ་བསལ་བའི་ལེའུ། ༦༠༽ རྡོ་རྗེ་སེམས་དཔའ་གཞི་དང་འཕྲད་པའི་རྟོགས་པ་བསྟན་པའི་ལེའུ། ༦༡༽ ས་བཅུ་རྫོགས་པར་བསྟན་པའི་ལེའུ། ༦༢༽ སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདིར་འདུས་པར་བསྟན་པའི་ལེའུ། ༦༣༽ ཆོས་ཀྱི་སྐུའི་སྤྲུལ་པ་གཟུགས་སྐུ་རྣམ་གཉིས་ཀྱིས་གཞན་དོན་བྱེད་པར་བསྟན་པའི་ལེའུ། ༦༤༽ གཞི་ལམ་གཅིག་པའི་འབྲས་བུ་བསྟན་པའི་ལེའུ། ༦༥༽ རྒྱུད་གཏད་པའི་ལེའུ་བཅས། མཆན།)པ། རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། ཞུས་ཆེན་གྱི་ལོ་ཙཱ་བ་དྲན་པ་ཡེ་ཤེས་ཀྱིས་བསྒྱུར་ཅིང་གཏན་ཕབ་པ།༢༢༽ རྫོགས་པ་ཆེན་པོ་ཤིན་ཏུ་རྣལ་འབྱོར་སངས་རྒྱས་ཐམས་ཅད་འབྱུང་བའི་རྒྱུད་ཡེ་ཤེས་ཆོས་ཀྱི་སྐུ། དོན་འདུས་རིག་པའི་གསུང་། གསང་བ་ཐུགས་ཀྱི་ཏིང་ངེ་འཛིན། རང་བྱུང་བདེ་བའི་འཁོར་ལོ་མཐར་ཕྱིན་འབྲས་བུའི་རྒྱུད་ལེའུ་དྲུག་ཅུ་རྩ་བདུན་(༡༽ ངེས་དོན་འབྱུང་བའི་རྒྱུད་ཀྱི་གླེང་གཞི་བསྟན་པའི་ལེའུ། ༢༽ རྐྱེན་སྣོད་བཅུད་བསྟན་པའི་ལེའུ། ༣༽ མ་རྟོགས་འཁོར་བའི་བྱུང་ཚུལ་བསྟན་པའི་ལེའུ། ༤༽ མ་རྟོགས་པའི་སྐྱོན་གྱིས་འཆིང་བར་བསྟན་པའི་ལེའུ། ༥༽ སེམས་ཀྱི་མུན་གསེབ་ན་ཐིག་ལེ་ཉག་གཅིག་ཡེ་ནས་ཡོད་པར་བསྟན་པའི་ལེའུ། ༦༽ ཀུན་གཞིའི་ངོ་བོ་ངེས་ཚིག་དབྱེ་བ་བསྟན་པའི་ལེའུ། ༧ ༽ ཀུན་གཞི་དང་པོ་ད་ལྟ་ཐ་མ་གང་དུ་འགྲོ་བ་བསྟན་པའི་ལེའུ། ༨༽ མཚན་ཉིད་རྒྱུ་རྐྱེན་དཔེ་བསྟན་པའི་ལེའུ། ༩༽ ཀུན་གཞིའི་རྩལ་དང་རང་བཞིན་དམིགས་པའི་ཡུལ་བསྟན་པའི་ལེའུ། ༡༠༽ མ་ཤེས་པའི་སྐྱོན་བསྟན་པའི་ལེའུ། ༡༡༽ གཉེན་པོ་ལོག་པ་དང་མ་ལོག་པའི་སྐྱོན་བསྟན་པའི་ལེའུ། ༡༢༽ ཐེག་བརྒྱད་གོལ་སར་བསྟན་པའི་ལེའུ། ༡༣༽ འཁོར་རྣམས་ལ་གཟེངས་བསྟོད་པ་མཛད་པའི་ལེའུ། ༡༤༽ ངེས་དོན་རྩ་བ་གཅིག་པར་བསྟན་པའི་ལེའུ། ༡༥༽ སྣང་མེད་དོན་གྱི་གནས་ལུགས་བསྟན་པའི་ལེའུ། ༡༦༽ གཞི་ལ་འཕོ་འགྱུར་མེད་པར་བསྟན་པའི་ལེའུ། ༡༧ ༽ སེམས་ཅན་ཀུན་ལ་གནས་ལུགས་བསྟན་པའི་ལེའུ། ༡༨༽ རྟོགས་པར་བྱ་བའི་ཐབས་བསྟན་པའི་ལེའུ། ༡༩༽ དབང་གི་རིམ་པ་བསྟན་པའི་ལེའུ། ༢༠༽ མ་བགྲོད་ལམ་ལྔ་རྫོགས་པར་བསྟན་པའི་ལེའུ། ༢༡༽ ས་དང་ཕ་རོལ་ཕྱིན་པའི་ཡོན་ཏན་བསྟན་པའི་ལེའུ། ༢༢༽ མ་རིག་མུན་སེལ་གྱི་ལྟ་བ་བསྟན་པའི་ལེའུ། ༢༣༽ མཐའ་མ་རེག་པའི་ལྟ་བ་བསྟན་པའི་ལེའུ། ༢༤༽ ཡེ་ཤེས་ལྷུན་གྱིས་གྲུབ་པའི་ལྟ་བ་བསྟན་པའི་ལེའུ། ༢༥༽ ཆོས་ཀྱི་སྐུའི་བསྒོམ་པ་ངོས་བཟུང་བ་བསྟན་པའི་ལེའུ། ༢༦༽ ཆོས་སྐུ་རྟོགས་པའི་ངང་ལ་གནས་ཐབས་བསྟན་པའི་ལེའུ། ༢༧ ༽ འབྲལ་མེད་རྒྱུན་གྱི་ཏིང་ངེ་འཛིན་བསྟན་པའི་ལེའུ། ༢༨༽ འབྲལ་མེད་རྒྱུན་གྱི་སྤྱོད་པ་བསྟན་པའི་ལེའུ། ༢༩༽ དུག་ལྔ་རང་གྲོལ་དུ་བསྟན་པའི་ལེའུ། ༣༠༽ མཐུན་འཇུག་ཐབས་ཀྱི་སྤྱོད་པ་བསྟན་པའི་ལེའུ། ༣༡༽ འབྲས་བུ་ལྟུང་མེད་བསྟན་པའི་ལེའུ། ༣༢༽ རེ་དོགས་མེད་པའི་འབྲས་བུ་བསྟན་པའི་ལེའུ། ༣༣༽ བདག་དོན་རྟོགས་པའི་འབྲས་བུ་བསྟན་པའི་ལེའུ། ༣༤༽ རྟོགས་པའི་ཡོན་ཏན་བསྟན་པའི་ལེའུ། ༣༥༽ ཆེ་བ་བསྟན་པའི་ལེའུ། ༣༦༽ ཆོས་ཉིད་ལ་བཟླ་བའི་ལེའུ། ༣༧ ༽ སངས་རྒྱས་ཆོས་ཀུན་རྫོགས་པར་བསྟན་པའི་ལེའུ། ༣༨༽ རྡོ་རྗེ་སེམས་དཔའི་ཐུགས་བརྟོལ་གསལ་བའི་ལེའུ། ༣༩༽ མདོར་བསྡུས་པའི་མན་ངག་བསྟན་པའི་ལེའུ། ༤༠༽ དོན་གྱི་བསྒོམ་པའི་དབྱེ་བ་བསྟན་པའི་ལེའུ། ༤༡༽ རྟོགས་པའི་སེམས་ཉམས་བསྟན་པའི་ལེའུ། ༤༢༽ ལྟ་བའི་བདུད་བསྟན་པའི་ལེའུ། ༤༣༽ ཏིང་ངེ་འཛིན་གྱི་བདུད་བསྟན་པའི་ལེའུ། ༤༤༽ སྤྱོད་པའི་བདུད་བསྟན་པའི་ལེའུ། ༤༥༽ ཉམས་ཀྱི་བདུད་བསྟན་པའི་ལེའུ། ༤༦༽ ལྟ་སྒོམ་གྱི་བདུད་ཟིལ་གྱིས་མནན་པའི་ལེའུ། ༤༧ ༽ སྤྱོད་པ་ཉམས་ཀྱི་བདུད་ཟིལ་གྱིས་མནན་པའི་ལེའུ། ༤༨༽ ལྟ་སྒོམ་གྱི་བདུད་ཟིལ་གྱིས་ནོན་པའི་རྟགས་བསྟན་པའི་ལེའུ། ༤༩༽ སྤྱོད་པ་ཉམས་ཀྱི་བདུད་ཟིལ་གྱིས་ནོན་པའི་རྟགས་བསྟན་པའི་ལེའུ། ༥༠༽ བདུད་ཟིལ་གྱིས་ནོན་པའི་འབྲས་བུ་བསྟན་པའི་ལེའུ། ༥༡༽ ཕྱི་པ་ཀྲི་ཡོག་གི་ཀུན་གཞི་ལྡོག་པའི་དུས་བསྟན་པའི་ལེའུ། ༥༢༽ ནང་པ་བསྐྱེད་རྫོགས་གཉིས་ཀྱི་ཀུན་གཞི་ལྡོག་པའི་དུས་བསྟན་པའི་ལེའུ། ༥༣༽ ཀུན་གཞི་ལྡོག་པའི་ཐབས་བསྟན་པའི་ལེའུ། ༥༤༽ ཀུན་གཞི་ལྡོག་པའི་འབྲས་བུ་བསྟན་པའི་ལེའུ། ༥༥༽ ཡེ་ཤེས་མཐར་ཕྱིན་པའི་འབྲས་བུ་བསྟན་པའི་ལེའུ། ༥༦༽ སངས་རྒྱས་ཀྱི་དབྱེ་བ་བསྟན་པའི་ལེའུ། ༥༧ ༽ སངས་རྒྱས་པའི་དུས་བསྟན་པའི་ལེའུ། ༥༨༽ སངས་རྒྱས་ཀྱི་མཛད་སྤྱོད་བསྟན་པའི་ལེའུ། ༥༩༽ མ་རྟོགས་པའི་སྐྱོན་བསྟན་པའི་ལེའུ། ༦༠༽ གདམས་ངག་མེད་པའི་ཉེས་པ་བསྟན་པའི་ལེའུ། ༦༡༽ མ་རྟོགས་པ་ལྟུང་བའི་སྒོ་བསྟན་པའི་ལེའུ། ༦༢༽ ཀུན་ཏུ་བཟང་པོའི་རྟོགས་པ་བསྟན་པའི་ལེའུ། ༦༣༽ ངེས་དོན་སྙིང་པོ་བསྡུས་པ་བསྟན་པའི་ལེའུ། ༦༤༽ ངེས་དོན་ལོག་གནོན་དུ་བསྟན་པའི་ལེའུ། ༦༥༽ སེམས་ལས་སངས་རྒྱས་མི་འབྱུང་བར་བསྟན་པའི་བསྟན་པའི་ལེའུ། ༦༦༽ ཆེད་དུ་ངེས་པར་བསྡུ་བའི་ལེའུ། ༦༧ ༽ ཐ་མ་རྒྱུད་གཏད་པའི་ལེའུ་བཅས། མཆན།) པ། རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། བོད་ཀྱི་ལོ་ཙཱ་བ་ཨ་ཙརྱ་དྲན་པ་ཡེ་ཤེས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ཕབ་པ།༢༣༽ རྫོགས་པ་ཆེན་པོ་ངེས་དོན་འདུས་པའི་ཡང་སྙིང་ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད། རིན་པོ་ཆེ་གསེར་གྱི་ཡང་ཞུན་ལེའུ་སུམ་ཅུ་རྩ་བདུན་(༡༽ ངེས་དོན་འབྱུང་བའི་རྒྱུད་ཀྱི་གླེང་གཞི་བསྟན་པའི་ལེའུ། ༢༽ སྣོད་བཅུད་བསྟན་པའི་ལེའུ། ༣༽ འཁོར་བའི་ཤེས་གཞི་ལུང་མ་བསྟན་པའི་ལེའུ། ༤༽ འཆི་ལྟས་བསྟན་པའི་ལེའུ། ༥༽ མ་རྟོགས་པ་འཁོར་བར་འཁྱམས་པ་བསྟན་པའི་ལེའུ། ༦༽ འཁོར་འདས་གཉིས་ཀྱི་གཞི་རང་བཞིན་གྱི་ལུས་བསྟན་པའི་ལེའུ། ༧ ༽ མུ་སྟེགས་འཁྲུལ་ཚུལ་བསྟན་པའི་ལེའུ། ༨༽ རྒྱུ་མཚན་ཉིད་ཀྱི་འཁྲུལ་ཚུལ་བསྟན་པའི་ལེའུ། ༩༽ ཕྱིའི་འཁྲུལ་ཚུལ་བསྟན་པའི་ལེའུ། ༡༠༽ རྒྱུད་ལུང་འཁྲུལ་ཚུལ་བསྟན་པའི་ལེའུ། ༡༡༽ རྫོགས་ཆེན་སྤྱིའི་འཁྲུལ་ཚུལ་བསྟན་པའི་ལེའུ། ༡༢༽ ཐེག་པ་འོག་མ་པའི་ཆོས་ཀྱིས་འཁྲུལ་བ་མི་ལྡོག་པར་བསྟན་པའི་ལེའུ། ༡༣༽ ཡང་ཏི་རྫོགས་ཆེན་གྱིས་འཁྲུལ་པ་ལྡོག་པའི་ཐབས་བསྟན་པའི་ལེའུ། ༡༤༽ རྟོགས་པའི་བརྒྱུད་པ་བསྟན་པའི་ལེའུ། ༡༥༽ རིག་འཛིན་གྲུབ་པ་ཐོབ་པའི་བཀའ་རྟགས་བསྟན་པའི་ལེའུ། ༡༦༽ ཆོས་ཀྱི་དབྱིངས་ཀྱི་གོལ་ས་བསྟན་པའི་ལེའུ། ༡༧ ༽ གོལ་མེད་སྣང་བ་མ་བཅོས་ཆོས་ཀྱི་དབྱིངས་བསྟན་པའི་ལེའུ། ༡༨༽ རིག་པ་མ་བསླད་ཆོས་ཀྱི་སྐུར་བསྟན་པའི་ལེའུ། ༡༩༽ རྒྱུན་དུ་འབྲལ་མེད་ཀྱི་སྒོམ་པ་ངོས་བཟུང་བསྟན་པའི་ལེའུ། ༢༠༽ བདེ་བ་ཡེ་ཤེས་སུ་རྐྱེན་ཐུབ་པར་བསྟན་པའི་ལེའུ། ༢༡༽ སྡུག་བསྔལ་ཞི་བྱེད་ཆོས་སྐུར་རྐྱེན་ཐུབ་པར་བསྟན་པའི་ལེའུ། ༢༢༽ བཏང་སྙོམ་གཉིད་ཡེ་ཤེས་ཀློང་ཐིམ་དུ་བསྟན་པའི་ལེའུ། ༢༣༽ དུག་ལྔ་རང་གྲོལ་དུ་བསྟན་པའི་ལེའུ ༢༤༽ སྲིད་པ་བར་དོ་ལ་སྐྱེ་བ་ཕྱི་མ་མི་ལེན་པར་བསྟན་པའི་ལེའུ། ༢༥༽ འོག་མའི་བསྒོམ་པ་གོལ་བར་བསྟན་པའི་ལེའུ། ༢༦༽ ལྟ་བའི་བདུད་ཟིལ་གྱིས་ནོན་པའི་རྟགས་དང་འབྲས་བུ་བསྟན་པའི་ལེའུ། ༢༧ ༽ སྒོམ་པའི་བདུད་ཟིལ་གྱིས་ནོན་པའི་རྟགས་དང་འབྲས་བུ་བསྟན་པའི་ལེའུ། ༢༨༽ སྤྱོད་པའི་བདུད་ཟིལ་གྱིས་ནོན་པའི་རྟགས་དང་འབྲས་བུ་བསྟན་པའི་ལེའུ། ༢༩༽ ཉམས་ཀྱི་བདུད་ཀྱི་རྟགས་དང་འབྲས་བུ་བསྟན་པའི་ལེའུ། ༣༠༽ རྣལ་འབྱོར་ཉམས་སུ་མྱོང་བའི་བཀའ་རྟགས་བསྟན་པའི་ལེའུ། ༣༡༽ དེ་ཁོ་ན་ཉིད་ལ་དམིགས་པའི་སྤྱོད་པ་བསྟན་པའི་ལེའུ། ༣༢༽ སྒྲོ་འདོགས་ཆོད་པའི་སྤྱོད་པ་བསྟན་པའི་ལེའུ། ༣༣༽ རྟོག་པ་གཞོམ་པའི་སྤྱོད་པ་བསྟན་པའི་ལེའུ། ༣༤༽ ཡེ་ཤེས་རང་ཤར་གྱི་སྤྱོད་པ་བསྟན་པའི་ལེའུ། ༣༥༽ མ་རྟོགས་པའི་དམ་ཚིག་ཉམས་པའི་ལྟུང་བའི་སྒོ་བསྟན་པའི་ལེའུ། ༣༦༽ ངེས་དོན་གྱི་སངས་རྒྱས་བསྟན་པའི་ལེའུ། ༣༧ ༽ རྒྱུད་གཏད་པའི་ལེའུ་བཅས། མཆན།)པ། རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། བོད་ཀྱི་ལོ་ཙཱ་བ་ཨ་ཙརྱ་དྲན་པ་ཡེ་ཤེས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ཕབ་པ།
གསལ་བཤད།
འཕྲོས་རྣམས་གནས་སྐབས་སུ་འདིར་མ་ཤོང་པས་དྲ་རྒྱའི་ཤོང་ཚད་ཆེ་རུ་བཏང་རྗེས་འགོད་རྒྱུ་ཡིན།
མཁོ་འདོན་པ། སློབ་དཔོན་སྣ་ཚོགས་གཟུགས་ཅན།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།