བླ་མ་ལྷ་ལ་ཕྱག་འཚལ་ལོ། །རང་དང་གཞན་ལ་ཕན་སླད་དུ། ། གཟི་ཡི་རྣམ་བཤད་རྒྱ་མཚོས་ལས། །ཆུ་ཐིག་ཙམ་ཞིག་འདི་ནས་འབྲན། །
དང་པོ་། རིན་ཆེན་གཟིའི་རྣམ་བཤད་ལས། སྤྱིར་གཟི་ལ་དབྱེ་ན་ཕོ་གཟི་མོ་གཟི་གཉིས། ཕོ་གཟི་ལ་དབྱེ་ན་རབ་འབྲིང་མཐའ་གསུམ། མོ་གཟི་ལ་དབྱེ་མཆོག་དམན་གཉིས། ཡང་ན། ལྷ་གཟི་སྔོན་པོ། ཀླུ་གཟི་སྔོན་མོ། བདུད་གཟི་ནག་པོ། བོད་གཟི་ཁམ་པའམ་ཁྲ་མོ་ཟེར་། གཟི་རབ་བྱ་རྒོད་སྒོ་ང་ཙམ། གཟི་འབྲིང་ཕོ་རྒོད་མཐེ་བོང་ཙམ། གཟི་ཆུང་གླ་བའི་སྲད་མ་ཙམ། གཟི་རབ་ལྷ་ལ་ཕུལ། གཟི་འབྲིང་ཀླུ་ལ་ཕུལ། གཟི་ཐ་མི་ཡི་ནོར་ལ་བཞག་ཅེས་བཤད། འབྱུང་བ་ལྔའི་སྒོ་ནས་དབྱེ་ན་གཟི་ལྔ་ཡོད་དེ། ཤིང་གཟི་ནི་ཤིང་ལས་བྱུང་བ་དང་། མེ་གཟི་ནི་ཚྭ་ཆུ་ལས་བྱུང་། ས་གཟི་ནི་ས་འོག་ནས་བྱུང་། ཐོག་གཟི་ནི་ཟངས་དང་ལི་ལས་བཟོས་པ་ཞེས་དང་། ཆུ་གཟི་ནི་ཤེལ་ལས་བསྐྲུན་པ་བཅས་བཤད། ཡང་ན། ས་གཟི་གནས་ཆེན་དག་ལས་དང་། ཆུ་གཟི་གངས་ལས་དང་། མེ་གཟི་ཆུ་ཚན་ལས་དང་། རླུང་གཟི་རྩི་ཤིང་དག་ལས། གནམ་གཟི་སྐར་མའི་ནང་ལས་ལྷུང་ཞེས་བཤད།
གཉིས་པ། གཟི་ལ་དབྱིབས་ཀྱི་སྒོ་ནས་དབྱེ་ན། ཟླུམ་པོ་དང་། རྐང་རིང་། ཁྲ་ཆུང་། གཟི་བསྡམས་དཀྲིས་ཅན། གཟི་སྟག་ལོག གཟི་ཚེ་བུམ་ཅན། གཟི་པདྨ་ཅན། གཟི་དཀར་ཁྲ་མན། ནས་འབྲུ་མ། མཆོང་གཟི། ར་མིག ལུག་མིག རྟ་མིག བ་མིག་དང་། ནར་མོ། གྲུ་བཞི། འཇོང་རིང་། རིལ་མོ། སྒང་འབུར་། སྒང་རྒྱལ། རྩེ་རྒྱལ། ཟླུམ་དུམ། གོར་གོར་རམ་གོར་མོ་རྣམས་ཡོད།
གསུམ་པ། རི་མོའི་ཆ་ནས་དབྱེ་ན། འཇའ་རིས་མ། ཆུ་རིས་མ། གཡུང་དྲུང་མ། ཞིང་ཁམས་འཁོར་ལོ་མ། སྒོ་དང་བོ། མཚན་མ་ཁ་སྤྲོད། ཉི་ཟླ་ཁ་སྤྲོད། ལས་བཞི་མ། གྲུ་གསུམ་མ་དང་། སྤྱིར་གཟི་ལ་ཁ་རིས། ཐིག་རིས། ཆུ་མིག ལྟབ་རིས་དང་། བང་བ་ཞེས་པ་སོགས་ཡོད། ཆུ་བང་ཁ་སྤྲོད་མ་ལ་ངག་རྒྱུན་དུ་ལྟ་བའི་མིག་དང་ཟ་བའི་ཁ་ཞེས་བཤད། དྲག་པོ་རྡོ་རྗེ་ཅན་དང་རྭ་ཁ་ཕྱེ་བ་དང་མ་ཕྱེ་བ་གཉིས། སྟག་ལོག་ལ་རི་མོ་ཆུ་རིས་ཅན་དང་། འཇའ་རིས་ཅན། ཐག་རིས་ཅན། རྐྱང་མ། དྲྭ་སོ་ཅན། རྟ་སོ་མ། ལུག་སོ་མ་དང་། མཆོང་གཟི་སྟག་ལོག་ལ་རི་མོ་མང་ཤོས་སྦལ་རིས་དྲྭ་ཅན་མང་བ་ཡིན་ཞེས་བཤད།
བཞི་བ། གཟི་རིས་ལ་དབྱེ་ན། གཟི་ཉག་རྟ་རྨིག་འདྲ་ན་རྙིང་བ་ཡིན། ཉའི་རྒྱབ་འདྲ་ན་རྙིང་བ་ཡིན། སྦྲུལ་རྒྱབ་འདྲ་ན་རྙིང་བ་ཡིན། ཆག་པའི་སྟེང་ན་རི་མོ་ཡོད་ན་རྙིང་བ་ཡིན། ཆག་ཁ་རྣོ་ལ་འཇམ་པ་ཡིན་ན་རྙིང་བ་ཡིན། སྤྱིར་གཟི་རྡོ་ལ་གཡུ་རིས་དང་། སྤུ་རིས། ནག་རིས་གསུམ་ཡོད་ན་བཟང་། སྤུ་རིས་གསུམ་ལ་ཉའི་ལྟོ་བ་འདྲ་ན་བཟང་། ཁྲབ་ཀྱི་མིག་འདྲ་ན་བཟང་། སྤྲིན་འཐིབ་པ་འདྲ་ན་བཟང་། བལ་གཏིང་བ་འདྲ་ན་བཟང་། ཁ་སྤ་ཞེས་པའི་གཟི་རིས་ཡོད་ན་བཟང་།
ལྔ་བ། བྱེ་བྲག་གཟིའི་རིགས་ལ་དབྱེ་ན། གཡང་གཟི། འགྱུར་གཟི། མཐུ་གཟི། ཏ་ཟིག་གཟི། རྒྱ་གར་གཟི། ཨོ་རྒྱན་གཟི། ཁ་ཆེ་གཟི། བལ་བོའི་གཟི། འབར་མའི་གཟི། འབྲུག་པའི་གཟི། ཞང་ཞུང་གཟི། བོད་གཟི། རྒྱ་ནག་གཟི། ཐེ་གཟི། ཀང་ཀྲུའི་གཟི། ཧྲིན་ཀྲུན་གཟི། ཨེ་ཅིབ་གཟི། དབྱི་རག་གཟི། གསེར་གཟི། གཟི་ཡ་པ་བའམ་པད་མ་ཅན། གཟི་མཆོག་སྲིད་པའི་ལམ། གཟི་འདོམས་དཀྲིས་མའམ་མདུང་དཀྲིས་མ་ཞེས་པ། གཟི་བོད་རིས་ཅན། གཟི་སྐྱོགས། གཟིའི་འཁར་བ། གཟིའི་ཕོར་བ། གཟིའི་བདུན་ཚར། གཟིའི་སྣ་རུ་། གཟི་རྫུན་མ་སོགས་ཡོད། ཡང་ན་གཟིའི་རིགས་ལ་ནང་གསེས་ཀྱིས་དབྱེ་ན། ༡ གཟི་སེར་ཆོས་དུང་རི་མོ་ཅན་དང་། ༢ གཟི་ལ་ལས་བཞིའི་རི་མོ་ཅན། ༣ གཟི་དཀར་འཁོར་ལོའི་རི་མོ་ཅན། ༤ གཟི་དམར་ལག་པའི་རི་མོ་ཅན། ༥ གཟི་སྨུག་ཉི་ཟླའི་རི་མོ་ཅན། ༦ གཟི་ནག་རལ་གྲིའི་རི་མོ་ཅན། ༧ གཟི་ནག་དབྱིག་ཏོའི་རི་མོ་ཅན། ༨ གཟི་སྔོན་གཡུང་དྲུང་རི་མོ་ཅན། ༩ གཟི་ནག་ཧོམ་ཁུང་རི་མོ་ཅན། ༡༠ གཟི་སྣུམ་ཆོས་འབྱུང་རི་མོ་ཅན། ༡༡ གཟི་དཀར་ཕུར་བའི་རི་མོ་ཅན། ༡༢ གཟི་ཁྲ་ལྕམ་དཀྲིས་རི་མོ་ཅན། ༡༣ གཟི་དམར་རི་དྭགས་རི་མོ་ཅན། ༡༤ ཁམ་སེར་སྟག་གི་རི་མོ་ཅན། ༡༥ གཟི་དཀར་གཟིག་གི་རི་མོ་ཅན། ༡༦ ཟླུམ་པོ་ནོར་བུའི་རི་མོ་ཅན། ༡༧ སོ་དཀར་ནག་འཐབ་པའི་རི་མོ་ཅན། ༡༨ གཟི་དམར་འོ་མའི་པད་རིས་ཅན། ༡༩ སྨུག་སེར་ཚེ་བུམ་རི་མོ་ཅན། ༢༠ སྔོ་དཀར་འཇའ་སྤྲིན་རི་མོ་ཅན། ༢༡ སྔོ་ལྗང་རྩི་ཤིང་རི་མོ་ཅན། ༢༢ ཕྱེད་དཀར་ཕྱེད་ནག་འབྲོག་གི་གཟི། ༢༣ ཕྱེད་སེར་ཕྱེད་ནག་ཞིང་བའི་གཟི། ༢༤ གཟི་ནག་སྐེད་དཀྲིས་དཀར་པོ་ཅན་སོགས་ཡོད། གཞན་ཡང་། འཕུར་བ་དགུ་ལ་གཟི་དགུ་ཡོད། འཛུལ་བ་དགུ་ལ་གཟི་དགུ་ཡོད། །རྐྱལ་བ་བདུན་ལ་གཟི་བདུན་ཡོད། །རྩ་ཟན་བརྒྱད་ལ་གཟི་བརྒྱད་ཡོད། །ཤ་ཟན་བཅུ་ལ་གཟི་བཅུ་ཡོད། །མདོར་ན་གཟི་ཡི་རིགས་བྱེད་ལ། །གཟི་དབྱིབས་མི་གཅིག་སྣ་དགུ་ཡོད། །གཟི་མདོག་མི་གཅིག་སྣ་དགུ་ཡོད། །གཟི་རིས་མི་གཅིག་སྣ་དགུ་ཡོད། །གཟི་ཐོབ་མི་གཅིག་སྣ་དགུ་ཡོད། །རིན་ཐང་མི་གཅིག་སྣ་དགུ་ཡོད། །གཟི་བཟོ་མི་གཅིག་སྣ་དགུ་ཡོད། །གཟི་རྒྱུ་མི་གཅིག་སྣ་དགུ་ཡོད། །ཡོན་ཏན་མི་གཅིག་སྣ་དགུ་ཡོད། །གཟི་སྐྱོན་མི་གཅིག་སྣ་དགུ་ཡོད། །དེ་ལྟར་དགུ་དགུ་གྱ་གཅིག་ཡོད། །ཅེས་གསུངས།
དྲུག་པ། ཁ་དོག་སྒོས་ནས་དབྱེ་ན། གཟི་དཀར་དང་། གཟི་ནག གཟི་སེར། གཟི་ཁྲ། གཟི་སྨུག གཟི་སྔོན། གཟི་ཁམ་པ། གཟི་ཁམ་སེར་། གཟི་དམར་བཅས་ཡོད།
བདུན་པ། རྒྱུའི་ཆ་ནས་དབྱེ་ན། རྡོ་གཟི་དང་། མཆོང་གཟི། ཤེལ་གཟི། ས་གཟི། དཀར་ཁྲ་མན། མ་ནང་ཧོ། ཀར་གཟི། ཤིང་གཟི། ར་གཟི། གསེར་གཟི། ཟངས་གཟི། ལི་གཟི་སོགས་ཡོད་པར་བཤད།
བརྒྱད་པ། གཟིའི་ཆུ་མིག་ལ་དབྱེ་ན། ཆུ་མིག་དང་བོ་དང་། གཉིས་པ། གསུམ་པ། བཞི་བ། ལྔ་བ། དྲུག་པ། བདུན་པ། བརྒྱད་པ། དགུ་བ་སོགས་ཉི་ཤུ་ལྷག་བརྩི་རྒྱུ་ཡོད་པར་བཤད། དེ་དག་ལས་ཆུ་མིག་ཡ་ཅན་བཟང་བར་བརྩི། ཆུ་མིག་དེ་དག་ལ་གལ་སྲིད་མུ་ཁྱུད་མེད་ན་མིག་བདག་མེད་འདྲེ་མིག་ཅེས་ཞན་པར་བཤད།
དགུ་བ། གཟིའི་ཕན་ཡོན་བཤད་པ། སྲུང་བའི་མཆོག་ནི་སྟག་ལོག་ཟླུམ་པོ་དང་རྐང་རིང་འགྱུར་མིག་དགུ་བ་ཡིན་པར་གསུངས། ཤེལ་གོང་འཕྲེང་ལས། གཟི་རྙིང་གཟའ་ཡི་ནད་དང་གདོན་གཟེར་འཇོམས་ཞེས་གསུངས། །ལུས་ལ་འཆིང་བས་ཀླུ་གདོན་སྟེང་གདོན་སེལ། ཚེ་བསོད་ཀླུང་རྟ་སྙན་གྲགས་རྒྱས། གཟི་བརྗིད་མངའ་ཐང་ལོངས་སྤྱོད་འཕེལ། མིག་ལ་ཕྱིས་པས་ནད་སེལ་ཁྲག་གཟེར་འཇོམས་ཞེས་སོགས་གསུངས་སོ། །
མདོར་ན་གཟི་ཡི་རྣམ་གྲངས་འདིས། །རྟོག་གཉིས་ཐེ་ཚོམ་གྲོལ་བར་ཤོག །ས་གཞི་གཟི་ཡིས་གང་བར་ཤོག ། འགྲོ་བའི་དབུལ་བ་སེལ་བར་ཤོག ། ཚེ་བསོད་ཀླུང་རྟ་འཕེལ་བར་ཤོག །དབང་ཐང་སྙན་གྲགས་དར་བར་ཤོག །གཟི་བརྗིད་ལོངས་སྤྱོད་རྒྱས་པར་ཤོག །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །ཞེས་གཟི་ཡི་རྣམས་གྲངས་མདོར་བསྡུས་སུ་བཤད་པ་འདི་ནི་མཛོད་པ་དགེ་འདུན་རྒྱ་མཚོས་བོད་རབ་རྒྱན་ལྕགས་བྱི་ལོའི་དགུན་ར་བའི་ཚེས་དྲུག་ལ་རང་གཞན་ཀུན་ལ་ཕན་སླད་གཟི་ཡི་རྣམ་བཤད་རྒྱས་པ་རྣམས་ལས་བཏུས་པའོ། །བཀྲ་ཤིས་བདེ་ལེགས། །
ཟུར་མཆན། དཔྱད་གཞིའི་ཡིག་ཆ། དེའུ་དམར་དགེ་བཤེས་ཚང་གི་ཤེལ་གོང་ཤེལ་ཕྲེང་། ནོར་བུ་གཟིའི་རྣམ་བཤད་འཇིག་རྟེན་དགེ་བ། བོད་ཀྱི་གཟིའི་རྣམ་བཤད་ཕྱོགས་བསྒྲིགས་དཔག་བསམ་ཤིང་གི་འབྲས་བུ། ཀུན་མཁྱེན་འཇིགས་མེད་གླིང་བའི་གཟི་རིགས་དང་ཕན་ནུས་བཤད་པ། བཟོ་རིག་ཉེར་མཁོ་བདམས་སྒྲིགས་ལས་པ་ཏྲ་ཀ་ཞེས་རིག་པ་བཟོ་ཐམས་ཅད་ཀྱི་རྒྱུད་ལས་གཟིའི་སྐོར་བཞུགས་སོ་ཞེས་པ། གཟི་ཡི་འཕྲེང་བ་དང་ནོར་བུའི་དོ་ཤལ། ལྟག་ཨོ་རྒྱན་ཆོས་འཕེལ་གྱི་རིན་པོ་ཆེ་གཟི་ཡི་རྣམ་བཤད་ཅེས་བྱ་བ། གཟི་ལམ་འཚོལ་བ། བཟོ་གནས་སྐྲ་རྩེའི་ཆུ་ཐིགས། བཟོ་རིག་ཕྱོགས་བསྒྲིགས་རིན་ཆེན་སྒྲོམ་བུ། བོད་ལུགས་གསོ་རིག་ཚིག་མཛོད་ཆེན་མོ་སོགས་སོ། །
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།