༄༅། །ས་སྐྱའི་ལེགས་བཤད་རིན་པོ་ཆེའི་གཏེར་ཞེས་བྱ་བ་བཞུགས་སོ།།

WechatIMG1985.jpg

ས་སྐྱ་ལེགས་བཤད་ལས་རབ་བྱེད་དང་བོ་མཁས་པ་བརྟག་པ་བཞུགས་སོ།།

རིག་པས་དཔྱད་ན་ཆོས་ལུགས་མི་འགལ་ཞིང་།  །འཇིག་རྟེན་བྱ་བ་ཀུན་ནས་ལེགས་བསྒྲུབ་པ། །དམ་པ་རྣམས་ཀྱི་སྤྱོད་ཚུལ་ཅི་འདྲ་ཞིག །བཤད་པ་འདི་ནི་ལེགས་བཤད་རིན་ཆེན་གཏེར། །མཁས་པ་ཡོན་ཏན་མཛོད་འཛིན་པ། །དེ་དག་ལེགས་བཤད་རིན་ཆེན་སྡུད། །རྒྱ་མཚོ་ཆེན་པོ་ཆུ་བོའི་གཏེར། །ཡིན་ཕྱིར་ཆུ་བོ་ཐམས་ཅད་འབབ། །སྐྱེ་བོ་ཡོན་ཏན་ཡོད་མེད་པའི། །བླང་དོར་བློ་གྲོས་ལྡན་པ་མཁས། །རྡུལ་དང་འདྲེས་པའི་ལྕགས་ཕྱེ་རྣམས། །ཁབ་ལེན་རྡོ་ཡིས་ལེན་པར་ཤེས། །ལེགས་བཤད་མཁས་པའི་བློ་གྲོས་ཀྱིས། །གོ་ཡི་བླུན་པོས་དེ་ལྟ་མིན། །ཉི་མའི་འོད་ཟེར་ཤར་བ་ན། །འབྱུང་བོའི་བྱ་རྣམས་ལོང་བར་འགྱུར། །ཤེས་རབ་ལྡན་པས་ཉེས་པ་དག །སེལ་བར་ནུས་ཀྱི་བླུན་པོས་མིན། །ནམ་མཁའ་ལྡིང་གིས་དུག་ཅན་སྤྲུལ། །གསོད་པར་ནུས་ཀྱི་ཁྭ་ཏས་མིན། །བློ་གྲོས་ཆེན་པོ་རྒུད་ན་ཡང་། །ལྷག་པར་བློ་གྲོས་སྟོབས་ལྡན་འགྱུར། །རི་དྭགས་རྒྱལ་བོ་བཀྲེས་པ་ན། །གླང་ཆེན་སྤྱི་བོར་མྱུར་དུ་འགེམས། །མཁས་པ་རྩད་ཅིང་མ་དྲིས་པ། །དེ་ཡི་བར་དུ་གཏིང་མི་དཔོགས། །རྔ་ལ་དབྱུག་གུས་མ་བསྣུན་པ། །དེ་སྲིད་གཞན་དང་ཁྱད་ཅི་ཡོད། །རིག་པ་ནངས་པར་འཆི་ཡང་བསླབ། །ཚེ་འདིར་མཁས་པར་མ་གྱུར་ཀྱང་། །སྐྱེ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་དང་མཚུངས། །ཡོན་ཏན་ལྡན་ན་སྐྱེ་བོ་ཀུན། །མ་བསྡུས་པར་ཡང་རང་ཉིད་འདུ། །དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། །བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར། །མཁས་པ་ཡོན་ཏན་ཀུན་བསླབས་པ། །མཐར་ཕྱིན་གཅིག་གིས་འཇིག་རྟེན་གསལ། །བློ་ངན་ཤེས་པ་མང་ན་ཡང་། །རྒྱུ་སྐར་བཞིན་དུ་གསལ་མི་ནུས། །མཁས་པ་ཡོན་ཏན་དཔག་མེད་ཀྱང་། །གཞན་གྱི་ཡོན་ཏན་ཆུང་ངུའང་ལེན། །དེ་ལྟར་རྒྱུན་དུ་སྤྱད་པ་ཡིས། །མྱུར་དུ་ཐམས་ཅད་མཁྱེན་པར་འགྲོ །མཁས་པ་ཤེས་རབ་ཀྱིས་བསྲུང་ན།།དགྲ་བོ་མང་ཡང་ག་ལ་ཚུགས། །འཕགས་རྒྱལ་གྱི་ནི་བྲམ་ཟེའི་བུ། །གཅིག་པུས་དགྲ་བོའི་ཚོགས་ཀུན་བཅོམ། །བློ་ཆུང་གྲོས་ཉེས་འཁྲུགས་པའི་ཚེ། །བློ་ལྡན་ཐབས་ཀྱིས་བདེ་བར་གསོ། །ཆུ་ཀླུང་རྙོག་པས་ཆུད་གཟན་པ། །ཆ་དྭངས་ནོར་བུས་དྭངས་པར་བྱེད། །མཁས་པ་ཇི་ལྟར་ཐབས་རྡུགས་ཀྱང་། །བླུན་པོ་འཇུག་པའི་ལམ་མི་འགྲོ། །ཆར་འདོད་བྱེའུ་སྐོམ་ན་ཡང་། །ས་ལ་བབས་པའི་ཆུ་མི་འཐུང་། །ཤེས་རབ་ལྡན་པ་མགོ་བསྐོར་ཡང་། །བྱ་བའི་ཆ་ལ་རྨོངས་མི་འགྱུར། །སྲོག་ཆགས་གྲོག་མ་མིག་མེད་ཀྱང་། །མིག་ལྡན་གཞན་ལས་ལྷག་པར་མགྱོགས། །བློ་གྲོས་ལྡན་པ་གཉིས་བགྲོས་ན། །བློ་གྲོས་ལེགས་པ་གཞན་འབྱུང་སྲིད། །ཡུང་བ་དང་ནི་ཚ་ལེ་ལས། །ཁ་དོག་གཞན་ཞིག་སྐྱེ་བར་འགྱུར། །ཁོང་མཛངས་བསོད་ནམས་བསགས་པའི་མི།།གཅིག་བུ་ཡིན་ཡང་ཀུན་ལས་རྒྱལ། །རི་དྭགས་རྒྱལ་བོ་སེང་གེ་དང་། །འཁོར་ལོས་བསྒྱུར་ལ་གྲོགས་མི་དགོས། །ཐབས་ལ་མཁས་ན་ཆེན་པོ་ཡང་། །བྲན་དུ་བཀོལ་བར་ག་ལ་དཀའ། །མཁའ་ལྡིང་མཐུ་རྩལ་ཆེ་ན་ཡང་། །གོས་སེར་ཅན་གྱི་བཞོན་པར་གྱུར། །འཇིག་རྟེན་འདི་དང་ཕ་རོལ་གྱི། །བདེ་བ་བསྒྲུབ་པ་ཤེས་རབ་ཡིན། །རྒྱལ་བོ་ཟླ་བའི་ཤེས་རབ་ཀྱིས། །བྲན་བཟང་འདི་དང་ཕྱི་མར་བསྐྱབས། །དཔའ་ཞིང་མཐུ་རྩལ་ཆེ་ན་ཡང་། །མཁས་པ་མིན་པས་དཔའ་མི་ཐོབ། །འབྱོར་བ་ཐོབ་པར་གྱུར་ན་ཡང་། །བསོད་ནམས་མེད་ན་ག་ལ་རྟག །ཡོན་ཏན་སྐྱོན་གཉིས་སུས་ཀྱང་གསལ། །འདྲེས་པ་འབྱེད་ཤེས་མཁས་པ་ཡིན། །ཆུ་ལས་འོ་མ་ངང་བས་ཕྱེ། །བ་ལས་འོ་མ་ཀུན་གྱིས་ལོང་། །སྨྲས་ཤིང་བསྐུལ་བར་གྱུར་བ་ན། །དུད་འགྲོ་ལ་ཡང་གོ་བ་སྐྱེ། །མ་བསྐུལ་གཞན་གྱིས་མ་སྨྲས་པར། །བསམ་པ་ཤེས་ན་མཁས་པ་ཡིན། །བློ་དང་ལྡན་ན་མ་སྨྲས་ཀྱང་། །རྣམ་འགྱུར་ཉིད་ལས་བསམ་པ་གོ །བལ་བོའི་སེའུ་མ་ཟོས་ཀྱང་། །ཁ་དོག་ཉིད་ལས་བྲོ་བ་ཤེས། །མཁས་པ་རང་གི་ཡུལ་བས་ཀྱང་། །ཡུལ་ཁམས་གཞན་ན་མཆོད་པ་ཐོབ། །ནོར་བུ་གཞན་དུ་བྲིན་པ་ཙམ། །རྒྱ་མཚོའི་གླིང་དུ་ག་ལ་བྲིན། །མཁས་པ་སློབ་པའི་དུས་ན་སྡུག །བདེ་བར་སྡོད་ལ་མཁས་མི་སྲིད།།བདེ་བ་ཆུང་ལ་ཆགས་པ་དེས། །ཆེན་པོའི་བདེ་བ་ཐོབ་མི་སྲིད། །བློ་དང་ལྡན་ན་ཉམ་ཆུང་ཡང་། །སྟོབས་ལྡན་དགྲ་ཡིས་ཅི་བྱར་ཡོད། །རི་དྭགས་རྒྱལ་བོ་སྟོབས་ལྡན་པ། །རི་བོང་བློ་དང་ལྡན་པས་བསད། །སེམས་ཅན་གཞན་དང་རྗེས་མཐུན་པའི། །སྤྱོད་པ་ཤེས་ན་མཁས་པ་ཡིན། །དུད་འགྲོ་ཡིན་ཡང་རིགས་མཐུན་རྣམས། །ཁྱུ་གཅིག་ཏུ་ནི་མི་གནས་སམ། །ངེས་པར་འབྱུང་བའི་བྱ་བ་འགའ། །མ་གྲུབ་པ་ན་དཔྱོད་པའི་ཚེ། །མཁས་རྨོངས་གཉིས་ཀྱི་ཁྱད་པར་ཤེས། །གྲུབ་ནས་དཔྱོད་པ་བླུན་པོའི་ཚུལ། །མཁས་པ་རྣམས་ཀྱིས་དཔྱད་པ་ཡི། །ཤེས་བྱ་ཤེས་ན་མཁས་པར་བགྲང་། །བ་གླང་རྒན་གཞོན་དཔྱོད་པ་ལ། །བླུན་པོ་མཁས་ཀྱང་ཡོན་ཏན་མིན། །རྒྱ་མཚོ་ཆུ་ཡིས་མི་ངོམས་ཤིང་། །རྒྱལ་པོའི་བང་མཛོད་ནོར་གྱིས་མིན། །འདོད་ཡོན་སྤྱད་པས་མི་ངོམས་ཏེ། །མཁས་པ་ལེགས་བཤད་ཀྱིས་མི་ངོམས། །ལེགས་བཤད་བྱིས་པ་ངག་ལས་ཀྱང་། །མཁས་པ་རྣམས་ནི་ཡོངས་སུ་ལེན། །དྲི་ཞིམ་འབྱུང་ན་རི་དྭགས་ཀྱི། །ལྟེ་བ་ལས་ཀྱང་གླ་རྩི་ལེན། །

timg-2.jpeg

ས་སྐྱ་ལེགས་བཤད་ལས་རབ་བྱེད་གཉིས་པ་ཡ་རབས་བརྟག་པ་བཞུགས་སོ།།

རྟག་ཏུ་དམ་པའི་ཡོན་ཏན་རྣམས། །སྐྱེ་བོ་དམ་པས་ལྷག་པར་སྒྲོགས། །མ་ལ་ཡ་ཡི་ཙན་དན་དྲི། །རླུང་གིས་ཕྱོགས་བཅུར་རྒྱས་པར་བྱེད། །དམ་པ་དཔོན་དུ་བསྐོས་གྱུར་ན། །དོན་གྲུབ་པ་དང་བདེ་སྐྱིད་འཐོབ། །ནོར་བུ་རྒྱལ་མཚན་རྩེར་མཆོད་ན། །ཡུལ་ཕྱོགས་དགེ་ཞེས་མཁས་རྣམས་སྒྲོགས། །རྒྱལ་ངན་གཞན་གྱིས་གཙེས་པ་ན། །ལྷག་པར་ཆོས་རྒྱལ་དྲན་པར་འགྱུར། །རིམས་ཀྱིས་བཏབ་པའི་སེམས་ཅན་རྣམས། །གངས་ཆུ་འབའ་ཞིག་ཡིད་ལ་བྱེད། །སྡིག་སྤྱོད་རྒྱལ་བོས་གཙེས་པ་ན། །མི་དབང་ཆོས་རྒྱལ་ལྷག་པར་སྐྱོང་། །འབྱུང་བོའི་གདོན་གྱིས་བཏབ་པ་ལ། །གསང་སྔགས་གྲུབ་པས་རྗེས་སུ་འཛིན། །དམ་པ་སྡིག་པ་ཆུང་ཡང་སྤོང་། །དམན་རྣམས་ཆེན་པོའང་དེ་ལྟ་མིན། །ཞོ་ལ་རྡུལ་ཕྲན་འབྱར་བ་སེལ། །ཆང་ལ་ཕབ་ཀྱང་ལྷག་པར་འདེབས། །སྐྱེ་བོ་དམ་པ་རྒུད་གྱུར་ཀྱང་། །སྤྱོད་པའི་ཁྱད་པར་ལྷག་པར་མཛེས། །མེ་ནི་ཐུར་དུ་ཁ་བསྟན་ཀྱང་། །མེ་ལྕེ་གྱེན་དུ་འབར་བ་མཐོང་། །དམ་པ་རྒྱང་ན་གནས་ན་ཡང་། །འཁོར་འདབས་ཕན་པས་རིང་ནས་སྐྱོང་། །མཁའ་ལ་སྤྲིན་ཆེན་འཁྲིགས་པ་ཡིས། །ས་ཡི་ལོ་ཏོག་ཁྱད་པར་འཕེལ། །གསོན་ཆེན་སྙན་གྲགས་དགའ་བའི་རྒྱུ། །འཇིག་རྟེན་གཞན་དུ་བསོད་ནམས་དགའ། །དེ་གཉིས་མེད་པའི་ནོར་ཙམ་གྱིས། །མཁས་རྣམས་དགའ་བ་བསྐྱེད་མི་ནུས། །ཕྱི་རྗེས་རིང་དུ་ལྟ་བ་དང་། །བག་སྤྱོད་པ་ལ་བཟོད་བསྲན་ཆེ། །བརྩོན་འགྲུས་ཆེ་ཞིང་བརྟན་ལ་གྲིམས། །བྲན་གཡོག་ཡིན་ཡང་དཔོན་དུ་འགྱུར། །སྦྱིན་ལ་རྟག་ཏུ་སེམས་སྤྲོ་བ། །དེ་ཡི་གྲགས་པ་རླུང་བཞིན་ལྡང་། །ཕོངས་པ་སློང་བ་འདུལ་བ་བཞིན། །འབུལ་བར་འདོད་རྣམས་དེ་བས་མང་། །བྱིན་ནས་སླར་ཡང་མི་ལེན་པ། །དམན་པའི་བརྙས་པ་དང་དུ་ལེན། །ཕན་པ་ཆུང་ངུའང་མི་བརྗེད་པ། །བདག་ཉིད་ཆེན་པོའི་ཆེ་རྟགས་ཡིན། །དམ་པའི་ཡོན་ཏན་སྤས་གྱུར་ཀྱང་། །འཇིག་རྟེན་ཀུན་ལ་ཁྱབ་པར་གསལ། །སྣ་མའི་མེ་ཏོག་ལེགས་བཀབ་ཀྱང་། །དྲི་ཞིམ་ཀུན་ཏུ་ཁྱབ་པར་འགྱུར། །རྒྱལ་བོ་རང་ཡུལ་ཆེ་བ་ཙམ། །དམ་པ་གང་དུ་ཕྱིན་སར་བཀུར། །མེ་ཏོག་ཕལ་ཆེར་ཉིན་རེའི་རྒྱུན། །གཙུག་གི་ནོར་བུ་གང་དུའང་མཆོད། །ལྗོན་ཤིང་དུལ་པ་འབྲས་བུ་མང་། །རྨ་བྱ་དལ་བ་མཇུག་སྒྲོ་བཟང་། །རྟ་མཆོག་དུལ་བ་འགྲོ་མགྱོགས་ཏེ། །དམ་པ་དུལ་བ་མཁས་པའི་རྟགས། །དམ་པ་རྣམས་དང་ཕལ་བ་ལ། །བྱས་པ་མཉམ་ཡང་དྲིན་མི་འདྲ། །ཞིང་ལ་ས་བོན་ཁྱད་མེད་ཀྱང་། །ལོ་ཏོག་ཁྱད་པར་དཔག་ཏུ་མེད། །བདག་ཉིད་ཆེ་ལ་ཕན་བཏགས་ན། །ཅུང་ཟད་ཙམ་ལའང་འབྲས་བུ་འབྱིན། །སྐྱུ་རུ་ར་གཅིག་བྱིན་པ་ལ། །ཆོས་རྒྱལ་བུ་དང་མཉམ་ལ་ལྟོས། །བཟང་བོའི་ཆོ་རིགས་སྤྱོད་པས་བསྲུང་། །སྤྱོད་པ་ཉམས་ན་རིགས་དོན་མེད། །ཙན་དན་དྲི་བཟང་སྐྱེ་བོ་དགའ། །དེ་བསྲེགས་སོལ་བ་སུ་ཞིག་ལེན། །ཆེན་པོ་རེ་ཞིག་རྒུད་གྱུར་ཀྱང་། །དེ་ལ་གདུང་བ་བསྐྱེད་མི་དགོས། །ཟླ་བ་རེ་ཞིག་གཟས་བཟུང་ཡང་། །དེ་མ་ཐག་ཏུ་གྲོལ་བར་འགྱུར། །ཆེན་པོས་དགྲ་ལ་བྱམས་བྱས་ན། །དགྲ་ཉིད་དེ་ཡི་དབང་དུ་འགྱུར། །མང་པོས་བཀུར་བས་ཀུན་བསྐྱངས་པས། །ཀུན་གྱིས་རྒྱལ་བོར་དབང་བསྐུར་ཏོ། །དམ་པ་ཇི་ལྟར་རྒུད་གྱུར་ཀྱང་། །སྡིག་དང་འདྲེའ་པའི་ཟས་མི་ཟ། །སེང་གེ་བཀྲེས་ཀྱང་མི་གཙང་བའི། །ངན་སྐྱུགས་ཟ་བར་མི་བྱེད་དོ། །དམ་པ་སྲོག་ལ་བབས་ན་ཡང་། ། རང་བཞིན་བཟང་བོ་ག་ལ་འདོར། །ས་ལེ་སྦྲུམ་ནི་བསྲེགས་བཅད་ཀྱང་། །དེ་ཡི་ཁ་དོག་ཉམས་མི་འགྱུར། །སྐྱེས་མཆོག་རྣམས་ལ་དམན་པ་རྣམས། །ཁྲོ་ཡང་ལན་དུ་ག་ལ་ཁྲོ། །ཅེ་སྤྱང་དྲེགས་པས་སྐད་འབྱིན་ཡང་། །རི་དྭགས་རྒྱལ་པོས་སྙིང་རྗེས་སྐྱོང་། །བདག་ཉིད་ཆེ་ལ་སྐྱེ་བོ་རྣམས། །སྐྱོན་འཚོལ་འགྱུར་གྱི་དམན་ལ་མིན། །འཕན་ཟེལ་རིན་ཆེན་ལ་ལྟ་ཡི། །མགལ་དུམ་ལ་ནི་སུ་ཞིག་དཔྱོད། །བསྟོད་པས་དགའ་བར་མི་འགྱུར་ལ། །སྨད་པས་མི་དགར་མི་འགྱུར་ཞིང་། །རང་གི་ཡོན་ཏན་ལེགས་གནས་པ། །སྐྱེ་བོ་དམ་པའི་མཚན་ཉིད་ཡིན། །སྡིག་པ་དང་ནི་མཐུ་རྩལ་ལས། །བྱུང་བའི་ལོངས་སྤྱོད་ལོངས་སྤྱོད་མིན། །ཁྱི་དང་བྱི་ལ་འགྲངས་ན་ཡང་། །ངོ་ཚ་བོར་བའི་རྣམ་ཐར་ཡིན། །འཁོར་ལ་ཕུན་སུམ་ཚོགས་གྱུར་ན། །རྗེ་དཔོན་ཉིད་ཀྱི་ཆེ་བ་ཡིན། །རྟ་ལ་རྒྱུན་དུ་བྱས་པ་དེ། །བདག་པོ་ཉིད་ལ་མི་མཛེས་སམ། །ཇི་ལྟ་ཇི་ལྟར་རྗེ་དཔོན་གྱིས། །འཁོར་ལ་དྲིན་གྱིས་བསྐྱངས་གྱུར་པ། །དེ་ལྟ་དེ་ལྟར་འཁོར་གཡོག་རྣམས། །རྗེ་དཔོན་ཉིད་ཀྱི་བྱ་བ་བསྒྲུབ། །བདག་ཉིད་ཆེན་པོ་གནས་པའི་སར། །མཁས་པ་གཞན་རྣམས་སུ་ཡིས་བརྩི། །མཁའ་ལ་ཉི་མ་ཤར་བ་ན། །རྒྱུ་སྐར་མང་ཡང་མཐོང་མི་འགྱུར། །

 timg-4.jpeg

ས་སྐྱ་ལེགས་བཤད་ལས་རབ་བྱེད་གསུམ་པ་བླུན་པོ་བརྟག་པ་བཞུགས་སོ།།

སྐྱེ་བོ་ངན་པ་འབྱོར་ཐོབ་ཀྱང་། །ལྷག་པར་སྤྱོད་པ་ངན་པར་འགྱུར། །འབབ་ཆུ་ཇི་ལྟར་ལྡོག་གྱུར་ཀྱང་། །ཐུར་དུ་འབབ་པ་ཁོ་ནར་འདོད། །དམན་ལ་སྤྱོད་པ་བཟང་བྱུང་ཡང་། །དེ་ནི་བཅོས་མའི་རྣམ་ཐར་ཡིན། །ཤེལ་ལ་ནོར་བུའི་ཁ་བསྒྱུར་ཀྱང་། །ཆུ་དང་འཕྲད་ན་རང་མདོག་སྟོན། །བླུན་པོས་བྱ་བ་ལེགས་འགྲུབ་ཀྱང་། །སྟེས་དབང་ཡིན་གྱི་བསྒྲུབས་པས་མིན། །སྲིནའབུའི་ཁ་ཆུ་དར་སྐུད་དུ། །འགྲོ་བ་མཁས་ནས་བྱུང་བ་མིན། ། ཆེན་པོས་འབད་ནས་བསྒྲུབས་པའི་གྲོས། །ངན་པས་སྐད་ཅིག་གཅིག་ལ་འཇོམས། །ཞིང་བས་ལོ་ཟླར་འབད་པའི་ཞིང་། །སེར་བས་སྐད་ཅིག་རྡུལ་དུ་རློག ། ངན་པ་ཕལ་ཆེར་རང་གི་སྐྱོན། །གང་ཡིན་གཞན་ལ་འགོ་བར་བྱེད། །ཁྭ་ཏས་མི་གཙང་ཟོས་པའི་མཆུས། །ས་གཙང་གཞན་ལ་འབད་པས་འབྱིད། ། བླུན་པོ་བྱ་བ་ལ་སྦྱར་ན། །དོན་ཉམས་དེ་ཡང་ཉམས་པར་འགྱུར། །ཝ་སྐྱེས་རྒྱལ་བོར་བསྐོས་པ་ཡིས། །འཁོར་སྡུག་རང་ཡང་བསད་ཅེས་གྲགས། །རྨོངས་པ་བདེ་བ་འདོད་བཞིན་དུ། །བྱ་བ་སྡུག་བསྔལ་འབའ་ཞིག་སྒྲུབ། །གདོན་གྱིས་བཏབ་པའི་སྐྱེ་བོ་འགའ། །སྡུག་བསྔལ་སྤང་ཕྱིར་ལྕེབས་པ་མཐོང་།། བློ་ངན་དྲང་བོ་ལ་ལ་རང་། །བརླག་འགྱུར་ལ་ལ་གཞན་ལ་གནོད། །ནགས་ཀྱི་ཤིང་དྲུང་རྩད་ནས་གཅོད། །མདའ་ཡིས་དྲང་བོས་ཕ་རོལ་གསོད། །རྟག་ཏུ་གཞན་དོན་མི་སེམས་པ། །དེ་ཡི་སྤྱོད་པ་ཕྱུགས་དང་མཚུངས། །བཟའ་བཏུང་འབའ་ཞིག་དུད་འགྲོས་ཀྱང་། །བསྒྲུབ་པར་ནུས་པ་མ་ཡིན་ནམ། ། ཕན་དང་མི་ཕན་མི་དཔྱོད་ཅིང་། །བློ་དང་ཐོས་པ་མི་བསྒྲུབ་པར། །ལྟོ་འགྲངས་འབའ་ཞིག་དོན་གཉེར་བ། །སྤུ་མེད་པ་ཡི་ཕག་པ་ཡིན། །བླུན་པོའི་དབུས་ན་དགའ་ཞིང་རྩེ། །མཁས་པའི་མདུན་དུ་ཞུམ་ཞིང་འཛུར། །ནོག་དང་ལྐོག་ཤུལ་མེད་ན་ཡང་། །ཡ་སོ་ཅན་གྱི་བ་ལང་ཡིན། །གང་ན་བཟའ་བཏུང་ཡོད་དེར་རྒྱུག །གོས་པའི་བྱ་བ་བཅོལ་ཡང་འབྲོས། །གཏམ་དང་བཞད་གད་ཤེས་ན་ཡང་། །མཇུག་མ་མེད་པའི་ཁྱི་རྒན་ཡིན། །རྨིག་རྗེས་ཆུ་ཡིས་དགང་སླ་སྟེ། །མཛོད་ཆུང་ནོར་གྱིས་དགང་བ་སླ། །ཞིང་ཆུང་ས་བོན་གདབ་སླ་སྟེ། །བློ་ཆུང་རིག་པ་མགུ་བ་སླ། །དྲེགས་བཅས་བླུན་པོ་ཁས་ལེན་ཅན། །ཆེན་པོ་ཡིན་ཡང་ཉམས་པར་འགྱུར། །གོམ་པ་གང་གི་ས་སྦྱིན་པས། །སྟོབས་ལྡན་གྱིས་ནི་ས་གསུམ་ཤོར། །བློ་ཆུང་སེམས་ལ་འཁོན་འཛིན་ཅན། །གནོད་པ་བས་ཀྱང་རྣམ་འགྱུར་སྔ་། །ཁྱི་ངན་དགྲ་བོ་མཐོང་བ་ན།། རྨུགས་པའི་ཐོག་མར་ཀུ་ཅོ་འདོན། །བླུན་པོས་བསགས་པའི་སྡུག་བསྔལ་ཉིད། །མྱོང་གི་སྤྱོད་པའི་བདེ་མི་མྱོང་། །ཡང་ཡང་མྱུལ་ཞིང་ལྟ་བ་ཡི། །འཇུངས་པའི་ནོར་ནི་བྱི་བ་འདྲ། །བླུན་པོའི་དྲུང་དུ་མཁས་པ་བས། །སྤྲེའུ་འཛིན་པ་ཁྱད་པར་འཕགས། །སྤྲེལ་འཛིན་ཟས་དང་ནོར་གྱིས་མཆོད། །མཁས་པ་ལག་པ་སྟོང་བར་འགྲོ །ཡོན་ཏན་མེད་པའི་སྐྱེ་བོ་རྣམས། །ཡོན་ཏན་ཅན་ལ་ལྷག་པར་སྡང་། །གངས་ཀྱི་ཡུལ་དུ་དགུན་སྐྱེས་པའི། །ལོ་ཏོག་ལྟས་ངན་ཡིན་ཞེས་སྒྲོགས། །ཡོན་ཏན་ལོག་པར་སྦྱངས་པ་འགའ། །ལེགས་པར་སྦྱངས་པ་ཁྱད་དུ་གསོད། །ལྦ་བ་མེད་པའི་གླིང་ཕྲན་འགར། །ཡན་ལག་ཉམས་པའི་སྐྱོན་དུ་བྱེད། །ཆོ་ག་ཉམས་པར་བྱེད་པ་རྣམས། །ཆོ་ག་ཚང་བར་བྱེད་ལ་བརྙས། །ཙུ་ཏའི་ཡུལ་དུ་ཕྱིན་པ་ན། །རྐང་གཉིས་པ་ལ་མིར་མི་བརྩི། །ཆོ་ག་ལོག་པར་སྒྲུབ་པ་འགའ། །ཡང་དག་ཆོ་ག་བྱེད་ལ་གཤེ། །སྐྱེས་བུ་ཁྱི་ཡི་མགོ་ཅན་རྣམས། །བཞིན་བཟང་བུད་མེད་ཡིན་ཞེས་བརྙས། །ལོག་འཚོའི་ཟས་ནོར་རྙེད་པ་འགའ། །མཁས་པ་དབུལ་བོ་ཁྱད་དུ་གསོད། །སྤྲེལ་རྒན་རྣམས་ཀྱིས་མི་བཟུང་ནས། །མཇུག་མ་མེད་ཅེས་བཞད་གད་བྱེད། །དེས་ན་ལས་ཀྱིས་མནར་བས་ན། །མཁས་པ་བླུན་པོའི་ནང་དུ་འཁྱམས། །རླུང་གིས་བདས་པའི་མ་ལི་ཀ །དྲི་ཞིམ་ཕྱག་དར་ཁྲོད་ན་རྫི། །སྐྱོན་རྣམས་འབད་པས་འཛིན་བྱེད་ཅིང་། །ཡོན་ཏན་རྩ་ནས་མི་ཆགས་པ། །སྐྱེས་བུ་དམ་པ་ཆུ་ཚགས་བཞིན། །ངན་པ་འཛིན་གྱི་བཟང་བོ་འཆོར། །ལེགས་ཉེས་དཔྱོད་པའི་བློ་གྲོས་མེད། །མཁས་པའི་མདུན་སར་ཕྱིར་ཕྱོགས་འབྲོས། །ཟས་ནོར་ཁོ་ནའི་གཏམ་གྱིས་འདའ། །རྐང་གཉིས་པ་ཡི་ཕྱུགས་སུ་བཤད། །བློ་ཆུང་མང་དུ་འདུས་ན་ཡང་། །བྱ་བ་ཆེན་པོ་བསྒྲུབ་མི་ནུས། །རྩི་རྐྱང་མང་དུ་བསྡམས་ན་ཡང་། །ཁང་བའི་གདུང་མ་བཟོད་པར་དཀའ། །མ་དཔྱད་པ་ལས་དོན་གྲུབ་པ། །བྱུང་ཡང་མཛངས་པར་སུ་ཞིག་རྩི། །སྲིན་བུ་དག་གིས་ཟོས་པའི་རྗེས། །ཡི་གེར་བྱུང་ཡང་ཡིག་མཁན་མིན། །བློ་གྲོས་ཞན་པའི་འདོད་གཏམ་དང་། །ཅང་ཤེས་མིན་པའི་རྟ་མཆོག་དང་། །གཡུལ་ངོར་ལྷུང་བའི་རལ་གྲི་རྣམས། །སུ་ཡི་གྲོགས་འགྱུར་ངེས་པ་མེད། །ཤེས་རབ་མེད་པའི་བླུན་པོ་རྣམས། །མང་ཡང་དགྲ་ཡི་དབང་དུ་འགྲོ །གླང་ཆེན་སྟོབས་ལྡན་ཁྱུར་ལོངས་པ། །རི་བོང་བློ་ལྡན་གཅིག་གིས་བཏུལ། །ཤེས་རབ་མེད་པའི་ལོངས་སྤྱོད་ཀྱང་། །ཕལ་ཆེར་རང་ལ་ཕན་པ་ཉུང་། །འདོད་འཇོ་བ་ཡི་འོ་མ་ཡང་། །བེ་འུས་འཐུང་བ་བརྒྱ་ལམ་ཡིན། །བླུན་པོ་རྣམས་ཀྱིས་མཁས་པ་ཡང་། །མཆོད་པར་འགྱུར་བའི་ངེས་པ་མེད། །ཉི་མ་ཤིན་ཏུ་འོད་གསལ་ལ། །འབྱུང་བོའི་གདོན་རྣམས་མི་འབྲོས་སམ། །བླུན་པོ་ལོངས་སྤྱོད་གསོག་རྣམས་ལ། །གཉེན་གྱི་བསམ་པ་ག་ལ་ཡོད། །སྡིག་སྡུག་གཏམ་ངན་ཁོ་ན་ཡིས། །བྱི་བ་བཞིན་དུ་བསགས་ནས་འཆི། །སྐྱེ་བོ་ངན་པའི་ཚོགས་ནང་དུ། །ཡོན་ཏན་ལྡན་ཡང་ག་ལ་འཁུར། །སྦྲུལ་གདུག་གནས་པའི་ས་ཕྱོགས་སུ། །སྒྲོན་མེ་གསལ་ཡང་འོད་མི་འབྱིན། །ལོངས་སྤྱོད་ཡོད་ཀྱང་ལས་ངན་གྱིས། །འཇུངས་པས་སྤྱོད་པའི་རང་དབང་མེད། །རྒུན་འབྲུམ་སྨིན་པ་ཟ་བའི་ཚེ། །ཁྭ་ལ་མཆུ་ནད་རྒྱུན་དུ་འབྱུང་། །རྒྱུན་དུ་གཞན་གྱིས་སྐྱོང་དགོས་པའི། །སྐྱེ་བོ་ནམཞིག་ཅི་ནས་ཉམས། །བྱ་རོག་གིས་ནི་བཟུང་བ་ཡི། །རུས་སྦལ་ས་ལ་ལྷུང་ཞེས་གྲགས། །བཟང་ངན་མི་ཤེས་དྲིན་བྱས་བརྗེད། །ངོ་མཚར་གཏམ་ལ་མཚར་མི་འཛིན། །མངོན་སུམ་མཐོང་བ་སླར་ཡང་འདྲི། །ཞུམ་ཞིང་རྗེས་འབྲང་བླུན་པོའི་རྟགས། །དྲོད་ཆུང་ཁ་ཡིས་དགྲ་བོ་འདུལ། །རྒྱང་ནས་མཐོང་ན་ཅ་ཅོ་འབྱིན། །འཐབ་སར་འཕྲད་ན་ཐལ་མོ་སྦྱོར། །རང་ཁྱིམ་སླེབས་ན་ང་རྒྱལ་སྨྲ། །སྡར་མ་གྲོས་བྱེད་ཚེ་ན་དཔའ། །ཁྲལ་དགོས་པ་ན་ནོར་རྩིས་འདེབས། །འགྲོ་དགོས་པ་ན་ནད་བུ་ལྡང་། །འཐབ་སར་རྒྱང་ནས་འབོད་ཅིང་བསྒོ། །བློ་ཆུང་ཅུང་ཟད་རྒྱལ་བས་ངོམས། །གལ་ཏེ་ཕམ་ན་གཉེན་ལ་འཁང་། །གྲོས་ལ་འཚོགས་ན་འཐབ་རྩོད་གླེང་། །གསང་གྲོས་བྱས་ན་ལྐོག་ཏུ་སྨྲ། །གཡུལ་ངོར་རྒྱན་ལ་བྱི་དོར་བྱེད། །དགྲ་དང་འཕྲད་ན་རང་ཕྱོགས་སྦེད། །འགྲོགས་ན་དགྲ་བས་གཉེན་ཕྱོགས་འཇིགས། །མཚོན་ཆ་དགྲ་ཡི་ལག་ཆར་འཕེན། །དཔུང་ཚོགས་འགྲོ་ན་མཇུག་སྡུད་ལ། །ལྡོག་ན་དེ་ཡི་སྣ་འདྲེན་བྱེད། །བཟའ་བཏུང་མཐོང་ན་ནན་གྱིས་འཇུག །དཀའ་བ་མཐོང་ན་ཐབས་ཀྱིས་འབྱོལ། །སྐྱེ་བོ་ངན་པའི་མཚན་ཉིད་ལ། །བརྗོད་རྒྱུ་མང་བོ་ཡོད་མོད་ཀྱང་། །ངན་སྐྱུགས་ཁྲོམ་པ་སུ་ཞིག་སློང་། །སྐྱུགས་པ་མཁས་པ་སུ་ཞིག་མྱོང་། །མཆུ་བསྐྱོད་པ་ཡིས་བརྡ་སྤྲོད་ཅིང་། །སྨོས་པའི་ཚེ་ན་མིག་ཚུམས་བྱེད། །རྣམ་ཐར་ཐོས་ན་འཁུན་འཆོར་བ། །གང་ལ་བྱུང་ཡང་ཐ་ཤལ་རྟགས། །

timg-3.jpeg

ས་སྐྱ་ལེགས་བཤད་ལས་རབ་བྱེད་བཞི་བ་སྤེལ་མ་བརྟག་པ་བཞུགས་སོ།།

དམན་པ་ལོངས་སྤྱོད་ཆེ་ན་ཡང་། །རིགས་ལྡན་རྒུད་པས་ཟིལ་གྱིས་གནོན།། བཀྲེས་པ་སྟག་གི་ངར་སྒྲ་ཡིས། །སྤྲེའུ་ཤིང་གི་རྩེ་ལས་ལྷུང་། །བླུན་པོའི་ཡོནཏན་ཁར་འབྱིན་ཏེ། །མཁས་པའི་ཡོན་ཏན་ཁོང་དུ་སྦེད། །སོག་མ་ཆུ་ཡི་སྟེང་དུ་འཕྱོ། །ནོར་བུ་སྟེང་དུ་བཞག་ཀྱང་འབྱིང་། །ཡོན་ཏན་ཆུང་རྣམས་ང་རྒྱལ་ཆེ། །མཁས་པར་གྱུར་ན་དུལ་བར་གནས། །ཆུ་ཕྲན་རྟག་ཏུ་ཀུ་ཅོ་ཆེ། །རྒྱ་མཚོ་ཀུ་ཅོ་ཀ་ལ་སྒྲོག །སྐྱེ་བོ་དམན་རྣམས་དམན་པ་ལ། །ཁྱད་གསོད་བྱེད་ཀྱིས་དམ་པས་མིན། །སེང་གེས་ཝ་ཚོགས་ལེགས་སྐྱོང་སྟེ། །ཝ་ཉིད་ཝ་ཡི་རིགས་ལ་སྡང་། །དམ་པ་ཁྲོས་ཀྱང་བཏུད་ན་ཞི། །དམན་རྣམས་བཏུད་ན་ལྷག་པར་རེངས། གསེར་དངུལ་སྲ་ཡང་བཞུ་ནུས་ཀྱི། །ཁྱི་ལུད་བཞུས་ན་དྲི་ངན་འབྱུང་། །མཁས་ལ་ཡོན་ཏན་ཀུན་ལྡན་ཏེ། །བླུན་པོ་ལ་སྐྱོན་འབའ་ཞིག་ཡིན། །རིན་པོ་ཆེ་ལས་དགོས་དགུ་འབྱུང་། །སྦྲུལ་གདུག་ལས་ནི་ཉེས་ཀུན་བསྐྱེད། །སྡིག་སྤྱོད་ནགས་ན་གནས་ཀྱང་ཉམས། །དམ་པ་གྲོང་ན་གནས་ཀྱང་དུལ། །ནགས་ཀྱི་གཅན་གཟན་ཁྲོ་བ་དང་། །རྟ་མཆོག་གྲོང་གནས་དུལ་བར་མཐོང་། །སྐྱེས་མཆོག་རང་གི་སྐྱོན་ལ་ལྟ། །སྐྱེ་བོ་ངན་པ་གཞན་སྐྱོན་འཚོལ། །རྨ་བྱ་རང་གི་ལུས་ལ་རྟོག །སྲིན་བྱ་གཞན་ལ་ལྟས་ངན་གཏོད། །དམ་པ་དུལ་བས་རང་གཞན་སྐྱོང་། །ངན་པ་རེངས་པས་རང་གཞན་སྡུག ། འབྲས་ལྡན་ཤིང་གིས་རང་གཞན་སྲུང་། །ཤིང་སྐམ་རེངས་པས་རང་གཞན་སྲེག །འབྱོར་བའི་དུས་ན་ཐམས་ཅད་གཉེན། །གལ་ཏེ་རྒུད་ན་ཀུན་ཀྱང་དགྲ །རིན་ཆེན་གླིང་དུ་རིང་ནས་འདུ། །མཚོ་བསྐམས་པ་ན་སུ་ཡང་སྤོང་། །བླུན་པོ་འབྱོར་བ་ཐོབ་ན་བདེ། །སྐྱེས་མཆོག་ཐམས་ཅད་བྱིན་ན་བདེ། །མཛེ་ཅན་ཕྲུགས་ན་བདེ་བར་འཛིན། །མཁས་པ་མཛེ་ལ་འཇིགས་པར་ལྟ། །ཆེ་ལ་གནོད་བྱེད་གྲོགས་སུ་འགྱུར། །དམན་ལ་གནོད་བྱེད་གནོད་པར་འགྱུར། །ནགས་མེ་རླུང་གིས་སྤར་མོད་ཀྱི། །དེ་ཡིས་སྒྲོན་མེ་ཆུང་ངུ་གསོད། །འདི་བཤེས་འདི་ནི་དགྲ་བོ་ཞེས། །བློ་གྲོས་ཆུང་རྣམས་སོ་སོར་འབྱེད། །བློ་ཆེན་ཀུན་ལ་བྱམས་པ་ལ། །ཕན་བྱེད་གང་ཡིན་ངེས་པ་མེད། །ཡོན་ཏན་ལྡན་པ་ཡོན་ཏན་ལ། །དགའ་ཡི་ཡོན་ཏན་མེད་རྣམས་མིན། །སྦྲང་རྩི་འཛིན་པ་མེ་ཏོག་ལ། །དགའ་ཡི་ཤ་སྦྲང་དེ་ལྟ་མིན། །མཁས་པ་མཁས་པའི་གྲོང་ན་མཛེས། །བླུན་པོས་མཁས་པ་ཇི་ལྟར་གོ །ཙན་དན་གསེར་བས་རིན་ཆེ་བ། །བླུན་པོས་སོལ་བར་བྱས་ལ་ལྟོས། །མཁས་པ་རང་གིས་དཔྱོད་ཤེས་ཀྱི། །བླུན་པོ་གྲགས་པའི་རྗེས་སུ་འབྲང་། །ཁྱི་རྒན་ཀུ་ཅོ་འདོན་པ་ན། །རྒྱུ་མཚན་མེད་པར་གཞན་དག་རྒྱུག །མཁས་པ་ཤིན་ཏུ་རྒུད་ན་ཡང་། །ལེགས་བཤད་གཏམ་གྱིས་གཞན་དགའ་བྱེད།། བླུན་པོ་འབྱོར་བར་འགྱུར་ཆེ་ཡང་། །རྩོད་པ་ཁོ་ནས་རང་གཞན་སྲེག །ཁ་ཅིག་སྨྲ་བས་གྲུབ་པར་བརྩི། །ལ་ལ་མི་སྨྲ་དོན་ལ་འབད། །ཁྱི་རྒན་དགྲ་ལ་ཁུས་འདེབས་ཏེ། །ཆུ་སྐྱར་བྱི་ལ་སྒྲ་མེད་འཇབ། །དམ་པ་རྒོད་ཡང་ཕན་པ་སྒྲུབ། །སྐྱེ་བོ་ངན་པ་མཛའ་ཡང་གནོད། །ལྷ་རྣམས་ཁྲོ་བས་སེམས་ཅན་སྲུང་། །གཤིན་རྗེ་འཛུམ་ཡང་ཕ་རོལ་གསོད། །སྐྱེ་བོ་དམ་པ་རིན་ཆེན་བཞིན། །རྣམ་པ་ཀུན་ཏུ་འགྱུར་ལྡོག་མེད། །སྐྱེ་བོ་ངན་པ་སྲུང་མདའ་བཞིན། །ཅུང་ཟད་ཙམ་གྱིས་མཐོ་དམའ་བྱེད། །བློ་མཐུན་རིང་ན་གནས་ཀྱང་ཕན། །མི་མཐུན་ཉེ་ན་ལྷག་པར་འབྲལ། །འདམ་སྐྱེས་འདམ་གྱིས་མི་གོས་ལ། །དེ་ཉིད་ཉི་མས་རྟག་ཏུ་སྐྱོང་། །ཇི་སྲིད་ངོ་ཚ་ཡོད་གྱུར་བ། །དེ་སྲིད་ཡོན་ཏན་རྒྱན་གྱི་མཆོག། ངོ་ཚ་བརྒལ་ན་ཡོན་ཏན་ཉིད། །ཕྱོགས་སུ་བྱས་ཏེ་གཏམ་ངན་འཕེེལ། །དམ་པ་མ་བཅོལ་ལེགས་པར་སྟོན། །དམན་ལ་དྲིས་ཀྱང་ལོག་པར་ཤོད། །རྒྱལ་བའི་སྲས་ལ་བརྙས་ཀྱང་བརྩེ། །འཆི་བདག་མཆོད་ཀྱང་གསོད་པ་ཡིན། །གཅིག་ལ་ཕན་པར་འགྱུར་བ་ཡི། །བྱ་བ་གཞན་ལ་གནོད་པ་སྲིད། ཟླ་བ་ཤར་ན་ཀུ་མུད་ད། །ཁ་འབྱེད་འགྱུར་གྱི་པདྨ་ཟུམ། །ཉེས་པ་ལས་ཀྱང་དོན་གྲུབ་པ། །བྱུང་ཡང་མཁས་རྣམས་ག་ལ་སྨོན། །ལེགས་པར་བསྒྲུབས་ཀྱང་སྐྱོན་སྲིད་མོད། །དེ་ལ་མཁས་རྣམས་ཁྲེལ་བ་མེད། །རྙེད་པ་ལ་ལ་རྙེད་པ་སྟེ། །རྙེད་པ་ལ་ལ་དགྲ་བོ་ཡིན། །རྒོད་མ་མངལ་ལྡན་ནོར་འཕེལ་ལ། །དྲེའུ་མོ་སྦྲུམ་མ་འཆི་བ་རྙེད། །དམ་པ་དབྱེ་དཀའ་འདུམ་སླ་སྟེ། །དམན་པ་དབྱེ་སླ་འདུམ་པ་དཀའ། །ལྗོན་ཤིང་དང་ནི་སོལ་བ་ཡི། །བཅད་དང་སྦྱོར་བའི་ཁྱད་པར་ལྟོོས། །ཉམ་ཆུང་གྱུར་ཀྱང་ཟོན་བྱས་ན། །ཆེན་པོ་ཡིས་ཀྱང་གཞོམ་པར་དཀའ། །ཆེན་པོ་ཡིན་ཀྱང་བག་ཕེབས་ན། །ཉམ་ཆུང་རྣམས་ཀྱིས་བརླགས་པ་མང་། །ནོར་གྱིས་འབྱོར་ན་སྟོབས་ཀྱང་འཕེལ། །ནོར་མེད་པ་ལ་སྟོབས་ཀྱང་འབྲི། །བྱི་བ་དབྱིག་ལྡན་ནོར་ཕྲོགས་པས། །རྐུ་བའི་ནུས་པ་ཉམས་ཞེས་ཐོས། །མི་གང་བསོད་ནམས་ལ་སྤྱོད་པ། །བཏང་ཡང་ལོངས་སྤྱོད་ཆར་བཞིན་འབབ། །བསོད་ནམས་མེད་པའི་ལོངས་སྤྱོད་དེ། །བསགས་ཀྱང་སུ་ཡིས་ཟ་བར་སོམས། །དམ་པ་རེ་ཞིག་རྒུད་གྱུར་ཀྱང་། །ཟླ་བ་བཞིན་དུ་ཡར་ངོ་འབྱུང་། །དམན་ལ་ལན་གཅིག་རྒུད་འགྱུར་ན། །མར་མེ་བཞིན་དུ་མནལ་བར་འགྱུར། །ཤེས་ལྡན་དགྲ་ལ་མིག་བསྲིངས་པས། །ཐ་མར་དགྲ་བོ་དབང་དུ་འདུ། །དྲོད་ཆུང་དགྲ་ལ་དབང་བྱས་པས། །དཀའ་བ་རྒྱུན་མི་འཆད་པ་ཐོབ། །མཁས་པ་ཤིན་ཏུ་ཉམ་ང་བའི། །གནས་ལ་འཛུར་ན་དཔའ་རྟགས་ཡིན། །སེང་གེས་ཁྱུ་མཆོག་གསོད་པའི་ཚེ། །རྭ་ལ་འཛུར་བ་ག་ལ་སྡར། །རྣམ་པ་ཀུན་ཏུ་མི་དཔྱོད་པར། །དགྲ་ལ་མཆོང་བ་བླུན་རྟགས་ཡིན། །མར་མེའི་འོད་ལ་འའཛིངས་པ་ཡིས། །སྦྲང་བུ་དཔའ་བར་འགྲོའམ་ཅི། །ངན་པ་རང་རྟེེན་ཁྱད་པར་འཇོམས། །དམ་པ་གང་ལ་བརྟེན་པ་སྲུང་། །སྲིན་བུ་རང་རྟེེན་ཟད་ཟད་ཟ། །སེང་གེ་རང་གི་ཡུལ་འཁོར་སྲུང་། །དམན་རྣམས་དགོས་པ་ཆུང་ངུ་གསང་། །གསང་དགོས་དགོས་པ་མེད་པར་སྨྲ། །དམ་པ་དགོས་མེད་གསང་མི་འགྱུར། །གསང་དགོས་སྲོག་ལ་བབས་ཀྱང་སྲུང་། །དམན་པ་འབྱོར་ན་དྲེགས་རྒྱུ་སྟེ། །དམ་པ་འབྱོར་ན་དུལ་བའི་རྒྱུ། །ཝ་སྐྱེས་འགྲངས་ན་དྲེགས་པས་བརྒྱལ། །སེང་གེ་འགྲངས་ན་བདེ་བར་ཉལ། །དམ་པ་དང་ནི་དམན་པ་ཡི། །སྤྱོད་པ་གཉིས་ཀ་གོམས་པའི་ཤུགས། །བུང་བ་མེ་ཏོག་འཚོལ་བ་དང་། །ངང་བ་ཆུར་འཇུག་བསླབ་ཅི་དགོས། །རྒྱལ་ངན་དགྲ་དང་འཕྲད་པ་ན། །རང་གི་འཁོར་ལ་ཆད་པ་གཅོད། །དོན་མ་འགྲུབ་པའི་བླུན་པོ་འགའ། །རང་ཉིད་འགགས་ཏེ་འཆི་ལ་ཡོད། །ཆོས་རྒྱལ་དགྲ་དང་འཕྲད་པ་ན། །ལྷག་པར་འཁོར་ལ་བྱམས་པ་སྐྱེ། །ན་བའི་བུ་ལ་ཁྱད་པར་དུ། །མ་ནི་གདུང་བ་སྐྱེ་བར་འགྱུར། །སྐྱེ་བོ་དམ་པ་ངན་པ་དང་། །འགྲོགས་ན་ངན་པའི་ཤན་དུ་འགྱུར། །གང་གཱའི་ཆུ་ནི་རབ་ཞིམ་པ། །རྒྱ་མཚོར་སླེབས་ན་བ་ཚྭར་འགྱུར། །དམན་པ་སྐྱེ་བོ་མཆོག་བསྟེན་ན། །སྐྱེ་བོ་དམ་པའི་སྤྱོད་པ་འབྱུང་། །གླ་རྩི་བྱུགས་པའི་གང་ཟག་ལ། །གླ་རྩིའི་དྲི་ཞིམ་འབྱུང་ལ་ལྟོས། །ལྷུན་པོ་ཅིས་ཀྱང་མི་འགུལ་བ། །དེ་བཞིན་བདག་ཉིད་ཆེན་པོ་བརྟག །ཤིང་བལ་ཆུང་ངུ་གཡོ་བ་ལྟར། །དམན་པའི་སྤྱོད་པ་འགྱུར་ལྡོག་ཆེ། །ཞེས་སོ།།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།