གྲུབ་དབང་རྫོགས་ཆེན་པ་དང་འབྲེལ་བའི་འཇམ་མགོན་མི་ཕམ་པའི་མཛད་འཕྲིན་གྱི་ཆ་ཤས་གླེང་བ།

1607223702832475.jpeg

༑ ཀུན་མཁྱེན་མི་ཕམ་རྒྱ་མཚོ་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་དང་དོན་དྲུག་ལོན་པའི་འཁྲུངས་སྐར་རྗེས་དྲན་གྱི་མཛད་སྒོའི་ཐོག་གྲུབ་དབང་རྫོགས་ཆེན་པའི་མཁན་ཆེན་ཁྲི་ཟུར་ཨོ་རྒྱན་རིག་འཛིན་ནས་གནང་བའི་གསུང་བཤད། །

1607223548518856.jpeg

ཡུལ་གངས་རིའི་ཁྲོད་ཀྱི་སྨྲ་བའི་སེང་གེ་འཇམ་མགོན་བླ་མ་མི་ཕམ་པ་ཞིང་འདིར་མཚན་དཔེའི་གཟུགས་སྐུ་གདུལ་བྱ་ཐུན་མོང་བའི་ངོར་དངོས་སུ་སྣང་བའི་ཉིན་མོར་འདིར། གྲུབ་མཐའ་དང་ཆོས་བརྒྱུད་རིས་སུ་མ་ཆད་པའི་མཁས་པ་མང་པོ་དང་། དེ་བཞིན་ལས་རིགས་སྡེ་ཚན་ཁག་གི་དབུ་ཁྲིད་དང་ལས་འཛིན་པ་མང་པོ་དངོས་སུ་ཕེབས་པ་ལ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་བར་མ་ཟད། མཛད་སྒོ་གཙོ་སྐྱོང་པ་རྫ་ཆུ་ཁ་མི་ཕམ་མཛད་འཕྲིན་དར་སྤེལ་ཚོགས་པའི་རྒྱུན་ལས་རྣམས་ལ་ཡང་རྗེས་སུ་ཡི་རང་དང་བཀའ་དྲིན་ཆེ་ཞུ། །

དེ་ལ་འདིར་མཛད་སྒོའི་གཙོ་སྐྱོང་པ་དག་གི་བཀོད་སྒྲིག་ལྟར་ངས་གྲུབ་དབང་རྒྱལ་བ་རྫོགས་ཆེན་པ་དང་འབྲེལ་བའི་འཇམ་མགོན་བླ་མ་མི་ཕམ་པའི་མཛད་འཕྲིན་གྱི་ཆ་ཤས་རགས་ཙམ་གླེང་རྒྱུ་ཡིན། །དེ་ཡང་། མི་ཕམ་མགོན་པོའི་དགོངས་དོན་ཇི་བཞིན་རྟོགས། །འཇམ་པའི་དབྱངས་བཞིན་ཤེས་བྱ་ཀུན་ལ་མཁས། །ཕྱོགས་ལས་རྣམ་རྒྱལ་ཆོས་ཀྱི་གྲགས་པ་ལྟར། །སྙན་པས་རྒྱ་མཚོའི་གོས་ཅན་ཁྱབ་གྱུར་ཅིག །ཅེས་པ་ལྟར་དོན་གྱི་རྒྱུ་མཚན་བཞི་དང་འབྲེལ་བའི་མཚན་གྱི་ཅོད་པན་གྱིས་མངོན་པར་མཛེས་པའི་འཇམ་མགོན་བླ་མ་མི་ཕམ་མཆོག་དགུང་གྲངས་བཅོ་ལྔ་པར་ཐོས་བསམ་ལ་བརྩོན་པའི་ཐུགས་འདུན་གྱིས་བསྐུལ་ཏེ་རུ་དམ་རྫོགས་ཆེན་རྩ་བའི་གདན་སར་ཕེབས་ཏེ་གྲུབ་དབང་རྫོགས་ཆེན་བཞི་པར་མཇལ་ནས་འབྱུང་འགྱུར་ལུང་བསྟན་ཞུས་པ་ན། ཁྱེད་ཀྱིས་བཀའ་བརྒྱད་སྤྱི་དང་བྱེ་བྲག་ཡི་དམ་དུ་བསྟེན་ན་ཕྱོགས་མཐའ་དག་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་འཐོབ་ཅེས་གསུངས་ཏེ་སྔར་གྱི་མཚན་འཕྲོར་ཕྱོགས་ལས་རྣམ་རྒྱལ་ཞེས་པའི་མཚན་གསོལ་མཛད་པ་སྟེ། སྐྱབས་རྗེ་དིལ་མཁྱེན་རབ་གསལ་ཟླ་བས་འཇམ་མགོན་མི་ཕམ་པའི་རྣམ་ཐར་བསྟོད་པ་ལས། རིན་ཆེན་རིན་ཐང་འབྱོར་ལྡན་གྱིས་རྟོགས་བཞིན། །སྣང་བཞི་མཐར་ཕྱིན་ནམ་མཁའི་རྡོ་རྗེ་ཡིས། །སྲིད་གསུམ་ཟིལ་གནོན་མི་ཕམ་མཚན་གྱི་རྔ། །ཕྱོགས་ལས་རྣམ་པར་རྒྱལ་ཞེས་བསྒྲགས་པར་མཛད། །ཅེས་གསུངས་པ་ལྟར་རོ། །དེ་སྐབས་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་རུ་དམ་གངས་ཀྱི་རྭ་བའི་གནས་ཞལ་གསར་འབྱེད་ཀྱི་དུས་སྐབས་དང་ཁེལ་བསྟུན་གངས་ཁྲོད་རྩེ་སྐོར་དུ་ཕེབས་པ་ན། སྔར་སློབ་དཔོན་པད་མས་བདུད་རྩི་སྨན་སྒྲུབ་མཛད་སྐབས་ལྷ་རྣམས་ཀྱིས་སྨན་རྒྱལ་ཨ་རུ་རའི་ཆར་ཕབས་པ་ཕྱིས་གངས་རྒན་གྱི་སྟེང་ཆ་ཤས་རྙེད་དུ་ཡོད་པ་ལས་ཁོང་གིས་ཐུ་བ་གང་བསྣམས་ནས་བྱོན་ཞེས་བསྟོད་པ་དེའི་འགྲེལ་བ་ན་གསལ་བ་ལྟར་དང་། 

WechatIMG46.jpeg

དེ་ནས་གསན་བསམ་ཅི་རིགས་མཛད་སྐབས་སུ་ཡང་དཔལ་སྤྲུལ་རིན་པོ་ཆེ་དང་མཁན་ཆེན་པདྨ་བཛྲ་གཉིས་ནི་ཁོང་གིས་རྒྱུད་སྒྱུ་འཕྲུལ་དྲྭ་བ་དང་དབུ་མ་དང་བྱམས་ཆོས་སོགས་མདོ་དང་སྔགས་ཀྱི་བཤད་རྒྱུན་མང་ཆེ་བ་གསན་སའི་ཡོངས་འཛིན་གཙོ་བོ་རུ་གྱུར་ཡོད་པ་སྟེ། རྡོ་གྲུབ་རིན་པོ་ཆེ་འཇིགས་མེད་བསྟན་པའི་ཉི་མས་མཛད་པའི་རྒྱུད་སྒྱུ་འཕྲུལ་དྲྭ་བའི་སྤྱི་དོན་རིན་ཆེན་མཛོད་ཀྱི་ལྡེ་མིག་ལས། སྒྱུ་འཕྲུལ་དྲྭ་བའི་བཤད་རྒྱུན་འཆད་པའི་སྐབས་སུ། མཁས་གྲུབ་དམ་པ་དགེ་རྩེ་བསོད་ནམས་བསྟན་འཛིན་ནམ་འཇིགས་མེད་ངོ་མཚར་ནས། རྡོ་རྗེ་འཛིན་པ་པདྨ་བཀྲ་ཤིས། དེ་ལས་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་གསན། དེས་བདག་ཅག་གི་བླ་མ་འཕགས་པ་འཇམ་དཔལ་གྱི་ཐུགས་སྲས་ཀུན་མཁྱེན་སྤྲུལ་པའི་སྐུ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་དང་། དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་མཁན་ཆེན་རྡོ་རྗེ་འཆང་པདྨ་དམ་ཆོས་འོད་ཟེར་དཔལ་བཟང་པོ་གཉིས་ལ་བསྩལ་ཅིང་། སྔ་མས་རྡོ་རྗེ་འཛིན་པ་བསོད་ནམས་རྣམ་རྒྱལ་དང་། ཕྱི་མས་རྣམ་འདྲེན་རྗེ་བཙུན་དམ་པ་མི་ཕམ་རྣམ་རྒྱལ་རིན་པོ་ཆེར་གདམས་པ་ནས་ཀྱང་བརྒྱུད་དེ། མདོར་ན་ཁོ་བོ་འབའ་ཞིག་མ་གཏོགས་པ་རྒྱུད་སྡེའི་གནས་ལ་སྦྱངས་པས་མཁས་པའི་གོ་འཕང་བརྙེས་ཤིང་། འཁོར་ལོའི་ལྷ་ལ་བསྙེན་པ་ལས་སུ་རུང་བ། རིམ་གཉིས་ཀྱི་རྟོགས་པའི་དྲོད་ཐོབ་པའི་རྣལ་འབྱོར་དབང་ཕྱུག་གི་ཕྲེང་བ་བར་མ་ཆད་པར་བརྒྱུད་པ་ལས་ད་ལྟའི་བར་དུ་དབང་གི་ཆུ་བོ་མ་སྐམ། བཤད་པའི་སྒྲོན་མེ་མ་ནུབ། བྱིན་རླབས་ཀྱི་གཟི་འོད་མ་ཡལ་བར་བྱོན་པ་ཡིན་ནོ། །ལོ་རྒྱུས་འདི་དག་གི་ཞིབ་ཆ་ནི་གཞན་ལས་ཤེས་པར་བྱའོ། །ཞེས་དཔལ་སྤྲུལ་རིན་པོ་ཆེ་ནས་རོག་གཟའ་བསོད་ནམས་དཔལ་དགེ་དང་མཁན་ཆེན་པདྨ་བཛྲ་ནས་འཇམ་མགོན་བླ་མ་མི་ཕམ་རིན་པོ་ཆེར་བརྒྱུད་ཚུལ་གསལ་པར་གསུངས་པ་དང་། སྤྱོད་འཇུག་ཤེས་རབ་ལེའུའི་རྣམ་བཤད་ཀྱི་མཛད་བྱང་དུ། ཅེས་པའང་དགེ་བའི་བཤེས་གཉེན་སུ་ཀ་མ་ནས་ཡང་ནས་ཡང་དུ་བསྐུལ་བར་མཛད་པའི་རྐྱེན་བྱས་ནས། གནས་ལྔ་རིག་པའི་པཎ་ཆེན་དཔལ་གྱི་མཚན་ཅན་ལས་ཚུལ་འདིའི་བཤད་ཁྲིད་ལེགས་པར་ནོས་ཤིང་། བོད་དུ་བཞུགས་པའི་རྒྱ་འགྲེལ་ཐམས་ཅད་དང་། བོད་ཀྱི་མཁས་པས་བརྩམས་པའི་ལེགས་བཤད་ཕལ་ཆེ་བ་ཀུན་ཀྱང་མཐོང་ཞིང་། དེ་དག་གི་དོན་ལེགས་པར་བློ་ལ་འཆར་བར་བྱས་པ་འཇམ་དབྱངས་རྣམ་པར་རྒྱལ་བས་རབ་ཚེས་ས་སྟག་ལོའི་སྟོན་ར་བའི་ཚེས་གཅིག་ནས་བརྩམས་ཏེ་ཐུན་གསེང་དུ་བྲིས་ཤིང་ཟླ་བ་དེའི་ཚེས་བཅུ་གསུམ་ལ་རྫོགས་པར་བགྱིས་པ་འདི་གང་གིས་མཐོང་བ་ཙམ་གྱིས་ཐེག་མཆོག་དབུ་མའི་ཚུལ་ལ་ཐེ་ཚོམ་དང་བྲལ་བའི་ངེས་པ་རྙེད་པའི་རྒྱུར་གྱུར་ཅིག ཅེས་གསུངས་པ་ལྟར་དང་། ངག་རྒྱུན་དུ་འཇམ་མགོན་བླ་མ་མཆོག་གིས་ཤེར་འགྲེལ་དེ་ཉིད་ཆགས་སྡང་གི་རྒྱུར་འགྱུར་བར་དགོངས་ནས་མེར་སྲེག་གྲབས་མཛད་པ་དཔལ་སྤྲུལ་རིན་པོ་ཆེས་མཁྱེན་ནས་དེ་ངས་སྔར་རྫོགས་ཆེན་ནས་བཤད་པ་དག་ཁྱོད་ཀྱིས་ཡི་གེར་བཀོད་པ་མ་གཏོགས་གཞན་ཅུང་མི་འདུག་སྲེག་མ་གཏོང་ཞེས་གསུངས་པར་གྲགས་པ་དང་། མཁན་ཆེན་ཀུན་བཟང་དཔལ་ལྡན་གྱིས་མཛད་པའི་གངས་རིའི་ཁྲོད་ཀྱི་སྨྲ་བའི་སེང་གེ་གཅིག་པུ་འཇམ་མགོན་མི་ཕམ་རྒྱ་མཚོའི་རྣམ་ཐར་སྙིང་པོ་བསྡུས་པ་ཞེས་པ་ལས། འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་རྣམ་འཕྲུལ་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ལས། ཞག་ལྔའི་ཁོངས་སུ་སྤྱོད་འཇུག་ཤེས་རབ་ལེའུ་གསན་པས་ཚིག་དོན་གྱི་ཆ་མཐའ་དག་དཔྱིས་ཕྱིན་པར་ཐུགས་སུ་ཆུད་ཅིང་ཕྱིས་འགྲེལ་ཊཱིཀ་སོགས་ཀྱང་མཛད། གཞན་ཡང་རྒྱུད་ལུང་མན་ངག་གི་བཤགས་པའི་བཤད་པ་གནང་ནས་འགྲེལ་བ་རྩོམ་པར་གསུང་བསྐུལ་དང་། འོད་མདོ་མཚན་བརྗོད་སོགས་ཀྱང་གསན། ཞེས་དང་། རྫོགས་ཆེན་མཁན་རིན་པོ་ཆེ་པདྨ་བཛྲ་གཙོ་བོར་གྱུར་པའི་དགེ་བའི་བཤེས་གཉེན་དུ་མ་ལས་ཀྱང་མདོ་སྔགས་རིག་གནས་དང་བཅས་པའི་སྐོར་རྒྱ་མཚོ་ལྟ་བུ་གསན་པར་མཛད་པ་ལས། ཆ་ཤས་ཙམ་ནི་གསན་ཡིག་ཏུ་གསལ་བ་བཞིན་ལ། དེ་དག་ཀྱང་གསན་པ་ཙམ་དུ་མ་བཞག་པར་ཐུགས་ཉམས་སུ་ལེགས་པར་བཞེས།

ཞེས་དང་། ཟབ་གསང་རྒྱུད་སྡེའི་མངའ་བདག་རྫོགས་ཆེན་མཁན་རིན་པོ་ཆེ་པདྨ་རྡོ་རྗེས་ཀྱང་། མཁྱེན་རབ་ཀྱི་རྩལ། རྟོགས་པའི་ཡོན་ཏན། ལུང་རིགས་ཀྱི་ཁྱད་པར་གང་ནས་ཀྱང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དང་རྣམ་དབྱེར་མེད་པར་དགོངས་ནས། སྔོན་ཆད་མཁས་པ་དང་གྲུབ་པའི་སྐྱེས་ཆེན་དུ་མས་ཐུགས་ལ་བཅངས་ཀྱང་། ཇི་བཞིན་པར་འཆོས་མ་བཟོད་པར་ལུས་པའི་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་ཞུས་དག་བྱེད་པར་བསྐུལ་མ་མཛད་པ་དང་། གཞན་ལ་གསུང་འཕྲོས་ལའང་། ཐོས་པས་རང་རྒྱུད་གྲོལ་ཟེར་བ་དེ་བླ་མ་མི་ཕམ་རེད། སྐུ་ན་ཆུང་ངུའི་དུས་རྒྱུད་འཁྱོག་པོ་ལྟ་བུ་ཞིག་ཡོད་ཀྱང་། ད་ལྟ་ནི་ཕྱེ་ཐུག་ལ་ཟོ་མར་ཐེབ་པ་ལྟར་ཐུགས་རྒྱུད་དུལ་ཞིང་མོས་གུས་ཆེ་བ་འདི་ཁོ་ནའོ། །གསུངས་ནས་སྤྱན་ཆབ་ཕྱུང་བར་མཛད། ཅེས་དང་། ཆོས་རྗེ་དམ་པ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གི་འཇམ་མགོན་བླ་མའི་བསྟོད་པ་ལས། གང་གི་སྡོམ་གསུམ་གཙང་མའི་སྤྱོད་ཚུལ་གྱིས། །མཁན་ཆེན་པདྨའི་མཚན་ཡང་ཐུགས་འཕྲོག་ནས། །མགོན་འདི་གངས་རིའི་ཁྲོད་ཀྱི་རྟ་ཐུལ་ཞེས། །བསྔགས་བརྗོད་མེ་ཏོག་སིལ་མ་གཅར་དུ་བཀྲམ། །ཞེས་དང་། ཡང་དེ་ཉིད་ལས། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བསྟན་པའི་བདག་པོ་འཇིགས་མེད་ཆོས་ཀྱི་དབང་པོ། ལྔ་རིག་སྨྲ་བའི་པཎ་ཆེན་པདྨ་རྡོ་རྗེ། སྤྱན་རས་གཟིགས་དངོས་དབང་ཆེན་དགྱེས་རབ་རྡོ་རྗེ། གཞུང་ལུགས་རབ་འབྱམས་ལ་སྦྱངས་པ་མཐར་སོན་པ་ལྷ་རམས་པ་ཆེན་པོ་སོགས་གསར་རྙིང་གི་མཁས་གྲུབ་མང་པོའི་ཞབས་རྡུལ་དྲི་མས་དབེན་པ་ཛ་ལན་དྷ་རའི་རྒྱན་དུ་བཀོད་ནས་མཉེས་པ་གསུམ་གྱིས་བསྟེན་ཏེ་མདོ་སྡགས་རིག་གཞུང་རྒྱ་མཚོའི་དབང་ཁྲིད་བོད་འདིར་བཤད་རྒྱུན་ཇི་སྙེད་བཞུགས་པའི་བྱིན་རླབས་ཛ་ཧུའི་བུ་མོའི་རྒྱུན་བཟང་ཟབ་གསལ་ཐུགས་ཀྱི་རྒྱ་མཚོ་ཆེན་པོའི་ཀློང་དུ་བསྐྱིལ་བར་མཛད་དོ།།

WechatIMG74.jpeg

ཞེས་གསུངས་པ་ལྟར་རོ། །སྔོན་མར་དཔལ་སྤྲུལ་རིན་པོ་ཆེ་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭར་བཞུགས་ཏེ་བྱང་སེམས་སྤྱོད་འཇུག་ཆེན་མོ་དང་དམ་ཆོས་མངོན་པ་མཛོད་སོགས་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་སྐོར་བའི་སྐབས་རྗེ་འདི་ཡང་གདན་ས་དེར་ཡུན་རིང་བཞུགས་ཏེ། རང་དོན་དུ་གསན་བསམ་དང་གཞན་དོན་དུ་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཁྲིད་རྒྱ་ཆེན་གནང་། རྗེ་ཉིད་ཀྱིས་ཆེད་དུ་ཤྲཱི་སེང་ཆོས་གྲྭ་ཆེན་མོ་དེ་ཉིད་ཀྱི་གཙུག་ལག་ཁང་གི་སྒོ་ཁྱམས་མཛེས་རྒྱན་དུ་ནང་རྒྱུད་སྡེ་གསུམ་ལ་བསྔགས་པའི་ཀུན་འཁོར་ཁྱད་འཕགས་བརྩམས་ཤིང་མཛད་བྱང་དུའང་། མདོ་སྔགས་ཆོས་ཀྱི་སྒྲ་དབྱངས་མི་ཟད་པའི་འབྱུང་གནས་ཆོས་ཀྱི་སྡེ་ཆེན་པོ་ཤྲཱི་སེང་ཧའི་སྒོ་ཁང་མཛེས་པར་བྱེད་པའི་རྒྱན་དུ་ཞེས་སོགས་བསྔགས་བརྗོད་དང་ཆོས་གྲྭ་འདི་ལ་ཐུགས་གཙིགས་གལ་ཆེན་དང་མཛད་པ་རྒྱ་ཆེར་བསྐྱངས། ཆོས་རྗེ་དམ་པ་འཇིགས་མེད་ཕུན་ཚོགས་ཀྱིས་མཛད་པའི་རྣམ་ཐར་བསྟོད་པ་ལས།  འཇག་མ་བསྟར་བའི་སྒྱོགས་རྡོའི་འཕྲུལ་འཁོར་གྱིས། །མཁའ་ལ་བསྙེགས་པའི་རྡུལ་ཕུང་བརླགས་བྱས་ཏེ། །མ་འོངས་རིགས་ལྡན་དམག་དཔོན་སྐུར་བཞེངས་དུས། །མཐུ་སྟོབས་མཁའ་དང་མཉམ་པའི་ཆེ་བ་བསྟན། །ཞེས་དང་། རྗེ་དེ་ཉིད་ཀྱིས་མཛད་པའི་ཀུན་མཁྱེན་མི་ཕམ་རྒྱ་མཚོ་ལ་གསོལ་བ་འདེབས་ཚུལ་གཡུལ་ལས་རྣམ་པར་རྒྱལ་བའི་རྔ་སྒྲ་ཞེས་པ་ལས། །རྫོགས་ཆེན་ཤྲཱྀ་སེང་ན་བཞུགས་སྐབས་ཉམས་མཚར་དུ་འཇག་མའི་སྒྱོགས་ཤིང་བསྟར་ཏེ་ལུག་གི་རིལ་མའི་སྒྱོགས་རྡོའི་འཕྲུལ་འཁོར་གྱིས་ཐལ་རྡུལ་གྱི་ཕུང་པོ་རི་ཕྲན་ཙམ་ཡོད་པ་རྨང་མེད་དུ་གཏོར་ནས་མ་འོངས་རིགས་ལྡན་དྲག་པོ་ལྕགས་འཁོར་ཅན་གྱི་དམག་དཔོན་གྱི་སྐུར་བཞེངས་དུས་མཐུ་སྟོབས་ནམ་མཁའ་དང་མཉམ་པའི་རང་རྟགས་མངོན་དུ་བསླངས་བར་བྱས་སོ།། ཞེས་པ་ལྟར་ཆོས་གྲྭ་དེ་ཉིད་དུ་བཞུགས་པའི་སྐབས་ཤིག་ཏུ་སྐུ་རྩེད་ཀྱི་ཚུལ་དུ་སྒྱོགས་རྡོའི་འཕྲུལ་འཁོར་ཆུང་ངུ་ཞིག་གིས་ཐལ་ཕུང་ཆེན་པོ་ཞིག་གཏོར་ནས་རྣམ་དཔྱོད་ཁྱད་འཕགས་ཀྱི་རྩལ་ངོམས་པ་དང་། ཆོས་གྲྭ་དེ་ཉིད་ཀྱི་རྒྱབ་རིའི་ངོགས་ནགས་ཆུང་རི་ཁྲོད་དུ་སྤྱོད་འཇུག་ཤེར་ལེའི་འགྲེལ་བ་ལྗགས་བརྩམས་གནང་བ་དང་རྫོགས་ཆེན་དང་གླིང་ཚང་གི་ས་མཚམས་རྒྱབ་སྟོད་བྲག་དཀར་ཕུགས་པར་བརྒལ་ལན་ཉིན་སྣང་བརྩམས་པའི་ཚུལ་ཀུན་གཟིགས་མཁན་ཆེནབླ་མ་པདྨ་ཚེ་དབང་གི་ཞལ་སྔ་ནས་ལན་དུ་མར་ཐོས། ཤྲཱི་སེང་ཆོས་གྲྭའི་རྒྱབ་རིའི་རྩེར་བྲག་སྐྱིབས་ཆེན་པོ་ཞིག་ཡོད་པ་དེར་འཇམ་མགོན་བླ་མས་ཡུན་རིང་ཐོད་རྒལ་གཟིགས་ཤིང་གནས་དེའི་མིང་འོད་གསལ་སྒང་ཞེས་གསོལ་བ་རེད་ཅེས་སྐྱབས་རྗེ་བླ་མ་ཨ་སྐྱོང་རྟོགས་ལྡན་རིན་པོ་ཆེས་གསུངས། གྲུབ་དབང་རྫོགས་ཆེན་གཉིས་པས་མཛད་པའི་མཁའ་འགྲོ་སྙིང་ཐིག་ཁྲིད་ཡིག་གི་སྤར་བསྐྲུན་སྦྱར་བྱང་མི་ཕམ་རིན་པོ་ཆེས་མཛད་པ་ལས། གྲགས་སྙན་གདུགས་དཀར་གཅིག་གིས་ས་སྟེང་ཀུན། །མངོན་མཐོར་བྱེད་པ་གྲུབ་དབང་རྫོགས་ཆེན་པ། །ཡབ་སྲས་བརྒྱུད་པར་བཅས་པའི་ཞབས་ཀྱི་རྡུལ། །ས་གསུམ་ཀུན་དགར་བྱེད་པས་ཤིས་གྱུར་ཅིག །ཅེས་སོགས་དད་གུས་བསྟོད་བསྔགས་ཀྱི་མེ་ཏོག་ཡང་ཡང་འཐོར་བའི་ལྗགས་རྩོམ་ཇི་སྙེད་བཞུགས་པ་ལས། ༧གྲུབ་དབང་རྫོགས་ཆེན་ལྔ་པ་ཉིད་འཇམ་མགོན་བླ་མ་མཆོག་གིས་ཐུགས་སྲས་ཀྱི་ཐུ་བོར་བཟུང་ཞིང་རྣམ་འགྲེལ་ལེགས་བཤད་སྣང་གཏེར་གྱི་མཇུག་བྱང་དུ། འཇིགས་བྲལ་སྔ་འགྱུར་བསྟན་པའི་རྒྱལ་མཚན་མཆོག །འཛིན་མཛད་རུ་དམ་རྫོགས་ཆེན་སྤྲུལ་པའི་སྐུ། །ཞེས་དང་། བསྟན་བཅོས་མཁས་འཇུག་ཆེན་མོའི་མཛད་བྱང་དུ། བཤད་སྒྲུབ་ཆོས་ཀྱི་སྡེ་ཆེན་པོ་རུ་དམ་རྫོགས་ཆེན་པ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་བླ་བྲང་རྩེར།  ཕྲིན་ལས་དོན་ཡོད་ཞགས་པས་བསྟན་འགྲོའི་དགེ་མཚན་རླབས་པོ་ཆེ་སྡུད་པ་རྫོགས་ཆེན་མཆོག་སྤྲུལ་ལྔ་པ་རིན་པོ་ཆེའི་བཞུགས་གནས་ཀྱི་ཁང་བཟང་བཀྲ་ཤིས་ཉིན་མོར་བྱེད་པའི་བསྟི་གནས་སུ། མཁས་གྲུབ་རྒྱལ་པོ་བླ་མ་མཆོག་གིས་དོན་གྱི་རྒྱུ་མཚན་བཞི་དང་འབྲེལ་བར་མིང་དུ་གནང་བ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་ཞེས་གྲགས་པས། རབ་དཀར་བཀྲ་ཤིས་བརྒྱད་ཀྱི་སྨེ་བས་མཛེས་པ་དགེ་བྱེད་ཆུ་སྟག་གསར་ཚེས་རྒྱུ་སྐར་བདག་པོ་ཉི་མའི་ལྷ་ལྡན་གྱིས་ཉ་བའི་དཀར་ཕྱོགས་ཀྱི་དགའ་བ་གསུམ་པ། རྒྱལ་དང་ཕུར་བུའི་འགྲུབ་སྦྱོར་བཟང་པོ་དང་ལྡན་ཞིང་། ཡུལ་དུས་ཀྱི་དགེ་མཚན་དུ་མ་གསར་དུ་ངོམས་པ་ལ་ཡོངས་སུ་གྲུབ་པར་བགྱིས་པ། 

WechatIMG58 1.jpeg

ཞེས་སོགས་གསལ་བ་ལྟར་བསྔགས་བརྗོད་དང་ཐུན་མིན་ཐུགས་བརྩིས་མཛད་ཚུལ་མང་དུ་མཆིས།  དེ་བཞིན་གྲུབ་དབང་ལྔ་པས་ཀྱང་ཉིད་ཀྱི་དག་སྣང་གླིང་རྗེ་གེ་སར་དཔའ་ཐུལ་ཕུ་ནུའི་གར་འཆམ་གྱི་ཐོག་མར་གླིང་གི་དྭངས་སྨན་རྣམས་ཀྱིས་འཇམ་མགོན་བླ་མས་མཛད་པའི་གླིང་བྲོ་བདེ་ཆེན་རྡོ་རྗེའི་རོལ་མོའི་ཐུགས་དམ་རྒྱུད་སྐུལ་གྱི་རྡོ་རྗེའི་ཚིག་དག་གིས་སྐུལ་ཏེ་ཞི་རྒྱས་དབང་དྲག་གི་འཆམ་ཚན་དག་ལ་རིམ་བཞིན་འཇུག་པ་དང་། གར་འཆམ་གྱི་མཐར་གླུ་བྲོའི་སྒྱུ་མའི་རོལ་མོའི་སྙན་ཚིགས་དག་སྟོང་ཉིད་ལྷ་མོ་བཅུ་དྲུག་གིས་གྱེར་ཏེ་མཇུག་གྲོལ་བ་དང་། ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱིས་མཛད་པའི་ཀུན་མཁྱེན་མི་ཕམ་རྒྱ་མཚོ་ལ་གསོལ་བ་འདེབས་ཚུལ་གཡུལ་ལས་རྣམ་པར་རྒྱལ་བའི་རྔ་སྒྲ་ཞེས་པ་ལས། །རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ལྷ་ལྡན་དུ་ཕེབས་ནས་འབྲི་ཆུར་གྲུ་ཡིས་བརྒལ་ཚེ་གྲུ་ཆུ་ནང་དུ་བྱིང་དུས་ཐམས་ཅད་ཀྱིས་རྗེ་འདིའི་གསོལ་འདེབས་ཞལ་གསུང་མ་བཏོན་པས་ཆུའི་འཇིགས་པ་ཞི་བ་ཡིན། 

WechatIMG51.jpeg

ཞེས་གསུངས་པ་ལྟར་རྟག་པར་བྱིན་རླབས་རྗེས་བཟུང་མཛད་པ་དང་། འཇམ་མགོན་བླ་མ་རིན་པོ་ཆེ་ཞིང་གཞན་དུ་གཤེགས་པའི་རྗེས་སུ་ཡང་གྲུབ་དབང་རྫོགས་ཆེན་ལྔ་པ་ཉིད་ལ་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་སྐུར་བཞེངས་ནས་ཞལ་གཟིགས་འདས་རྗེས་བབ་ཚུལ་ཡང་ཆོས་རྗེས་མཛད་པའི་གསོལ་འདེབས་ཆེ་བརྗོད་དེ་ཉིད་ལས། འདས་རྗེས་སུ་བདུད་འདུལ་ལས་རབ་གླིང་པ་དང་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ལ་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་དུ་བཞེངས་ཏེ་ཞལ་བསྟན་པ་བཞིན་གྲུབ་དབང་བླ་མ་རྣམ་གཉིས་ཀྱིས་རང་རང་གི་གཟིགས་ཚུལ་དང་མཐུན་པའི་བླ་སྒྲུབ་རེ་གསུངས་པ་ད་ལྟའང་ཡོད། ཅེས་གསུངས་པ་ལྟར་དང་། ཡང་དེ་ཉིད་ལས་རྫོགས་ཆེན་རིན་པོ་ཆེས། མགོན་འདིས་ཞིང་གང་དུ་སྤྲུལ་པའི་རོལ་བ་ཇི་ལྟ་བུས་བསྟན་འགྲོའི་དོན་མཛད་པ་བརྟག་ཕྱིར་དག་པའི་སྒྱུ་ལུས་བཟུང་སྟེ་དག་དང་མ་དག་པའི་ཞིང་ཁམས་མང་པོ་ཞིག་ཉུལ་ཡང་ཕྲིན་ལས་དང་སྐུའི་བཀོད་པས་མ་ཁྱབ་པ་ནི་འགའ་ཡང་མ་རྙེད་ཅེས་གསུངས་པ་ནི་དོན་ཚུལ་བཞིན་འཇལ་བའི་མངོན་སུམ་ཚད་མའི་རྙེད་དོན་མཐར་ཐུག་པའོ།། ཞེས་སོགས་གསུངས་པ་ལྟར་རྟག་ཏུ་བླ་སློབ་འབྲལ་མེད་དགོངས་རྒྱུད་གཅིག་འདྲེས་ཡིན་པ་དང་། མཁན་ཆེན་ངག་དབང་དཔལ་བཟང་གི་རྟོགས་བརྗོད་ངོ་མཚར་སྒྱུ་མའི་རོལ་གར་ལས། བླ་མ་མི་ཕམ་སོས་ཐོག་དེར་འདན་ཁོག་ནས་རྫོགས་ཆེན་དུ་ཕེབས། རྫོགས་ཆེན་ཚང་ནས་སེར་ཕྲེང་གི་བཀོད་པ་རྒྱ་ཆེན་པོ་བཅས་བསུས་ནས་གདན་འཇགས། དེའི་ཞོར་ལ་ཞལ་མཇལ་ཙམ་བྱུང་། ཤྲཱི་སེང་ཧའི་ལྷ་ཁང་སྟེང་བཞུགས། ཉེ་གནས་འོད་གསལ་བརྒྱུད་མཇལ་ཁ་ཞིབ་པར་ཐོབ་ཆོས་འབྲེལ་ཞིག་གི་བཀའ་དྲིན་ཞུས་ཀྱང་སྐབས་ཤིག་ཅི་མི་རེད་གསུངས། ཁོང་གིས་མཁས་འཇུག་གི་བསྟན་བཅོས་རྩོམ་པའི་དབུ་བཙུགས་ནས་ཟླ་གཅིག་ཙམ་ན་ནགས་ཆུང་རི་ཁྲོད་དུ་ཕེབས། དབྱར་ཟླ་ལྔ་པའི་ནང་ཤེད་དུ་སྐུ་མདུན་ཕྱིན་པས་མཁས་འཇུག་དེ་ཉིན་བརྩམས་གྲུབ་འདུག །

WechatIMG13.jpeg

དེ་རིང་རྒྱལ་ཕུར་གྱི་སྦྱོར་བ་འཛོམ་པའི་དུས་བསྟན་བཅོས་མཐར་དབྱུང་བ་དང་འཕྲད་པས་ཁྱེད་རྟེན་འབྲེལ་ལེགས་ཞེས། དཔེ་ཆའི་དབུ་ནས་འདི་མཁས་པ་ལ་འཇུག་པའི་སྒོ་ཞེས་མཁས་ཚུལ་གསུམ་ལ་འཇུག་པའི་སྒོ་འཕར་ལྟ་བུ་ཡིན། ས་པན་གྱི་མཁས་འཇུག་དང་འདི་གཉིས་ཁྱད་པར་འདི་ཆེ། སྡོམ་བྱང་འདི་བློར་འཛིན་དགོས་སྡོམ་བྱང་ཡིན་རྩ་བ་མིན་གསུངས། དེ་དང་གཞུང་གཉིས་སྦྲེལ་ཏེ་དབུ་ནས་ཅུང་ཞིག་འགྲེལ་འཕྲོས་ལུང་ལྟ་བུ་དང་། བཞག་ས་ནས་ཁ་ཤས་བཞག །དེ་འདྲའི་ངང་དགོང་མོ་ཙམ་ལ་རྫོགས། དེ་འཕྲལ་དཔེ་ཆ་མགོ་ཐོག་ཏུ་བཞག་ནས་འདི་ཁྱོད་ལ་གཏད་པ་ཡིན། དབུ་མཇུག་ཚང་བ་ཙམ་འདོན་ཐུབ་མ་སོང་ཡང་ང་བསྟན་བཅོས་མཁན་པོས་གནང་བ་ཐོབ་པ་ཡིན་པས་ཕྱིན་ཆད་འཆད་རུང་། འདི་ལ་བརྟེན་ནས་ཁྱོད་ཀྱིས་བཤད་པ་ཞིག་བྱས་ན་མཁས་པ་མང་པོ་ཐོན་འོང་།ཞེས་གསུངས་པ་ལྟར་ལེགས་བཤད་ཐམས་ཅད་ཀྱི་རྒྱལ་པོར་བཅུ་ཕྲག་རིག་པའི་བང་མཛོད་ལྟ་བུའི་བསྟན་བཅོས་ཆེན་མོ་མཁས་པ་ལ་འཇུག་པའི་སྒོ་སྡོམ་བྱང་དང་བཅས་པ་གྲུབ་དབང་རྫོགས་པའི་གདན་སར་མཛད་པར་མ་ཟད་ཐོག་མའི་འཆད་ཁྲིད་ཡང་གདན་ས་དེར་མཛད། དེ་བཞིན་རྫོགས་ཆེན་ཤྲཱི་སེང་ཆེན་མོར་མདོ་སྔགས་རིག་གནས་བཅས་པར་གསན་བསམ་སྒོམ་པ་མང་དུ་མཛད་པ་དང་ཕྱོགས་ཀྱི་ཐོས་བསམ་པ་མང་པོར་འཆད་ཁྲིད་རྒྱ་ཆེར་མཛད་པས་ཆོས་གྲཱ་འདིའི་མཁན་ཁྲི་༡༢ པར་བགྲངས་པར་བྱེད། ཁྱད་པར་རྫོགས་སྤྲུལ་ལྔ་པ་རིན་པོ་ཆེ་ནས་ཞེ་ཆེན་རྒྱལ་ཚབ་དང་། མཁན་ཀུན་དཔལ། བླ་མ་འོད་གསལ། སངས་རྒྱས་མཉན་སྤྲུལ་བཅས་ལ་གདུང་མདུན་ནས་དར་ཐག་བཅས་གསུང་རྩོམ་ཡོངས་རྫོགས་ཀྱི་བཀའ་གཏད་གནང་སྟེ། བཤད་ཁྲིད་ཀྱི་རྒྱུན་སྤེལ་བ་དང་བཀའི་བསྡུ་བ་མཛད་དགོས་པའི་གསུང་བསྐུལ་མཛད། གཞན་ཡང་རུ་དམ་ཡང་དབེན་པདྨ་བསམ་གཏན་བདེ་ལྡན་གླིང་སོགས་སུ་བསྟན་བཅོས་མང་པོ་རྩོམ་མཛད་པ་སོགས་གདན་ས་འདི་དང་འབྲེལ་བའི་མཛད་འཕྲིན་རྒྱ་ཆེ་སྤེལ་ཚུལ་མཁས་པ་དག་གིས་འཇམ་མགོན་བླ་མའི་བསྟན་བཅོས་དང་རྣམ་ཐར་ཁག་ལ་གཟིགས་ན་དེ་ལས་རྒྱས་པ་རྟོགས་ཐུབ་པ་དེ་བཞིན་རེད། །མཇུག་མཐར་རྣམ་པ་ཡོངས་སྐུ་ཚེ་བརྟན་ཞིང་མཛད་འཕྲིན་རྒྱས་པའི་ཤིས་སྨོན་ཞུ་བ་ཡིན། །

1607223148935466.jpeg

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།