ཀ་སོགས་སུམ་ཅུའི་འབྲི་དཔེ་ལག་བྲིས་མ།།
ཁ་ནས་བཤད་པའི་སྐད་ཆ་ཡི་གེ་ཡིས།།
ག་ལེར་གཅིག་གྱུར་ཡོང་བའི་རེ་འདུན་གྱིས།།
ང་ཡིས་འདི་ན་རྩེད་མོའི་ཟོལ་གྱིས་བྲིས།།
ཅ་ལག་ཆག་རོ་བསྒྲིགས་འདྲའི་ཡིག་གཟུགས་ཀྱི།།
ཆ་མིན་ཡ་འཐོར་ལྷུ་ལག་མ་འཕྲོད་ན།།
ཇ་བག་རྙིང་པའི་ཁ་བྱང་ཇི་བཞིན་ལས།།
ཉ་མོ་མཚོ་ལ་རྒྱུ་འདྲའི་འཁྱུགས་མི་ཐོན།།
ཏ་སོགས་ལྟོ་རྒྱབ་ཅན་གྱི་ཡི་གེ་རྣམས།།
ཐ་ན་བྲལ་ལ་མ་ཚུད་སྐྱོན་བྱུང་ན།།
ད་རུང་འབད་དེ་བྲིས་ནས་མཛུ་གུའི་ཚིགས།།
ན་ཡང་མ་བྲིས་བྲིས་པའི་མྱིང་མི་ཐོགས།།
པ་དང་ཕ་སོགས་ཚུགས་ཐོག་མ་ཞོག་ན།།
ཕ་རིས་སྤང་ཁའི་སྟེང་གི་ར་རིལ་འདྲ།།
བ་ལང་ར་ལུག་གཟས་ལ་ཡན་འདྲ་བའི།།
མ་ལག་འདོག་འཕུལ་མ་འགྲིག་བྲལ་མི་མཛེས།།
ཙ་སྡེའི་ཡི་གེ་རྣམས་ཀྱི་རྩེ་མོ་ནི།།
ཚ་ཡིག་ཇི་བཞིན་སྟེང་དུ་ཡིད་ཙམ་ཕྱོགས།།
ཛ་དང་ཇ་སོགས་རྒྱབ་ཤ་སྒུར་ཙམ་དང་།།
ཝ་དང་ཁ་ཡི་ཁོག་པ་དོག་མི་ཉན།།
ཞ་ཡིག་འཁྱུགས་བྲིས་འཁྱིལ་མ་ལྷོད་ཅིག་དགོས།།
ཟ་ཡིག་ཨང་གཟུགས་གསུམ་པར་མ་ནོར་གཅེས།།
འ་ཡིག་སྨྱུག་ཁམ་གཅིག་གིས་འབྲིར་མི་བཏུབ།།
ཡ་མཚན་གོམ་ཆ་ཅན་ལ་ཅི་ཡང་བདེ།།
ར་རིའི་དྲི་བྲལ་དག་གཙང་དགོས་ལ་སོགས།།
ལ་ལ་ཙམ་མིན་ལ་རྒྱའི་ཕྲེང་ཐག་དང་།།
ཤ་རུས་གཅིག་གིས་འབྲེལ་བའི་སྤུན་ཆུང་ཚོར།།
ས་སྟེང་བརྡ་སྤྲོད་མཛེས་པའི་རྒྱན་ཆ་བྱིན།།
ཧ་ཧའི་བཞད་སྒྲ་དང་བཅས་བཞེས་མཛོད་ལ།།
ཨ་ཡིག་དབྱངས་ཀྱི་རྒྱལ་མོའི་རྗེས་སྙོགས་དང་།།
ཨ་དོན་སྐྱེ་བ་མེད་པ་ཁོང་ཆུད་ནས།།
ཨ་ཡིག་ཐ་མའི་དབྱིངས་སུ་མངོན་འཚང་རྒྱ།།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།