དབེན་མགུར་བྱེའུ་འཇོལ་མོའི་གྲེ་འགྱུར།


 སེམས་ཀྱི་མྱོང་རོལ།


རྒྱལ་ཀུན་ཞལ་སྐྱིན་བཀའ་དྲིན་འཁོར་མེད་ཀྱི་བླ་མ། །

སྙིང་དབུས་འདབ་བརྒྱད་བཞད་པའི་ཚོམ་བུ་རུ་བཞུགས་ཤིག །

རིག་པའི་གནས་འགར་ངེས་གོམས་ཙམ་ཞིག་ཏུ་ལུས་སྐབས། །

གང་གི་གསང་གསུམ་མན་ངག་བདུན་རྩི་ཡི་རྒྱུན་བཟང་། །

དབེན་པའི་དགའ་ཚལ་སྐབས་གསུམ་གྲོང་ཁྱེར་གྱི་དབུས་སུ། །

ཐུན་བཞིའི་རྣམ་འབྱོར་ཚངས་དབང་ཁྲི་འཕངས་ཀྱི་བཀོད་པར། །

དགོངས་བརྒྱུད་རྟོགས་པའི་བྱིན་ཆེན་གངྒཱ་མའི་རྒྱུན་བཟང་། །

ཉམ་ཆུང་ཞིང་སར་འདྲེན་པའི་དངོས་གྲུབ་ཅིག་ཞུའོ། །

རྩེ་མོར་ན་བུན་དཀར་སྔོན་ལ་ཐོད་ཀྱིས་དཀྲིས་ཤིང་། །

སྐེད་པར་གཡུ་ཡི་ལྗོན་ཕྲེང་གར་སྟབས་སུ་རྩེན་པའི། །

དབེན་གནས་ཞི་བསིལ་ལྷ་ཡི་དགའ་ཚལ་གྱི་དབུས་སུ། ། 

བླ་མའི་རྣམ་འབྱོར་སྒྲུབ་པ་བདེ་སྐྱིད་ཀྱི་ཡང་རྩེ། ། 

མཐིལ་གཞིར་གནམ་སྔོན་ཞུན་མའི་དགུ་འདུས་ཀྱི་ལྷ་ཆབ། །

གྱ་གྱུར་གཡས་སུ་འབབ་པའི་རྩེ་དགའ་ལ་བལྟས་ན། །

རང་བྱུང་གཞལ་ཡས་ཆེན་པོའི་ངོ་མཚར་གྱི་ཕོ་བྲང་། །

ས་འདིར་འཕོས་པ་མིན་ནམ་རྩ་གསུམ་གྱི་ལྷ་ཚོགས། །

རང་བྱུང་ཕུག་པར་ཀུ་ཤ་གཞོན་ནུ་ཡི་གདན་ལ། །

རྣམ་སྣང་ཆོས་བདུན་དམ་པ་རྣམ་གསུམ་གྱིས་བཀླུབས་ཏེ། །

སྔོན་འགྲོ་དངོས་གཞིར་རེག་པའི་ཐུན་བཞི་ཡི་རྣམ་འབྱོར། །

ཆུ་བོའི་རྒྱུན་བཞིན་སྐྱོང་བ་འདུན་མ་ཡི་མཐར་ཐུག །

བཻཊའི་ར་ཟུང་འཁྱིལ་བའི་རྣ་ཁྱུ་དང་གླ་བ། །

བསིལ་བའི་ཤེལ་ཕྲེང་འཕྱང་བའི་རྩྭ་ལྗོན་གྱི་གསེབ་ཏུ། །

བག་ཡངས་རྒྱུན་ཞིང་རྩེད་འཇོ་འགྱུར་བག་གི་ཀློང་ནས། །

གྲིམས་ལྷོད་རན་པའི་ཉམས་མྱོང་མཚན་མ་ཞིག་རྙེད་སོང་། །

རྩི་ལྗོན་རུམ་གྱི་འཇོལ་གོང་གྲེ་འགྱུར་གྱི་གླུ་དབྱངས། །

སྣ་དབང་གསོ་བའི་བདུད་རྩི་ཐིག་པ་རུ་སྤྲོ་ཡང་། །

གློ་བུར་ཚ་གདུང་ཟེར་མས་གཟིར་བ་དེ་མཐོང་ནས། །

གྲགས་སྟོང་སྐྱེ་འགག་བྲལ་བའི་སྦྲང་ཆར་ལ་ཕྱོགས་སོང་། །

བྱིན་ལྡན་སྒྲུབ་གནས་གཞལ་མེད་ཁང་ཆེན་གྱི་བཀོད་པར། ། 

རང་བྱུང་ལྷ་སྐུའི་རི་མོ་ཚོམ་བུ་རུ་བཀྲ་པ། །

སྣང་སྟོང་ཆུ་ཟླ་ལྟ་བུའི་རང་རྩལ་དུ་ངེས་ནས། །

གཉིས་མེད་རྡོ་རྗེ་དབྱིངས་སུ་ཐིམ་པ་དེ་དྲན་ཨང་། །

ཕྱི་རོལ་དབེན་པའི་ཚལ་གྱི་ངོ་མཚར་བའི་མཛེས་སྡུག །

ནང་དུ་ཉམས་རྟོགས་འབར་བའི་ཟླ་གྲོགས་སུ་ཤར་བ། །

གཉིས་མེད་ཡེ་ཤེས་ཆེན་པོའི་གངས་དཀར་གྱི་རྩེ་རུ། །

མི་འཇིགས་བྲོ་ཆེན་རྡུང་བའི་རྣམ་འབྱོར་ཚོ་དྲན་བྱུང་། །

རྩེ་མོར་སྤྲིན་དཀར་བླ་རེ་པཉྩ་ལིའི་ལང་ཚོ། །

གོས་སུ་གྱོན་ཞིང་ཉི་ཟླ་སྤེལ་མ་ཡི་འཛུམ་ཟེར། །

སྒྲོལ་མ་རྣམ་བཞིའི་ཞལ་རས་མངོན་སུམ་དུ་འཁྱུད་པ། །

ནང་གསལ་གཞོན་ནུ་བུམ་སྐུའི་དབྱིངས་རིམ་དུ་ཆས་སྨོན། །

གཡུ་རལ་མཐའ་ནས་རྒྱས་པའི་སེང་ཆེན་གྱི་དཔའ་རྒོད། །

གངས་དཀར་ཟུར་ཕུད་སྙེག་པའི་མཆོངས་རྩལ་ལ་མཁས་ཤིང་།། 

སྐྱི་བསེལ་བུ་ཡུག་འཚུབ་པའི་གྲང་རེག་དང་བསྡེབས་དེ། །

ཟུང་འཇུག་གདོང་ལྔ་གཡོ་བའི་རྣམ་ཐར་དེ་དྲན་བྱུང་། །

བྱ་དང་བྱེའུས་མགྲིན་དབྱངས་དྲུག་འགྱུར་དུ་འཁྲོལ་པ། །

རི་སྐྱེས་མ་བུའི་བྲོ་གར་བུར་ཤིང་གི་རོ་མཆོག །

ཆགས་སྡང་གཞི་མ་དགྲ་གཉེན་འདུ་འགོད་ཀུན་བྲལ་བའི། །

དབེན་པའི་གནས་མཆོག་སྐབས་གསུམ་གྲོང་ཁྱེར་འདི་སྐྱིད་ཨང་། །

ཟས་གོས་གནས་མལ་སྲོག་གི་འཚོ་བརྟེན་ཙམ་ཞིག་ལས། །

རྩོལ་སྒྲུབ་ཤ་ཐང་འབད་པའི་བསམ་སྦྱོར་ཀུན་དོར་ཏེ། །

འཁོར་འདས་རུ་ཤན་འབྱེད་པར་ཆུན་གཅིག་ཏུ་དྲིལ་བའི། །

དབེན་པའི་གནས་འདི་རྒྱལ་སྲས་འཇུག་ངོགས་སུ་གོ་བྱུང་། །

བླ་མའི་རྣལ་འབྱོར་སྙིང་གི་དཔལ་བེའུ་རུ་བསྲེལ་ནས། །

རྫོགས་ཆེན་སྙན་བརྒྱུད་རྩ་གསུམ་སྙིང་ཁྲག་གི་ཡང་བཅུད། །

བསྙེན་སྒྲུབ་ཡན་ལག་བཞི་ཡི་ཆུ་རྒྱུན་གྱིས་བསྲུབས་པ། །

དབེན་པའི་གནས་འདི་དག་པ་མཁའ་སྤྱོད་ཀྱི་ཞིང་མཆོག །

འཁྱིལ་ལེགས་རྭ་ཟུང་མཛེས་པའི་ཉམས་ཆུང་གི་གཡང་དཀར། །

རྫི་བོས་ཨམ་གཙིགས་བསྡམས་པའི་སྟངས་སྟབས་ལ་སྐྱོ་ནས། །

རྩྭ་ཆུ་ཤིང་གསུམ་འཛོམ་པའི་རི་ངོགས་སུ་བྲོས་ཚེ། །

རང་ལུས་འདོམ་གང་ཤོང་བའི་སྐྱིད་ཁང་འདི་རྙེད་བྱུང་། །

ཡ་ཀི་དགོང་སྔོན་མཚམས་སྤྲིན་གཡོ་བ་ཡི་དབུས་སུ། །

བླ་མ་འཇམ་དཔལ་སྨྲ་བའི་སེངྒེ་ཡི་འཛུམ་ཞལ། །

ཡིད་འོང་ཆར་སྤྲིན་དཀར་སྔོན་འདུ་འགོད་དུ་སྤྲོ་བ། །

བྱིན་རླབས་སྦྲང་ཆར་སྩོལ་བའི་ཐུགས་རྗེ་རུ་ངེས་སོ། །

མ་ཀི་སྐད་རིགས་འདྲ་མིན་གྲོང་ཁྱེར་གྱི་ཚལ་དུ། །

བཟའ་ཤིང་མེ་ཏོག་ལོ་འབྲས་ཁུར་ཆེན་གྱིས་དུད་པར། །

དུས་གསུམ་སྨན་གྱི་རྒྱལ་བོའི་བྱིན་མཐུ་ཡི་ཀློང་ནས། །

ནད་ངན་འཇོམས་པའི་བདུད་རྩིའི་ཆར་ཆེན་རང་ཕོབས་ཅིག །

དེ་རིང་ཡོན་ཏན་ལྷུན་རྫོགས་ཁྱབ་བདག་པའི་ཕྱག་ཏུ། །

ཤེས་རབ་རལ་གྲི་གློག་གི་ཕྲེང་བ་ཞིག་འཁྱུགས་པ། །

ཟབ་གསལ་ཆོས་ཀྱི་འཁོར་ལོ་བསྐོར་བཞེད་ནི་ཡིན་འདུག །

ཉམས་ཆུང་རྨ་བྱ་དགའ་བའི་ཟློས་གར་ལ་བྲེལ་སོང་། །

IMG_4207.JPG


བཻཊའི་སྤུ་སྡུག་གྱོན་པའི་དཔྱིད་དཔལ་གྱི་རྒྱལ་མོས། །

མགྲིན་པའི་རྫ་རྔ་རྡུང་བའི་འགྱུར་བག་ལ་བལྟས་ན། །

ལྷོ་མོན་རི་དམ་དཔལ་གྱིས་གངས་ར་ཡི་དབུས་སུ། །

ཆོས་ཀྱི་འཁོར་ལོ་བསྐོར་བའི་གསང་བརྡ་ཞིག་ཡིན་འདུག །

རི་སྐྱེས་མ་བུའི་མཛའ་བརྩེའི་དྭངས་མ་ཡི་རྩེད་འཇོ། །

རྫ་བྲག་ནགས་གསུམ་བར་ནས་ངོ་མཚར་དུ་སྟོན་པ། །

སུམ་རྩེན་ལྷ་ཡི་གྲོང་ན་མེད་ངེས་རང་འདུག་པས། །

རྒྱལ་ཀུན་མགྲིན་གཅིག་བསྔགས་པའི་དབེན་པ་འདི་སྐྱིད་ཨང་། །

རང་བྱུང་ཕུག་པར་ལུས་གནད་བདུན་ལྡན་དུ་འཁོད་དེ། །

གསལ་སྟོང་དབྱེར་མེད་ཨ་ཏིའི་རྣམ་འབྱོར་ལ་གཞོལ་ན། །

རིག་འཛིན་རྣམ་བཞིའི་རྒྱལ་ཐབ་ཐོབ་ལ་ཁད་འདུག་ཅེས། །

རྩ་རྒྱུད་བླ་མ་དགྱེས་པའི་ཞལ་སྒོ་ལས་ཐོས་བྱུང་། །

ལྷག་པའི་ལྷ་མཆོག་བཀའ་དགོངས་ཕུར་གསུམ་གྱི་བསྙེན་སྒྲུབ། །

འབར་འཛག་བདེ་སྟོང་ཡེ་ཤེས་རྫོགས་རིམ་གྱི་རྩལ་སྦྱང་། །

གཉིས་མེད་ཨ་ཏིའི་ཐུགས་གཏེར་ནང་དབྱིངས་སུ་བརྡོལ་ཤོག །

འདི་འདྲའི་སྐལ་བཟང་ཟླ་འགར་ཐོབ་པ་ཡི་མྱོང་ཚོར། ། 

ངོ་མཚར་དབེན་པའི་ཕྱི་ནང་ཡོན་ཏན་གྱི་ཚིག་གསུམ། །

རང་སེམས་འུར་བ་འཛོལ་མོའི་གྲེ་འགྱུར་དང་བསྡེབས་ཏེ། །

དབེན་གནས་བདེ་ཆེན་གསང་བའི་ཕོ་བྲང་ནས་བླངས་སོ། །


                                           ༢༠༢༠  ༤  ༩  

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།