༄༅། །རྒྱལ་པོ་རཱ་མ་ཎའི་གཏམ་རྒྱུད་ལས་བརྩམས་པའི་སྙན་ངག་དྲི་ཟའི་སྒྲ་དབྱངས།

2017_12_06_17_28_IMG_2679.JPG

༄༅། །རྒྱལ་པོ་རཱ་མ་ཎའི་གཏམ་རྒྱུད་ལས་བརྩམས་པའི་སྙན་ངག་གི་བསྟན་བཅོས་དྲི་ཟའི་བུ་མོའི་རྒྱུད་མང་གི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།


༄༅།།བློ་བཟང་གཞལ་མེད་ཁང་ཆེན་དུ།།

བསོད་ནམས་རིན་ཆེན་ལ་ཆགས་ཏེ།།

བདག་ཉིད་ལ་ནི་སྙིང་ཉེ་བ།།

སངས་རྒྱས་དབང་གི་རྒྱལ་པོར་འདུད།།

ཟློས་གར་སྙན་ཚིག་རོ་འཛིན་དང་།།

བྲལ་བའི་སྐྱེ་བོ་ལྐུགས་པ་སྟེ།།

དེ་ལྟ་བས་ན་གླུ་སྙན་དག།

འདོད་པས་དབྱངས་ཅན་མགྲིན་པར་བསྟེན།།

སྨྲ་བོའི་ཁ་ཡི་པདྨོ་མཆོག།

ངག་རིག་ཚོགས་འདིས་ཕྱག་འོས་ཏེ།།

གང་གི་ལྕེ་ཡི་གེ་སར་རྡུལ།།

ངེས་པར་རྒྱུད་མངས་མ་དེའོ།།

ཤེས་བྱ་མ་ལུས་རྒྱུད་མངས་ཀྱི།།

ཁོག་པའི་ནང་དུ་ཞུགས་པ་གང་།།

བློ་གྲོས་སོར་མོས་བསྣུན་པ་ལས།།

ཀུན་རིག་བྱེད་མཁས་མ་དེ་རྒྱལ།།

འཛམ་གླིང་ངང་མོའི་རྗེས་སོང་བ།།

ངང་བའི་སྡེ་དཔོན་རྔ་ཡབ་སྟེ།།

འཆར་ཁའི་དམར་བ་ལ་ཆགས་པས།།

རྗེས་སོང་ཨཱ་དི་གཞོན་ནུ་འོ།།

དྲི་མེད་ཟླ་བ་ཆུ་ཤེལ་ལྷུན་པོ་ཁོང་རབ་ཡངས་པ་དཔག་ཚད་བྱེ་བའི་ཁོར་ཡུག་གི།

ཤེལ་གྱི་རྩིག་ངོས་རང་འགྲོགས་འོད་ཀྱི་སྣང་བས་སྐྱེངས་གྱུར་ཕྱི་ཕྱིར་བྲོས་ཤིང་བྱེར་པ་སྟེ།།

ཁ་དོག་ལྔ་ཡི་རིན་ཆེན་ཀ་བ་གཡོ་མེད་བཙུགས་པའི་འཇའ་ཚོན་ཆུན་པོས་བརྒྱ་བྱིན་ལག་པ་སྟོང་བར་བྱེད།།

ཕོ་བྲང་ཁོར་ཡུག་ཀེང་ཤུའི་འབྲས་བུས་མེ་ཡི་གྲོགས་བཅས་ཕུ་གུའི་རྩིག་པ་ལྟ་བ་མྱོས་བྱེད་གྲོང་ཁྱེར་རོ།།

འཛིན་མ་རུས་པའི་གོས་དཀར་ཅན།།

བར་བར་ཁྲག་གི་ལྟེང་ཀ་འཁྱིལ།།

ལ་ལར་ཁྲག་རྒྱན་དྲོན་མོ་འབབ།།

རྒྱུ་མའི་དོ་ཤལ་ཅན་དེ་དག།

མཆེ་བ་རིང་བོས་ནུ་མ་གཉིས།།

འདྲལ་དོགས་མགྲིན་པ་འདེགས་ཤིང་རྒོད།།

དྲག་ཤུལ་སྤྱོད་པའི་ས་དེ་ཡིས།།

གཤིན་རྗེའི་གྲོང་ལ་བག་ཡོད་སྦྱིན།།

མཚན་མོ་རྒྱུ་བ་རྣམས་ཀྱི་རྗེ།།

འབོད་སྒྲོགས་མགྲིན་པ་ལྔ་ཟུང་གིས།།

ལྔ་བའི་དུས་ཀྱི་འཇིགས་སྤང་ཕྱིར།།

བདེ་བྱེད་མཆོད་པའི་ཆོ་ག་བྱས།།

དབུལ་བ་འདོར་འདོད་དོན་མཐུན་དག།

རྒྱ་མཚོའི་གྲུ་ཆེན་ནང་འཇུག་བཞིན།།

འདོད་ཆེན་རེ་བའི་མེ་མཆོད་ཀྱི།།

ཚ་བའི་འཇིགས་པའི་ལྷ་ཆེན་ནི།།

འཇའ་ཚོན་འཛིན་ཕྱིར་བསྙེན་པ་བཞིན།།

དེ་ལ་ཆེས་ཆེར་རིང་བ་ཉིད།།

རྡོ་ལེབ་སྟེང་གི་ས་བོན་ལ།།

མྱུ་གུ་སྔོན་པོ་རེ་བ་དེས།།

རང་གི་མགོ་ནི་འབྲས་ཡོས་བཞིན།།

དེ་ཡི་སྦྱིན་སྲེག་རྫས་སུ་བྱིན།།

རིག་སྔགས་ལྕགས་ཀྱུའི་སྦྱོར་མཁས་ཀྱིས།།

སྙིང་ལ་ཟིན་ཏོ་གླང་ཆེན་དེ།།

གཤོང་བུའི་འདམ་སྟེགས་ལ་འདྲེད་ནས།།

ཛ་ཧུའི་བུ་མོའི་རྒྱ་མཚོར་ལྷུང་།།

བདག་པོའི་བཀའ་ལུང་ཉི་མའི་ཟེར།།

ཕོག་པས་ཨུ་མའི་པད་ཚལ་གྱིས།།

མཆོག་སྦྱིན་སྦྲང་རྩི་ཉེ་བར་བསྟབས།།

རབ་ཏུ་ཁེངས་པའི་སྒྲ་དབྱངས་ཅན།།

གླང་བོ་ལག་མང་ང་རྒྱལ་བྱེད།།

སྦྲང་རྩིས་མྱོས་པའི་རྐང་དྲུག་པ།།

མེ་ཏོག་ལ་ཡང་མདུང་དག་བསྣུན།།

མགྲིན་བཅུ་ངང་པའི་བུ་མོ།།

རིག་བྱེད་གདོང་གི་པད་ཚལ་དུ།།

མངོན་པར་དཀར་པར་འདོད་པ་སྟེ།།

གཡོ་སྒྱུའི་མུན་པར་སུ་ཞིག་འཇུག།།

ཅེས་སྨྲས་དྲག་པའི་དགའ་མ་ཡིས།།

དམོད་པའི་དུག་མདའ་མི་བཟད་འཕངས།།

དུས་མཐའ་ཁྱོད་ཀྱི་རྒྱལ་སྲིད་ནི།།

ནུ་ལྡན་དག་གིས་ཉམས་བྱེད་ཤོག།

ཅེས་ཏེ་ལྷ་ཆེན་གམ་དུ་སོང་།།

བྲང་འགྲོའི་ཁ་ཆུ་བསྡོགས་པ་བཞིན།།

སྲིན་དབང་བ་ཀུ་ལ་ཡ་ཤིང་།།

འདོད་ཆེན་ཁ་ཡི་བུར་ཆང་གིས།།

མྱོས་པའི་སྙིང་ནི་ལེ་ལོ་ཡི།།

ཆུ་སྐྱེས་ཁོང་བར་འཛིན་མ་ཡིན།།

ཏིན་ཏའི་འབྲས་བུ་ནེ་ཙོ་ཡི།།

གཤོག་པའི་གོས་ལྗང་སྟོད་གཡོགས་ཅན།།

གེ་སར་ནུ་འབུར་མགྲིན་དག་གི།།

སེན་རྗེས་རྐང་སྟེགས་ལྷུར་ལེན་ནོ།།

རྟ་མགོ་ཅན་དེའི་རེ་བ་ཡི།།

རྒྱུ་སྐར་དོ་ཤལ་འགོད་པ་ལ།།

མཚན་མོའི་བུ་མོ་དམར་སེར་ཅན།།

ཡབ་ཀྱི་བཀའ་ལས་འགོང་མ་ནུས།།

བདེ་འབྱུང་རལ་བའི་སྐྱེད་ཚལ་དུ།།

མཐོ་རིས་ཆུ་ཡི་ཁྲུས་རྩོམ་པ།།

དེ་ཚེ་སྤྲེའུ་མིག་གསུམ་ཅན།།

འདི་ནི་གྲུབ་པའི་གེགས་ཡིན་ཞེས།།

ཡུངས་དཀར་རྡོ་རྗེ་རྡོ་ཚོགས་དང་།།

ཧཱུཾ་ཕཊ་འབྲུག་སྒྲས་རི་ཀླུང་བཀང་།།

གཉིད་མྱོས་བྱིས་པའི་ཁ་ནང་དུ།།

མ་ཡི་ནུ་སོར་ཞུགས་པ་གང་།།

སོ་རྣོན་སྟ་རེའི་འཇུག་པ་ནི།།

རང་གཞན་གཉིས་ཀ་ཕུང་བྱེད་དོ།།

རྟ་དམར་ཅན་ལྷའི་སྣག་གི་གཉེན།།

ལུས་སྐྱེས་བསྐྱོད་པའི་དྲི་བཞོན་ཡང་།།

གནམ་ས་འཁྲུགས་བྱེད་འཐོར་རླུང་སྟེ།།

དུས་མཐའི་ཉི་མ་གསུམ་གྱི་མིག།།

སྨིན་དཀྱུས་དུ་བའི་རལ་བ་ཅན།།

མགོ་སྐྱེས་གསེར་གྱི་ཁུ་བ་ཡིས།།

སྐར་མའི་འབྲས་ཡོས་ཟ་བ་བཞིན།།

དེ་ཡི་མཇུག་མ་ཟད་མཐའ་ཡི།།

ཞགས་པ་ནམ་མཁར་འཕྱར་བ་དེས།།

ཕྱེ་མ་ལེབ་ཀྱི་རྔ་ཡབ་བཟུང་།།

ནམ་ཞིག་གྲུབ་པའི་བཅུད་ལེན་བྱེད།།

མྱ་ངན་མེད་པའི་རྐང་འཐུང་ནི།།

མེ་ཏོག་འཛུམ་པར་དགོད་བྱེད་པ།།

ཚོགས་ཅན་མ་ཡི་རྐང་གདུབ་ཀྱི།།

སིལ་སྒྲ་ལས་ནི་འཕྱར་གཡེང་བྱེད།།

མགྲིན་བཅུའི་ཟླ་བས་ལྷ་ཆེན་གྱི། །

རི་བོང་གཟུགས་བརྙན་འཛིན་པ་ནི།།

མགོ་བོའི་ནོར་འཛིན་མེ་མཆོད་ཀྱི།།

ཐུན མཚམས་གོས་དམར་ཅན་ལ་ལྟོས། །

ཀ་ལིང་ཀ་ཡི་བདག་པོ་དེའི།།

ཁ་ཡི་རྒྱ་མཚོར་མཆོག་སྦྱིན་གྱི།།

ག་བུར་གང་གཱའི་ཇི་སྙེད་རྒྱུན།།

ང་ལས་ལོངས་ཞེས་དྲག་པོས་སྨྲས།།

ཅ་ཅོའི་གླུ་ཡིས་ཅོ་ནས་འདྲེན་ཁྱོད་ཅི་ཡང་མཆོད་ཚིག་ཅེ་སྤྱང་སྐད་མཚུངས་ལུས་གཅུ་ཞིང་།།

ཆ་ལུགས་ཙོག་བུས་ཆོ་ག་ལ་འབད་ཆུ་གཙང་མཆོད་ཡོན་རིན་ཐང་ཆེ་བའི་སྐྱོགས་ནང་དུ།།

ཇ་ཡི་བཏུང་བའི་ཨུ་མའི་ཇོ་བོ་ཇི་ཙམ་དགྱེས་པའི་ཇེ་མང་འདོད་ཡོན་ཇུ་རྩེའི་གོས་སོགས་ཟོང་འདི་དག།

ཉ་གང་ཟླ་བར་འཆི་བའི་ཉི་འོད་ཉེ་བའི་སྐབས་མེད་ཉོ་ཚོར་རེ་བ་ཉུང་ངུ་མིན་འདིའི་སླད་དུའོ།།

ཏེ་བོར་ཡུན་རིན་བྱ་དཀའ་དག།

ཐེ་ཚོམ་མེད་པར་སྤྱད་པའི་ཚིག།

དེ་ལྟར་ག་ཆད་སྨྲ་བ་ནི།།

ནེ་ཙོའི་སྒྲོ་ཐུལ་ཅན་གྱིས་ཐོས།།

རྟག་ཏུ་འཚེ་བྱེད་རྟ་དམར་ཅན།།

ཡིད་འགྲོའི་སྲོག་གི་བཞོན་པ་སྟེ།།

འདི་དག་འགྲོགས་པའི་འབོད་སྒྲོགས་སྲོག།

ཉལ་འགྲོ་གཡོ་མེད་རེ་བ་དེས།།

ཕྱུགས་ཀྱི་བདག་པོའི་ས་འཛིན་གདོང་།།

བ་སྤུའི་རྩ་ལྗང་གཟིམ་མལ་དུ།།

རབ་ཏུ་གཉིད་མྱོས་ཟིལ་བ་ནི།།

ངོ་ཚའི་བསེར་བུས་བཅིངས་པ་ཉིད།།

གཡོ་སྒྱུའི་མེ་ལྕེས་འཇིག་རྟེན་འདི།།

ལྷག་མ་མེད་པར་ཟ་བྱེད་པ།།

ཐོད་པ་ཅན་གྱི་རོ་འཛིན གྱི།།

པད་མཚོར་དབྱངས་ཅན་ངང་མོ་དཀར།།

ཁ་ཡི་གེ་སར་ཕོ་ཉ་པ།།

དབྱངས་ཅན་གློག་གི་ཕྲེང་བ་ནི།།

རྒྱུད་མངས་སྤྲིན་གྱི་སྒྲ་དབྱངས་ཅན།།

ཡིད་ལྟར་མགྱོགས་དེ་མགྲིན་བཅུ་ཡི།།

ཁ་ཡི་ཆུ་འཛིན་མངལ་བཟང་དུ།།

ཞུགས་པས་རང་གི་མདངས་བཟང་ཉམས།།

གེ་སར་རྡུལ་ཚོགས་ལ་སྲེད་པའི།།

པད་མ་གཞོན་ནུ་བུང་བ་ལ།།

ངོ་འཛུམ་གནག་པར་འདོད་པ་ནི།།

རང་དབང་གསོད་བྱེད་གདུང་བས་ཕྲོགས།།

སྲེད་མེད་བུ་ཡི་སོ་ལྡན་གྱི།།

འགྲམ་པ་དབྱངས་ཅན་ཟླ་བ་ཡི།།

རྡུལ་གྱི་ཐིགས་པ་མཛེས་པ་ནི།།

མཁའ་ལ་སྐར་ཚོགས་ཕྲེང་བ་བཞིན།།

གང་གི་ཁ་ཡི་ཆུ་གཏེར་ནི།།

གཡོ་སྒྱུའི་མྱོས་ཆུས་གང་བ་སྟེ།།

དེ་ལས་འོངས་པའི་བབ་ཅོལ་གྱི།།

རླངས་པ་ནམ་མཁའི་ཡོལ་བ་ཉིད།།

མཚན་མོར་རྒྱུ་བའི་མགོན་པོ་ཆེ།།

རྐང་དྲུག་པ་དེ་འཆི་མེད་ཀྱི།།

མཁའ་ལ་བགྲོད་པར་འདོད་ན་ཡང།།

རེ་བའི་མེ་དྲོད་ཉམས་བྱེད་པ།།

ལྷ་ཆེན་གྱིས་སོ་བུ་ཡུག་གི།

འཚུབ་མ་གངས་རིའི་ཟེགས་མ་སྤྲོས།།

རང་མགོ་ལྔ་བ་ཟུང་གི་ནི།།

མཐའ་མར་ལྔ་བ་ཉིད་འོས་ཞེས།།

དར་དིར་ཅོལ་ཆུང་སྒྲོགས་བཞིན་དེས།།

བྲང་ནི་འཛིན་མའི་ཐོ་བར་བྱས།།

ཧྭགས་ཀྱི་ལ་དུ་འདོད་པ་དེས།།

བྱི་བའི་བྲུན་དག་ཐོབ་པས་ཚིམ།།

དེ་ནི་རྒྱལ་སྲིད་འཛིན་མ་ལ།།

འཕྲིན་ཡིག་རྐང་རྗེས་འགོད་པ་ན།།

རྒྱ་མཚོའི་མངལ་ལས་ཟླ་དཀར་བཞིན།།

འཆི་མེད་བུ་མོའི་ལང་ཚོ་ནི།།

གློ་བུར་ཉིད་དུ་རྙིངས་བྱེད་པ།།

མདངས་བཀྲ་བུ་མོ་མཛེས་མ་བཙས།།

ཀུན་གསལ་མངལ་ལས་བདེ་སོགས་ཀྱི།།

བདག་པོའི་གཞུ་ནི་ཉེར་འོངས་པ།།

མིག་སྟོང་རང་གི་ལག་པ་ཡི།།

མཚོན་ཆ་གཞན་ལ་དགའ་བ་མེད།།

ཉི་མ་རང་གི་གྲོག་མོ་ནི།།

སྲིན་པོའི་གྲོང་ན་འདུག་པ་དེ།།

མ་བཟོད་རྒྱ་སྐྱེགས་འཛིན་མ་ལ།།

ཚ་ཟེར་འགྱེད་ཕྱིར་རིངས་པར་འོངས།།

དགེ་འམ་གཞན་གྱི་མཚན་མ་ཡི།།

གཟུགས་ལ་བལྟ་ཕྱིར་ལག་པ་ནི།།

དངུལ་དཀར་མེ་ལོང་གཉིས་སྐྱེས་ཀྱི།།

གདོང་ལ་ཅོ་འདྲི་བཞིན་དུ་བསྟན།།

ཀྭ་ཀོ་ལ་ཡི་སྲིན་བུ་འདི།།

ཆུ་ཡི་གྲོགས་སུ་འོས་ཞེས་སྨྲས།།

དེ་ནས་དེ་ནི་དབུ་ཕྲེང་བཞིན།།

འབབ་པ་དགའ་བ་བསྐྱེད་ཕྱིར་བཏང་།།

རང་ཉིད་གར་འགྲོའི་གཏོལ་མེད་པའི།།

ཆུ་ཀླུང་དགའ་མ་ཁྱེར་ཏེ་བྲོས།།

ཁུར་བུའི་ལྕིད་ཀྱིས་ངལ་བའི་ཆུ་རྒྱུན་ཛམ་བུའི་གྲོང་ཁྱེར་ཞིང་པ་ཡིས།།

རྫིང་གི་མལ་ཆེན་རྩི་ཐོག་ཟ་འོས་སྙེ་མ་མཐོ་ལྡན་བཤམས་པར་ཞུགས།།

དེར་ནི་ངལ་པས་དྲན་པ་སྟོར་ཏེ་མིག་ཟུམ་གཉིད་ཀྱིས་ནོན་པར་གྱུར།།

མུ་ཏིག་ཕྲེང་འདྲའི་བ་ལང་ཁ་ཆུ་དྲ་བས་འབྲེལ་བར་སྦང་བུ་བཞིན།།

ལོ་ཏོག་འདོད་པ་དེ་དག་ནི།།

གཉིད་ཀྱི་བདེ་བ་མི་སེམས་ཏེ།།

ཡར་བ་རྣམ་པར་རྒྱལ་བྱེད་ཀྱི།།

སྒོ་གླེགས་བསལ་ཕྱིར་བརྩོན་པ་བསྐྱེད།།

དག་བྱེད་འདོད་དེ་བསྒྲིམས་པ་ལ།།

རིན་ཆེན་སྒྲོམ་ཞིག་རྙེད་པར་གྱུར།།

ལག་སོར་ཉི་འོད་ཚོགས་ཀྱིས་ནི།།

པད་མའི་ཚལ་དེ་མངོན་པར་ཕྱེ།།

མིག་ཡངས་དེ་ཡིས་ལྟ་བྱེད་གཞན།།

རི་མོར་བྲིས་པའི་མིག་ཏུ་བྱས།།

དེ་མཐོང་རྫི་མའི་སྲེད་ལྡན་གྱིས།།

རང་གི་དགའ་མ་འཁྱུད་པ་བརྗེད།།

ཟླ་འོད་འཐུང་ཚེ་ཀུ་མུ་དའི།།

འདབ་མས་གྲོགས་ལ་འདུད་པར་དོར།།

ཆེད་དུ་གདགས་པ་མེད་པར་ནི།།

དེ་མིང་རོལ་རྙེད་མ་ཞེས་གྲགས།།

ལས་དཀར་ཤིང་རྟས་ལེགས་དྲངས་པའི།།

རཱ་མ་ཎ་ནི་གཟི་འོད་འབར།།

ཆུ་ཀླུང་གྲོག་མོས་དོར་བ་དག།

མེ་ཏོག་དུས་དེར་ལྷན་ཅིག་བྱུང་།།

འུག་པའི་རྐན་གྱི་སྒྲ་དང་ནི།།

ལྷན་ཅིག་གཏོར་ལེན་མིག་ལྷུང་བཞིན།།

འདི་ནི་རྒྱལ་བོ་དགའ་བའི་བཞིན།།

འཛིན་པའི་མེ་ལོང་ཉིད་འོས་ཞེས།།

བསམ་པ་གཅིག་ཅིག་ཞིང་པ་ཡི།།

སྐྱེ་བོའི་ཚོགས་ལ་བྱུང་བར་གྱུར།།

དེ་ལུས་གསེར་གྱི་རྒྱལ་མཚན་གྱིས།།

རྒྱལ་པོའི་ཕོ་བྲང་མཛེས་པ་སྟེ།།

སྙན་གྲགས་རིན་ཆེན་རྣ་ཆ་ནི།།

ཕྱོགས་ཀྱི་བུ་མོའི་རྣ་རྒྱན་ནོ།།

ས་སྟེང་འདི་ན་སྲེད་ལྡན་རྣམས།།

དེ་ཡི་གཏམ་ལ་ཆགས་གྱུར་ཏེ།།

མིག་ཡངས་མཛེས་མ་གཞན་དག་ལ།།

རྨི་ལམ་དུ་ཡང་ཆགས་མ་གྱུར།།

དབྱངས་ཅན་མིང་ནི་གཟུང་འོས་ཏེ།།

སྤྲ་མོའི་ལག་པ་སུ་ཞིག་འཛིན།།

སྐྱེ་དགུའི་རིག་སྔགས་མཁན་དེ་རྣམས།།

སཱི་ཏཱའི་མིང་གི་བཟླས་བརྗོད་ཀྱིས།།

འགྲམ་པ་རུས་པའི་འཕྲུལ་འཁོར་ནི།།

དྲལ་བ་ནུ་མའི་ངོགས་སུ་འཕྱང་།།

ལོང་ཚོ་དེ་ནི་འཛིན་བྱེད་པའི།།

རྒྱལ་པོས་རང་སྲིད་ཕུ་ནུ་ལ།།

ཁྱི་ཡི་ཟས་བཞིན་བྱིན་གྱུར་ཏེ།།

འདི་ཡི་མཛེས་པ་གཞན་དག་གི།

མིག་གིས་མཐོང་ནའམ་མི་རུང་ཞེས།།

སེམས་ཤིང་སེམས་ཤིང་ནགས་སུ་སོང་།

ཕྱུགས་ཀྱང་རྩྭ་དག་མི་སེམས་ན།།

གཅན་གཟན་སྤོང་ལ་མཚར་ཅི་ཡོད།།

ཅེས་བསམས་ཕུ་ནུ་ལ་གྷུ་ཡིས།།

རྒྱལ་སྲིད་ཐ་ཆུང་འཇིགས་སྡེ་ལ།།

རིགས་ཀྱི་རྒྱལ་ས་དེ་བྱིན་ནས།།

དེས་ཀྱང་ནགས་ཚལ་མཛེས་པར་བྱས།།

དེ་དག་ནགས་ཀྱི་ལྷ་ཡིན་ཏེ།།

ནགས་ཚལ་བདག་པོ་དེ་ཡི་བྲན།།

གཉིས་ནི་འདོད་པའི་བདེ་བ་དང་།།

གཅིག་ནི བསམ་གཏན་བདེ་བས་ཚིམ།།

དེ་ཚེ་ལང་ཀའི་བདག་པོའི་སྙིང་ནི་རང་གི་དགའ་མར་ཆགས་པའི་བདུད་རྩིས་མངོན་པར་ཁེངས་ཅི་ཡང་འཛིན།།

ཀྭ་ཡེ་ཡིད་ཀྱི་རེ་བའི་པིར་གྱིས་རི་མོ་རྫོགས་པའི་ལང་ཚོ་འབྲི་བྱེད་ཁོ་བོའི་ལག་པ་གཅིག་ཉིད་དེ།།

འདི་ཡི་འགྲན་ཟླ་གཉིས་པ་ཡོད་ཅེས་མང་ཐོས་འདོད་པས་ཁྱེད་ཅག་ནེ་ཙོའི་གཏམ་རྗེས་འཇུག་པ་འགའ་ཡོད་དམ།།

ཞེས་སྨྲས་ལན་དུ་འཁོར་གྱི་སྐྱེ་བོ་སཱི་ཏཱའི་མིང་གི་མདུང་ཐུང་རྣོན་པོས་སྒྲ་འཛིན་ཕུག་རྣམས་འདི་སྐད་ལོ།

མི་གང་མང་དུ་མ་ཐོས་པ།།

དེ་དག་ཁྲོན་པའི་ཉ་ཡིན་ཏེ།།

གནག་རྫི་རང་གི་གཡས་ཞར་མར།།

དབང་པོས་འཁྱུད་པར་དོགས་པས་གདུངས།།

དེ་ཐོས་མགྲིན་བཅུའི་སྙིང་ལ་ནི།།

ཆགས་པའི་དུག་མདའ་དམ་པོས་ཟིན།།

དྲང་སྲོང་གིས་ནི་དམོད་པ་བཞིན།།

རང་ཉིད་དུད་འགྲོའི་གཟུགས་སུ་བྱས།།

དགའ་བ་བྱེད་ཀྱི་སྐྱེད་ཚལ་བཅོམ།།

འདམ་བུའི་ཚལ་རྣམས་གླང་པོས་བཞིན།།

སྭི་ཏྭའི་སྙིང་ངོ་གདོན་ཚོགས་ཀྱི།།

ཆུ་འཛིན་སྒྲ་དབྱངས་གཡོ་བ་ཅན།།

རོ་འཛིན་གློག་གི་གཞུ་ལས་ནི།།

ས་སྐྱོང་རི་དྭགས་འདི་ཟུངས་ཞེས།།

ཏོག་སྒྲ་དང་བཅས་གནམ་ལྕགས་ཀྱིས།།

བདག་པོའི་སྒྲ་འཛིན་ཅི་ཡང་དཀྲུགས།།

ཀྭ་ཡེ་ཉོན་ཅིག་ས་འདི་ལ།།

གདུགས་དཀར་གཅིག་གིས་ཁྱབ་པ་ཡང་།།

དོར་ན་དབང་ཕྱུག་སྐྲ་ཕྲེང་ནི།།

བསྲུང་ན་ནམ་མཁའ་ལྷོད་པའོ།།

གང་ཡང་མནའ་ཡི་བཀའ་མཆིད་ཨུ་ཏྤལ་སྔོན་པོའི་ཕྲེང་འདི་མིག་ཟུར་དང་འགྲོགས་རྣ་བའི་རྒྱན་དུ་འོས་པ་སྟེ།།

རྣམ་བཀྲ་དབང་བོའི་གཞུ་མཆོག་ལ་སྲེད་ནུ་ཞོའི་ལྟོ་ཅན་གོམ་པའི་འགྲོས་འཁྱོར་ཕྱོགས་བསླད་མགྲོན་པོར་གྱུར་ཅེས་ཐོས།།

བྱེ་མའི་རྡུལ་བརྩེགས་ཕྲག་པ་ལ་ཞོན་ཉི་མའི་ཆུ་རྒྱུན་མེ་ཏོག་དུས་འདིར་རི་དྭགས་ལུས་ལ་ངལ་པ་སྟེར།།

དྲི་མེད་ཤེལ་གྱི་རྩིག་ངོས་ལ་ཆགས་རབ་བཀྲའི་པད་ཚལ་པིར་གྱི་རི་མོས་བུང་བའི་འགྲམ་པ་ཉམས་སོ་ལོ།།

ཉེ་སྡང་ཆུ་ཡིས་ཁྱེར་བ་དེ།།

ཚིག་གི་ཆུ་ཆར་མི་འདོད་དེ།།

སོས་ཀའི་ཚ་བས་གདུང་བ་ནི།།

མེ་ཡི་འོད་དང་འགྲོགས་པ་མིན།།

རྗེ་བོས་རི་བོ་ལ་འཛེགས་པས།།

ཟླ་བ་གཟུང་བར་ནུས་མ་ཡིན།།

ཁྲོ་ཆུ་འཁྱགས་པའི་གཟུགས་བརྙན་འཛིན།།

སོར་མོའི་རྩེ་མོ་བསྲེལ་བ་དག།།

མཐུ་མཆིས་ན་ནི་ནམ་མཁའ་ཡི།།

མེ་ལོང་འཛིན་ལ་སྐྱབས་ཅི་འཚལ།།

རོལ་རྙེད་མ་ནི་ང་རོ་ཅན།།

ཁྱི་དག་རང་མཚང་གསང་མཐོན་པོས།།

དགྲ་པོའི་སྐྱོན་བཞིན་ནགས་ཚལ་དུ།།

ནམ་མཁའ་འགོངས་པའི་སྒྲ་ཆེན་བྱས།།

གཞུ་འཛིན་རྗེ་བོ་རཱ་མ་ཎས།།

རི་དྭགས་གཟུང་བར་མ་ནུས་ཏེ།།

མཐེབ་ལོང་སྦྱོར་བ་མེད་པ་འགའི།།

ཚིག་མདའི་ཤུགས་ཀྱིས་འབེན་དག་ཕུག།

ཡན་ལག་ཅུང་ཟད་ཉམས་གྱུར་ན།།

སྨན་དཔྱད་དཀའ་བ་མ་ཡིན་ཡང།།

སྙིང་ལ་ཚེར་མ་ཟུག་ན་ནི།།

ཚེར་འཛིན་དག་གིས་འདོན་པར་དཀའ།།

ལེགས་བཤད་སྨྲ་བ་རྣམ་དཔོད་ཅན།།

མཁས་པ་ཉིད་དོ་ཅོ་འདྲིའི་ཚིག།

མཛའ་བོའི་གནད་དུ་བསྣུན་པ་ལ།།

བླུན་པོ་ལས་ནི་མཁས་སུ།།

ཆུང་མ་ཚིག་གི་རྟ་དམར་ཅན།།

དུས་མཐའི་རླུང་འདྲས་གཡོས་པ་དེ།།

ཁྲོས་ཀྱང་གཞུང་བཟང་མ་བཏང་བས།།

རྟ་གདོང་མེ་དང་མཚུངས་པ་ཡི།།

འོབས་ཀྱི་ར་བའི་འོད་ཆེན་ནི།།

ལ་གྷུའ་ན་དང་མནའ་མར་བཅས།།

དགྲ་བོའི་མུན་པ་སེལ་ཕྱིར་བྱས།།

རང་ཉིད་རྔོན་པའི་བརྟུལ་ཞུགས་བླངས།།

ངང་བ་ཤུག་གིས་དོར་བ་དང་།།

གཉིས་འཐུང་གླང་མོས་དོར་འདྲ་སྟེ།།

ཉི་མ་གཞོན་ནུའི་ཕྱོགས་འགྲོ་བའི།།

རི་དྭགས་གྲིབ་མ་བཞིན་དུ་སོང་།།

སྐབས་དེར་མཚན་མོ་རྒྱུ་བའི་མགོན།།

རང་གི་བུ་མོ་ལ་ཆགས་པས།།

ཀུན་ནས་རྨོངས་པའི་གདོང་མུན་ཅན།།

སཱི་ཏཱའི་ཟླ་བ་གཟུང་ཕྱིར་འོངས།།

དེ་གཟུགས་སློང་བ་བོར་བཅོས་ཤིང་།།

ངག་གི་གདངས་ནི་ས་ཡི་མགོན།།

རཱ་མ་ཎ་ལྟར་འཆོས་པ་དེས།།

ཡི་གེ་གསལ་བ་མིན་པར་ནི།།

སཱི་ཏཱ་སཱི་ཏཱ་ཞེས་པས་བོས།།

བུད་མེད་ངང་ཚུལ་མི་བརྟན་པས།།

ཡིད་བསྡུས་ལ་ནི་གཏམ་འདི་སྨྲས།།

རབ་དུ་བསྙེལ་ལྡན་རྒྱལ་པོའི་གསུང་།།

བདག་མིང་སྒྲོགས་པ་འདི་གཟིགས་ཤིག།

བརྣངས་པ་ལྟ་བུའི་ཚིག་འདི་ལས།།

མཚོན་ན་མགོན་དེ་ཉམས་སུ་དོགས།།

ཐུབ་ཡིད་བསྡུས་སམ་བསམ་གཏན་ལ།།

མཉམ་བཞག་རྣ་བའི་བུ་གར་ནི།།

འོས་པ་མིན་པ་ཀུན་བཞུས་པའི།།

ཁྲོ་ཡི་ཆུ་དེ་བླུག་པར་བྱ།།

བཀྲ་ཤིས་དང་ནི་ཁྱིམ་གྱི་དབང་།།

ལྷག་ཅིག་ཕོ་རོལ་སྐྲོད་བྱས་པའི།།

སྣ་ནག་མ་དེ་མུ་ཅོར་གྱིས།།

འཁྲུགས་ཏེ་ཁ་ལས་སོ་ལྷུང་བཞིན།།

བཞིན་གྱི་ཆར་སྤྲིན་ནག་པོ་ལས།།

སེར་བ་དྲག་པོ་འབབ་པ་ཉིད།།

དྲག་པོའི་དགའ་མ་ཁྲོས་པ་ཡི།།

དམོད་པའི་དུག་ཆུ་འདི་ཡིན་ཏེ།།

འདི་ཡིས་ས་ཡི་བདག་པོ་ཆེ།།

ཐུ་བོ་རྔོན་པར་བྱས་པའོ།།

སྐལ་ངན་མ་འདིས་སྡིག་པ་ཡི།།

དུག་གི་ཚེར་མའི་ས་བོན་བཏབ།།

ལྟོས་ཤིག་རཱ་མ་ཎ་ཡི་སྟོབས།།

ཆ་ཙམ་འཛིན་པའི་ལུས་ཅན་དང་།།

མཁའ་ལྡིང་གཤོག་པའི་རྩལ་ལ་ནི།།

འགྲན་བྱེད་སྒྲོ་ལྡན་སུ་ཞིག་ཡོད།།

མ་བགྲོས་ན་ཡང་ཨུཏྤལ་རྣམས།།

དེ་ཡི་རྣ་ལོང་མཆོད་འོས་ཞེས།།

བསམས་ཏེ་གཞུ་རྒྱད་ལ་འཁྲིལ་བས།།

ཏ་ལའི་སྲིད་དུ་མངོན་པར་འཕགས།།

ལ་གྷུ་མ་ན་མྱ་ངན་གྱི།།

ཐང་ལ་དུབ་པས་གོམ་འགྲོས་འཁྱོར།།

བརྩོན་པའི་ལྕག་གིས་གཞུས་པ་དེས།།

རྟ་གདོང་མེ་ལྕེ་བཞིན་དུའོ།།

དབང་བོའི་གཞུ་ཡིས་བཀྲ་བ་ཡི།།

ཨུཏྤལ་སྔོན་པོའི་རི་བོ་ནི།།

ཨིན་དྲ་ནཱི་ལའི་ཐོར་ཅོག་ཅན།།

མཐོང་འདི་ལྷུན་པོ་ཡིན་སྙམ་བྱེད།།

འདི་ལས་ཕུ་བོ་མཚོན་པར་བྱས།།

བསམས་ཏེ་དེ་ཡི་དྲུང་དུ་སོང་།།

ཨུཏྤལ་ཆུན་པོས་རྣ་ལུང་དང་།།

སྣ་བུག་ནོར་དེ་འགགས་པ་ཐོབ།།

རཱ་མ་ཎ་ཡི་གཉིད་དང་ནི།།

ཕུ་ནུའི་མྱ་ངན་མཉམ་དུ་སངས།།

མིག་འཕྲུལ་ཡིན་ཡང་རི་དྭགས་དེ།།

དཔུང་པ་གཏུམ་པོ་དེས་འཇིགས་ཏེ།།

སྟོང་བའི་ངང་དུ་བྲོས་པ་ནི།།

སྟོན་ཀའི་སྤྲིན་དག་ཡལ་བ་བཞིན།།

འཛམ་གླིང་འཛིན་མའི་ཐིག་ལེར་ནི།།

ལྷུན་པོ་སྔོན་མེད་གཉིས་བྱུང་སྟེ།།

འཛིན་མའང་ཁུར་བོ་འདི་ཐེག་པ།།

ཨེ་མ་ཤིན་ཏུ་སྟོབས་དང་ལྡན།།

འདུ་བྱེད་ངང་ཚུལ་རིག་པ་ཡི།།

དཔའ་བོ་དེ་གཉིས་འཁོར་ལོ་བཞིན།།

ས་འཛིན་ཁྱོན་ནི་འཇལ་བ་འདྲས།།

དཀའ་ཐུབ་ནགས་སུ་མངོན་པར་གཤེགས།།

འོད་ཀྱི་དྲ་བའི་ལྡིང་ཁང་ན།།

དཔལ་མོ་ཆུ་ཡི་མ་མ་ཅན།།

ལྟ་བྱེད་དཀྱུས་རིང་ཨུཏྤལ་ཟུང་།།

ཟིལ་བ་འགོད་པས་ཅི་ཡང་བྲེལ།།

ནུ་མའི་བར་ནི་དོག་པར་ཡང་།།

ཁུ་ཚུར་ཡབ་ཀྱིས་བསྣུན་པ་ཡི།།

འོ་མ་འཛིན་པ་གསུམ་པ་ཞིག།

མཁྲང་ཞིང་རྒྱས་པ་རྣམ་པར་མཛེས།།

རོ་འཛིན་སྐྱེད་ཚལ་ཉམས་དགའ་བར།།

རབ་དཀར་སོ་ཕྲེང་ཀུ་མུད་ཚོགས།།

འདབ་མ་འཛིངས་པས་འདམ་བུའི་ཚལ།།

བསྲེག་ཟས་ཟོས་པའི་སྒྲ་ཡང་ངོ་།།

རིག་འཛིན་རྣམས་དང་བླ་མ་ཡང་།།

རང་དབང་བྲལ་བས་དམར་བ་ཡི།།

ཐུན་མཚམས་མ་འདིའི་མཛེས་པ་ནི།།

ཆུ་སྲིན་རྒྱལ་མཚན་ཅན་གྱི་དཔུང་།།

རབ་ཏུ་ཆགས་པ་མི་ཟད་པའི།།

ཆུ་ཡིས་གང་བའི་རིལ་བ་དང་།།

སྲེད་པའི་སྲད་བུ་སེ་རལ་ཁར།།

འཕྱང་ལྡན་སྲིན་པོའི་དབང་བོ་ནི།།

དྲང་སྲོང་གཟུགས་ཅན་ཉེ་བར་འོངས།།

དེ་ནི་བཟའ་བ་གཞན་འདོད་ཀྱང་།།

ཀུ་བའི་ཕོར་བུ་སྟོང་བ་ཡིས།།

ཁ་ཟས་འདོད་པ་གོ་བར་བྱས།།

མཆོད་འོས་འདི་ཡིས་ཟས་ཟོཟ་ནས།།

བདག་ཉིད་བདག་པོའི་བཀྲེས་བ་བསལ།།

སྐྱེད་ཚལ་དུ་ནི་ཆུ་ཞུགས་པས།།

བུང་བ་ངོམས་པར་འགྱུར་བ་ཉིད།།

ཅེས་བསམས་སྦྱིན་ལ་ཞུགས་པ་དེའི།།

ལག་པའི་ལྕུག་ཕྲན་འཁྲིལ་བག་ཅན།།

བསྲེག་ཟའི་ཡོལ་བས་བསྲེགས་གྱུར་ཏེ།།

རེ་བའི་བློ་ནི་ཉམ་ཆུང་ཉིད།།

གླང་ཆེན་སྨྱོན་པའི་རལ་གྲི་ཡི།།

འཁྲུལ་འཁོར་རང་ཕྱོགས་ཉམས་བྱེད་དེ།།

རྟ་མགོའི་ཅོད་པན་འཛིན་པ་དེས།།

རྫུ་འཕྲུལ་གྱིས་ནི་མཛེས་མ་དེ།།

རྐང་མཐིལ་རི་མོ་དང་བཅས་པ།།

ལང་ཀའི་ཡུལ་དུ་ཁྱེར་ཏེ་སོང་།།

མི་མཐུན་རྟ་དམར་ཅན་འགྲོགས་པའི།།

གྲུ་ནང་གནས་པའི་ཚོང་དཔོན་བཞིན།།

ཆུང་མའི་སླད་དུ་མཁའ་ལྡིང་གིས།།

ངང་བའི་བུ་མོ་བཟུང་བ་བཞིན།།

རྔ་ཡབ་གླིང་བའི་ས་སྐྱོང་གི།

སྐྱེད་ཚལ་དེ་ནི་སཱི་ཏཱ་ལ།།

ཡ་མུ་ན་ཡི་སྤུན་ཟླ་ཡི།།

བཙོན་ར་བརྒྱ་ལས་ངེས་པར་འཇིགས།།

ངག་གི་ཉེས་པ་ཅན་མ་དེའི།།

ཡིད་ནི་ཉེས་པས་མ་གོས་ཏེ།།

རང་ཉིད་དུག་གི་ལྗོན་ཤིང་དུ།།

མཐོང་བ་དེ་ཡིས་འདི་ལྟར་བསམས།།

སྲིན་པོས་ངེས་པར་བཟུང་བ་འདི།།

ཤ་ཁྲག་གསར་བའི་སླད་དུ་སྟེ།།

ལས་འདིའི་ས་བོན་གྲུང་པོ་ནི།།

སྔོན་ཚེ་ཞིང་བཟང་འདི་ལ་བཏབ།།

བརྩེ་ལྡན་ས་ལ་སྤྱོད་པའི་དབང་།།

འགྲོ་ལ་སྡང་མིག་འཚུབ་མ་ཙམ།

འཐོར་བའང་སྤངས་ཏེ་ཤ་དག་ལ།།

སྲེད་པས་རི་དྭགས་གཟུང་ཕྱིར་བསྐུལ།།

ཨེ་མ་འདི་ནི་ངེས་པ་སྟེ།།

ལུས་ལ་རང་གི་རྨ་བྱུང་ན།།

ཟུག་གཟེར་བདག་གིས་མྱོང་བ་ལས།།

རི་གཟར་འབབ་ཆུ་ཡིས་བསློག།

བདག་ཅག་སྐྲ་ཡི་འཁྲི་ཤིང་གི།

དོག་པོའི་མཆུ་སྒྲོས་འདབ་མ་འཁྱུད།།

རྗེ་བོ་རྐང་བ་དྲུག་པ་དེའི།།

སྦྲང་རྩིའི་བགོ་སྐལ་བདག་གིས་སྤྱད།།

ཡབ་ཀྱི་སེན་རྗེས་ཟླ་ཚེས་དང་།།

བྲལ་བའི་འོ་མ་འཛིན་པ་འདི།།

དུག་སྦྲུལ་གྱིས་བཟུང་ཡན་ལག་སྟེ།།

སེན་མོའི་གནམ་ལྕགས་དབབ་པར་བྱ།།

སྲིན་པོའི་བ་མོས་མ་རེག་པའི།།

སྔོན་དུ་བདག་སྲོག་པད་མའི་ཚལ།།

ཡུད་ཀྱིས་ཉམས་བྱེད་མཚོན་དང་ནི།།

གཡང་ས་ནམ་ཞིག་རྙེད་པར་འགྱུར།།

དེ་ཡི་སྙིང་གི་མེ་དུགས་ཀྱིས།།

སྐྱེད་མོས་ཚལ་དེ་བཅོམ་བྱས་ཏེ།།

ཨཱ་དིའི་བུ་ཡང་ཚ་བ་དེ།།

མ་བཟོད་རྒྱ་མཚོ་འཐུང་ཕྱིར་བརྒྱུགས།།

མཚན་མོ་རྒྱུ་བ་རྣམས་ཀྱིས་ནི།།

རིགས་ཀྱི་ལྷ་བཞིན་དེ་མཆོད་ཀྱང་།།

བྱེ་འུའི་ཚོགས་ལ་ཁྲ་དག་གིས།།

བསྙེན་བཀུར་བྱས་པ་བཞིན་དུ་འོ།།

དེ་ཚེ་ས་སྐྱོང་རཱ་མ་ཎ།།

སྨིག་རྒྱུའི་ཆུ་ཡིས་བསླུས་པ་སྟེ།།

འབབ་ཆུ་དྲོན་མོའི་རྒྱུན་དག་རྙེད།།

སོས་ཀའི་གཉིས་འཐུང་དབང་དེ་ལ།།

ལག་ལྡན་ཕྲུག་གུས་ལེགས་སྨྲས་ཀྱིས།།

མཁུར་འཛུམ་འཛུམ་དཀར་ཉེ་བར་བསྟན།།

འདི་ནི་བ་སྤུ་ཆུ་འཛིན་མའི།།

ཕང་བ་ལས་ནི་འོངས་པ་སྟེ།།

བ་ཚྭའི་ཆུ་འདིས་སྐོམ་པ་ལས།།

ཆེས་ཆེའི་སྡུག་བསྔལ་བྱེད་པར་ངེས།།

རྒྱབ་རིང་ཁ་ཆུའི་ཞགས་པ་དེ།།

རྐང་བའི་གྲུ་ཡིས་བརྒལ་ནས་ནི།།

ཁོར་ཡུག་རི་བོའ་མཚན་མ་ལས།།

དཀའ་ཐུབ་ནགས་ཚལ་ཕྱོགས་དེར་སོང་།།

རྒྱང་རིང་ནས་ཀྱང་རྒྱལ་པོ་མཆེད།།

ངོ་ཤེས་གྱུར་པའི་འདབ་བཟང་ཚོགས།།

སྡེ་དཔོན་བཅས་པས་མངོན་པར་བསུས།།

དེ་དག་ཆེམ་ཞེས་འཁོད་པ་ན།།

ཆོ་ངེའི་སྒྲ་བཅས་འཕུར་བ་དང་།།

བྲང་དག་ས་ལ་སྡེབ་ཅིང་འབབ།།

དགའ་བ་བཞིན་གྱི་མཆུ་སྒྲོས་ཀྱིས།།

ཕུ་ནུ་ལ་ནི་དོན་འདི་བསྙད།།

ཟས་ལ་བརྐམ་པའི་རོལ་རྙེད་མས།།

འདི་དག་སྒོ་ང་ཟོས་པར་ངེས།།

མཁའ་ལ་ལྡིང་བའི་གདུགས་དཀར་གྱི།།

འདབ་མ་གཡོ་ཞིང་ཉེ་པར་ཕྱིན།།

དེར་ནི་རྒྱ་མཚོ་ཆེན་པོ་ཡི།།

ལུས་ཀྱིས་བོར་འདྲའི་གཤོང་ཆེན་མཐོང་།།

ནགས་ཚལ་སཱི་ཏཱ་དང་བཅས་པ།།

ཡིད་ཀྱི་ཡུལ་དུ་མ་གྱུར་ཏོ།།

རྒྱལ་པོ་དགའ་བའི་རྩ་བ་ནི།།

ཆད་པས་རྐང་འཐུང་ས་ལ་འགྱེལ།།

ཚངས་སྤྱོད་དཔལ་ལྡན་ཡིད་བསྡུས་ཀྱིས།།

དྲི་བཟང་བསིལ་བས་གསོས་པ་ཐོབ།།

འབབ་ཆུ་ནར་བོའི་རྒྱན་ལུགས་དེ།།

གང་ལས་བབས་པའི་ཕྱོགས་དེར་སོང་།།

དེར་ནི་འཇིགས་རུང་དམར་སེར་ཅན།།

མི་རྒོད་འདྲ་ཞིག་མཐོང་བར་གྱུར།།

མི་ལྤགས་ཆུ་འཛིན་བར་ལས་ནི་

འོད་ཟེར་དམར་པོ་འཁྲུགས་ལྡན་པས།།

ཉི་མའི་གཟི་བྱིན་ཕམ་བྱེད་དེ།།

བསྟན་པས་མུན་པ་འཕྲོག་པ་བཞིན།།

རལ་བའི་རྡོ་རྗེ་མེ་ཆར་གཡོ།།

ལུས་སྐྱེས་རྔུལ་ཆུས་ལན་བུར་བཅིངས།།

དུས་མཐའི་རླུང་དབུགས་ངར་སྒྲ་ཅན།།

མཇུག་མ་ལྡན་པའི་སྲིན་པོ་བཞིན།།

གོམ་པའི་གྲངས་ཀྱིས་འཛིན་མའི་ཚད་བཙལ་ཡང་།།

ས་ཆེན་སྡར་མའི་ངང་ཚུལ་རྩིག་ངོས་ཀྱི།།

སཱི་ཏཱའི་རྐང་རྗེས་ལོ་འདབ་གསར་བའི་ཚོན།།

དཔའ་བོའི་ཆད་པས་འཇིགས་བཞིན་ཡོངས་མ་བཟུང་།།

དེ་ཚེ་མཁའ་ལ་གདོང་ཕྱོགས་ཉལ།།

རྐུན་པོ་འདི་ཞེས་བསྡིགས་པ་བཞིན།།

སོར་མོས་གཞུ་བདུངས་ཀུན་གསལ་མས།།

ངུད་མོའི་འབྲུག་གི་སྒྲ་ཆེན་ཤོར།།

མཆོག་མའི་བར་ལས་འོངས་པ་ཡི།།

རྡོ་རྗེའི་མེ་ཆར་ཚོགས་ཀྱིས་གང་།།

སྤྲེ་འུའི་རྒྱལ་པོ་ལྷུན་པོ་ཡི།།

སྤྱིུ་བོ་ངེས་པར་ཕམ་བྱེད་དེ།།

རལ་བའི་ལོ་འདབ་གཡོ་ལྡན་པའི།།

མགྲིན་བཟང་ལུས་ཀྱི་རྐང་འཐུང་ནི།།

གཞུ་རྒྱལ་མདའ་ཆེན་གྱིས་སྐྲག་སྟེ།།

སོར་མའི་ལྕུག་ཕྲན་སྤྱི་བོར་ཟུམ།།

སྤུ་ཕྲེང་སོག་ལེས་ལྗོན་ཤིང་འགུགས་བྱེད་ཀླང་ཆེན་སྨྱོན་པའི་མྱོས་བུམ་མཐོན་པོ་གསེར་གྱི་བྱང་བུ་རྡོ་རྗེའི་སྲད་བུས་མངོན་པར་བརྒྱུས་པའི་ཆོ་ག་ཅན།།

འཕྲོག་བྱེད་ཁྲོས་པའི་དཔུང་བ་གཏུམ་པོ་གྱེན་དུ་འཕྱར་བས་རལ་བའི་མེ་ཏོག་མཁའ་ལ་འཐོར་བྱེད་སྡེར་མོའི་མཚོན་རྣོན་ཐུར་དུ་འབབ་པས་ངེས་པར་འཇོམས།།

རྒྱབ་རིང་རོ་འཛིན་ཕུག་པའི་བསྲེག་ཟ་ཆེས་ཆེར་འབར་བའི་དུག་གི་མེ་ལྕེས་ལུས་ཅན་ཀཻ་རི་ཁ་བའི་ཕུང་བོ་ཉི་འོད་གོས་བཟང་གྱོན་པ་སྟེ།།

མི་བདག་སྙིང་གི་རི་སུལ་འདིར་ནི་དམག་དཔུང་གདུགས་དཀར་ལྷན་ཅིག་དོར་བའི་རྐང་གདུབ་གཡེར་ཁས་འཛིན་མའི་རྡུལ་ཚོགས་ལེན་པར་ཞུགས་འདི་རིགས་སམ་ཀྱེ།།

དེ་ཚེ་མི་དབང་མགྲིན་པའི་སྒྲས།།

དྲིལ་བུའི་སྒྲ་ལ་ཅོ་འདྲི་བྱས།།

ལག་པས་འཛིན་མའི་ཁོར་ཡུག་ནི།།

ར་བ་བཞིན་དུ་འཁྱུད་པ་དོར།།

ངལ་གྱིས་རྐང་པའི་རི་མོ་ནི།།

ས་ལ་འགོད་པར་བྱེད་ནི་ཉོན།།

རྒྱུ་སྐར་དབུས་སུ་བགྲོད་ན་ནི།།

ཟླ་བ་རང་སྲིད་ཉམས་བྱེད་པ།།

ས་ལ་ལང་ཚོའི་ཡོན་ཏན་གྱིས།།

གྲགས་ལྡན་སཱི་ཏཱ་ཁྱོད་ཤེས་སམ།།

འགྲོ་བློ་རྨོངས་པའི་འདམ་རྫབ་ཏུ།།

མདོག་ལེགས་དུག་གི་མེ་ཏོག་བྱུང་།།

མཛེས་སྡུག་ལ་ཆགས་སྦྲང་རྩི་དེ།།

བུང་བའི་རོ་འཛིན་ཉམས་བྱེད་དེ།།

རི་བོང་མཚན་མ་དེ་བཟུང་ནས།།

ཟླ་བ་བདག་གིས་ཉི་མ་ཡི།།

རྒྱལ་ས་ལ་སྲེད་དོར་བྱས་ཏེ།།

དཀའ་ཐུབ་མཁའ་ཡི་ནགས་སུ་འོངས།།

མ་རུངས་དབང་བོའི་གཞུ་ཡི་གཟུགས།།

འཛིན་པའི་རི་དྭགས་མཐོང་བ་ན།།

རྒྱུ་མངས་དབྱུ་གུ་འདི་འོས་ཞེས།།

སེ་འུ་ལྔ་ཟུང་འཛིན་དེས་སྨྲས།།

ནགས་ན་གནས་བཅས་གྲོང་འདབས་སེམས།།

ཆགས་པ་རྒྱས་ཤིང་རབ་ཞིས་སྟོབས།།

སོ་གཉིས་དོར་ནས་རི་དྭགས་འཛིན།།

གནས་མིན་གནས་སུ་བྱེད་འདི་ཞེས།།

ནགས་ཀྱི་རྗེ་བོའི་རྣ་ལོང་ལ།།

འཁྱུད་པར་འོས་པའི་རྒྱན་བཟང་བྱིན།།

ནོར་འཛིན་གདོང་གི་གཟུགས་བརྙན་ནི།།

གཙུག་གི་ནོར་བུས་འཛིན་བྱེད་ཅིང་།།

དེ་ཡི་གདུང་བའི་ཁུར་ཆེན་ཡང་།།

དེ་ཡི་ཕྲག་ལ་འཕོས་པས་ངལ།།

མགྲིན་པའི་རྐང་འཐུང་འདར་བ་ལས།།

སྐྲ་ཚོགས་ལོ་འདབ་གཡོ་བྱེད་ཅིང་།།

རེ་བས་བསྐྲུན་པའི་གུས་ལྡན་དེ།།

ཡི་གེ་ཉམས་པ་བྱེད་ཅིང་སྨྲས།།

མིང་རིས་པིར་གྱིས་རིང་ཞིག་བྲིས།།

ཆུ་རྒྱུན་བྲུབ་དུས་ཆུང་ངུར་བྱུང་།།

དེ་ཤེས་མེད་དེ་སེམས་མེད་དེ།།

མོ་མཆོག་ཡོད་དོ་ཅོག་ཐོས་སྒྲོགས།།

རཱ་མའི་མདའ་ལས་འགོངས་པ་ཡི།།

རི་དྭགས་ཡ་མཚན་ཆེ་བ་སྟེ།།

སཱི་ཏཱས་གདུང་བ་སྟེར་བ་འདི།།

ཀྱེ་མ་དེ་བས་ངོ་མཚར་ཆེ།།

ཡ་མཚན་འདི་འདྲ་སྤྲུལ་ཤེས་པའི།།

བྱེད་པོ་དེ་ཡང་བསྔགས་པར་འོས།།

ཐག་རིང་གནས་པའི་དགྲ་བོ་ནི།།

མཐུ་ཆེན་ཡིན་ཡང་འཇིག་པར་ནུས།།

སྙིང་ལ་རྩེ་མོ་ཅན་ཞུགས་ན།།

ཐབས་གང་གིས་ནི་ཞི་བར་བགྱིད།།

ཡང་སྨྲས་དང་པོར་ཕང་བ་ཡི།།

བྲང་འགྲོ་སྟོབས་ཆེན་འདི་གཞོོམ་བྱ།།

ཕྱོགས་ལས་རྒྱལ་བ་གཉིས་པ་ནི།།

བདག་གི་སོར་མོའི་ཅོད་པན་ནོ།།

དེ་གཉིས་བསམ་པའི་ཆུ་བོ་ནི།།

འདྲེས་ཏེ་གཤོང་བུ་དམའ་བར་ལྷུང་།།

གཤིན་རྗེའི་མཇུག་མ་འཛིན་དེ་གཉིས།།

ལྟོ་འགྲོ་དགྲ་བོ་གཞོམ་འདོད་བཞིན།།

ཕན་ཚུན་འཁྱུད་དེ་འཐབ་པ་ལས།།

འཛིན་མའི་ལྟོ་ལ་ངལ་བ་བྱིན།།

ནགས་ཚལ་ཕྲེང་པའི་ཚོགས་དག་ནི།།

རྡུལ་གྱི་གོ་སྐབས་ཐོབ་པར་གྱུར།།

ཀུན་གསལ་མཛེས་མ་འདར་ལྡན་མ།།

རྔུལ་འཚུབ་ཡོལ་བའི་ཕག་ན་འཆེལ།།

ལྷ་བུ་གཞོན་ནུ་འཛམ་གླིང་མེས།།

ཚིག་པའི་དུད་ཚོགས་ཡིན་ཞེས་སེམས།།

ཞེ་སྡང་ཚ་བས་གདུང་བ་ཡི།།

ལུས་ཀྱི་གངས་རི་ལས་འོངས་པ།།

རྔུལ་གྱི་འབབ་ཆུའི་ཀླུང་ཆེན་ཚོགས།།

རྒྱ་མཚོ་ཆེན་པོའི་གསོས་སུ་གྱུར།།

དགྲ་གཉེན་མགལ་མེའི་འཁོར་ལོ་ནི།།

མྱུར་བ་མྱུར་བར་འཁོར་བ་ན།།

ས་ཡི་བདག་པོ་མིག་ལ་ནི།།

ཨ་ལོང་བཞིན་དུ་དེ་སྣང་གྱུར།།

མྱུར་འགྲོ་ཀྲིཥྞ་སཱ་ར་ཡི།།

རྐང་བའི་འདེགས་འཇོག་སུ་ཡིས་བགྲང་།།

གདོང་བཞིའི་སྲང་གི་ཚད་ཀྱིས་ནི།།

མཉམ་པར་བྱས་པའི་ཤུགས་འཆང་དེ།།

ཕེག་རྡོབ་སྦྱོར་བའི་ལག་པ་བཞིན།།

སྒྲ་བཅས་ཕན་ཚུན་གྱེས་པར་གྱུར།།

ཉི་གཞོན་ཤར་གྱི་གྲོང་ལས་ནི།།

ལྟད་མོའི་སླད་དུ་ལྷགས་པ་གང་།།

མཐོན་མཐོང་མཁའ་ཡི་ཁང་བཟང་གི།

བ་གམ་རྩེ་ལ་འཛེགས་པ་དེ།།

གཡུལ་ངོའི་འཇིགས་པས་བྲེད་ཤ་ཐོན་པའི་སྤྱན།།

ཕྱི་བཞིན་གཟིགས་པ་དང་བཅས་རྟ་བདུན་ལ།།

བཞོན་ཏེ་བྲོས་པས་ནུབ་ཀྱི་རི་བོའི་སྟེང་།།

སླེབས་མ་ཐག་ཏུ་མུན་པའི་འོབས་ལ་བརྟེན།།

སྤྲེ་འུའི་དབང་པོ་ཤུགས་རིང་ལྕགས་ཀྱུ་ཡིས།།

ས་བདག་སྙིང་ལ་འདེབས་པ་བཞིན་དུ་འོངས།།

ཀྭ་ཡེ་ནམ་མཁའ་ལྡིང་གི་མགྲིན་པའི་ཕུག།

ནེ་ཙོའི་རོ་འཛིན་མཛེས་པ་འཛིན་འདི་མཚར།།

ལྷ་ཡི་ཆུ་བོ་རལ་བའི་ཡུར་བ་ལས།།

གྱེན་དུ་འགྲོ་འདི་དུག་ཅན་སྐལ་བས་ཐོབ།།

དེ་ཡི་ངན་སྨྲས་གོམ་པས་ས་སྤྱོད་ཀྱི།།

སྙིང་གི་ཐེམ་སྐས་ཡང་ཡང་འཛེགས་པ་ཉིད།།

དེ་ནི་བཅས་པ་ཉམས་པས་སྐྱེངས་ལྡན་ཞིང་།།

སྒྲིམ་མཁས་ལེ་ལོར་གྱུར་ཏེ་ངོ་ཚ་ནས།།

ས་ལ་ཆེས་ཆེར་རྟོག་ཅིང་ལྟ་བ་ཡི།།

བཀའ་ཉན་བྲན་བཞིན་གདོང་པ་དུད་པར་གྱུར།།

གྲོང་འཇོམས་དམར་སེར་སྤུ་ཕྲེང་ནི།།

རི་མོའི་གོས་ལ་ཆགས་པ་གང་།།

མགྲིན་བཟང་མགྲིན་པའི་གྲེ་འགྱུར་གྱིས།།

སྡོང་གྲོགས་ལྷུར་ལེན་གླུ་དབྱངས་བྱས།།

ཕྱོགས་ཀྱི་མགོན་གང་དཔུང་བ་ལ།།

མཁའ་ཡི་མེ་ལོང་རྟགས་འཛིན་པ།།

དེ་ཚེ་གྲོགས་ཁྱོད་སྒྲོ་ལྡན་གྱིས།།

ཉིན་མོའི་མགོན་པོ་འབའ་ལེར་བསྣུན།།

སྤྲེ་འུའི་མགོན་གཉིས་འཐབ་མོའི་སླད།།

ཞེ་སྡང་ལག་པ་འཁྱུད་པ་ན།།

སྟོབས་ལྡན་སཱི་ཏཱའི་བདག་པོ་ཡིས།

གཞུ་རྒྱལ་གནམ་ལྕགས་བྱིན་པར་གྱུར།།

ཨུཏྤལ་འདབ་མ་སོ་ལྡན་གྱི།།

མཆེ་བ་བསྣུན་པས་ལུས་བོར་པའི།།

རོ་ནི་དཀར་མོ་ཞེས་པ་ཡི།།

འབའ་ལེའི་དགའ་མས་གངས་རིར་ཁྱེར།།

མིག་ཡངས་མ་དེའི་མིག་ལས་ནི།།

རྒྱ་ཆེན་མིག་ཆུའི་རྒྱ་མཚོ་འཁྲུངས།།

དེ་ཡི་ཟེགས་མ་འཐོར་བ་དེ།།

རྒྱ་སྐར་ཕྲེང་སྟེ་མཁའ་ལ་རྒྱུ།།

མགྲིན་པ་བཟང་དང་དཀར་མོ་གཉིས།།

དགའ་དང་མྱ་ངན་ལྷན་ཅིག་སྟེ།།

གཞུ་འཛིན་རྗེ་བོས་རང་གི་ནི།།

མཆིས་བྲང་སྟོར་བའི་གཏམ་དེ་བསྙད།།

དབང་ཕྱུག་སྲས་པོ་ནགས་ཀྱི་རྗེ།།

ལྟ་བྱེད་གསུམ་པ་ཡབ་ཀྱི་རིགས།།

ཧ་ནུ་མན་ཐ་དྲེགས་པ་ཅན།།

མགྲིན་བཟང་བྲན་ཡིན་དེས་དེ་ཐོས།།

ཤ་ཟའི་ཡུལ་དུ་བགྲོད་འདོད་པས།།

མཆོངས་པ་ཆེན་པོ་གཅིག་བསྐྱོད་དེ།།

རྩལ་ཆེན་རླུང་ཡབ་འཕུར་ལྡིང་གིས།།

དྲི་བཞོན་བདག་པོའི་གྲོང་ཁྱེར་སླེབས།།

མ་ནི་རླུང་ལྷའི་རིགས་ཡིན་ཏེ།།

རླུང་གི་བདག་པོས་བཟའ་བ་དང་།།

བཅའ་བ་ལྷག་པར་བཅས་པས་མཆོད།།

སླར་ཡང་ཕྱི་རྗེས་གོམ་པ་ནི།།

ཆུ་གཏེར་ཕྱི་ཕྱིར་ལོག་པ་བཞིན།།

དོར་ཏེ་མགྲིན་བཅུའི་སྐྱེད་མོས་ཚལ།།

སཱི་ཏཱའི་བཙོན་ཁང་ར་བར་ཕྱིན།།

རཱ་མ་ཎ་ཡི་སོར་གདུབ་ཀྱི།།

རྟགས་ལས་དེ་ཡི་ཕོ་ཉར་ཤེས།།

རལ་ཁུར་སྤྱན་སྲས་རལ་བ་སྣུམ་པོས་ཡབ་ཀྱི་གཞུང་བཟང་རྗེས་སུ་ཞུགས་པ་སྐྱེད་བྱེད་མའི།།

ཛ་ཧུའི་བུ་མོ་རྟག་ཏུ་འཁྱིལ་དེས་རཱ་མའི་ཡིད་ལ་རིང་ནས་གནས་བཅས་དྲི་མའི་རྒྱུན།།

འཁྱུད་པའི་གེགས་སུ་བཙོན་ཁང་མ་མ་དེ་ཡིས་རབ་བརྙས་སེམས་ཀྱི་རྙོག་པའི་ཚོགས་དེ་ཡིད་འོང་དང་།།

 ཕྲད་པ་རྙེད་དཀའ་ལྕགས་ཀྱུས་ནོན་པའི་ལག་ལྡན་གཞོན་ནུ་རང་གི་དགའ་མའི་བདེ་བ་བཞིན།།

དོན་མང་བྱ་བས་གོམ་པའི་འགྲོས།།

འཁྱོར་བ་འདི་དག་བྷ་ར་ཏའི།།

འཁར་བ་ལ་བརྟེན་གྲོག་མཁར་གྱི།།

རྗེས་འབྲང་ལོང་བ་བརྒྱུད་པ་ཉིད།།

དམོད་པའི་ཆང་གིས་མྱོས་པ་ཡི།།

བ་ཤི་ཥྠ་ནི་ཐིག་ལེ་ཅན།།

དུས་སྦྱོར་རལ་གྲིའི་འཕྲུལ་འཁོར་གྱི།།

རང་གི་ཕྱོགས་འདི་ཉམ་པ་ཐོབ།།

སྣ་ཚོགས་མདོག་ཅན་འདམ་གྱི་མངལ།།

འཛིན་ཀྱང་རྡུལ་དང་བྲལ་བ་དེས།།

སྨྲ་སྔགས་དེ་སྨྲས་སླར་སྨྲས་པ།།

ཆེན་པོ་རྒུད་ཀྱང་ཆོམ་རྐུན་པ།།

ཉམ་ཐག་འབྲོས་པའི་ངང་ཚུལ་གྱི།།

རྗེས་སུ་བསྙེགས་པ་གནས་མེད་དེ།།

དཔའ་བོ་ཤི་བ་མཆོག་ཡིན་གྱི།།

གཡུལ་ངོར་འབྲོས་པ་དེ་ལྟ་མིན།།

བདེར་སྐྱེས་སྐྱེད་ཚལ་རྐང་འཐུང་ཚོགས།།

ནགས་ཀྱི་གར་མཁན་སྤུ་ཕྲེང་གི།

སོག་ལེའི་ཕྲེང་བས་གཟེར་གྱུར་པ།།

སོ་ལྡན་སོས་བཟུང་འདམ་བུ་བཞིན།།

རྩྭ་དང་ཤིང་དང་གེལ་བ་དང་།།

འདམ་སྐྱེས་འཇིགས་པས་སྙེམ་པ་རྣམས།།

སྤྱི་བོ་ས་ལ་སྦྱར་ནས་ནི།།

སྤྲེ་འུའི་དབང་པོར་ཕྱག་འཚལ་བྱེད།།

གསོད་བདག་སྐྱེས་རྣམས་མྱུར་གསོད་བྱེད།།

ཉིན་མོ་རྒྱུ་བའི་སྲིན་པོ་ནི།།

དབང་ཕྱུག་མཇུག་མ་ཅན་དེ་ཡི།།

རྗེ་འགྲོ་འགྲོ་བའི་གོ་སྐབས་ཕྲོགས།།

མཐར་བྱེད་དབྱུག་ཏོ་ཕམ་བྱེད་པའི།།

མཆེ་བ་རྣོན་པོ་བླ་འོག་རྣམས།།

མི་ཕྱེད་ཕྱག་རྒྱ་བཅིངས་པ་འདི།།

དྲི་བཟང་ལྟེ་བ་ཅན་གྱི་ནི།།

ཁ་ཡི་ཕུག་པར་གནས་འོས་ཞེས།།

གྲོང་གི་བུད་མེད་ཚོགས་རྣམས་སྒྲོགས།།

མཚན་རྒྱུའི་བཟའ་ཤིང་ནགས་ཀྱི་ཚལ།།

དོ་རྭར་ནགས་ཀྱི་གར་མཁན་རོལ།།

ལས་ཀྱི་ལྕགས་སྒྲོག་མགུལ་རྒྱན་ནི།།

མགྲིན་པའི་རང་བྱུང་རྒྱན་དུ་བླངས།།

གཤོག་པ་ལྡན་ཡང་ལས་ཀྱི་ནི།།

མཁའ་ཡི་ཕ་རོལ་འགོམ་མི་ནུས།།

རྒྱུག་མཆོང་ཐིག་ལེ་ཅན་དེ་ཡི།།

སྤུ་ཉག་རེ་རེར་སྣ་ཚོགས་མདོག།

སྦྲང་བུའི་ཚོགས་ནི་ངལ་བ་བཞིན།།

འདར་ལྡན་ལག་པས་འབད་དེ་བཟུང་།།

རི་དྭགས་དབང་པོ་རང་ལུས་ཀྱི།།

རྨ་ཡིས་ཉེན་མཐར་སྦྲང་བུས་འཇོམས།

ཕྱོགས་ཀྱི་འཁོར་ལོ་གཟེར་བུ་དང་།།

འབྲེལ་ཏེ་དགྲ་ཡི་དཔུང་གིས་མནན།།

ཤ་ཁྲག་ཟ་འདོད་པ་དག་གི།

སྲོག་ལ་ཐུབ་མཆོད་བརྩམས་པ་ན།།

ཚེ་ཡི་དངོས་གྲུབ་སྦྱིན་བྱེད་པའི།།

བདུད་རྩིའི་རྒྱ་མཚོ་ཁ་ལས་ལུད།།

ཀྭ་ཡེ་ལྟོས་ཤིག་ནགས་ཁྲོད་ཀྱི།།

བདག་པོ་ཉེས་པ་བྱེད་པ་ལ།།

འགོང་བ་མི་ནུས་བྱེད་པོ་ཡི།།

ཁྲིམས་ལུགས་ངེས་པ་གཉིས་ཡོད་དེ།།

དེ་ལས་འགོང་ན་དྲག་པོ་ཡི།།

དམོད་པས་ཁྱེད་ཅག་ཅིག་ཆར་འཇོམས།།

དམྱལ་བ་རྣམས་དང་སྟོབས་ལྡན་དང་།།

ལྷན་ཅིག་ས་འོག་བཙོན་རར་འཕེན།།

གང་ཡང་མར་མེ་སྣུམ་གྱིས་ནི།།

དངངས་ཏེ་འཆི་བར་བྱེད་པ་སྟེ།།

གཉེན་དུ་འོས་པའི་དགྲ་འཇོམས་ན།།

སྐབས་གསུམ་པ་འོས་བཟང་བ་དང་།།

བཏུང་བ་ལྡག་པར་བྱ་བ་ཡིས།།

ཤིན་ཏུ་འབྲངས་པར་བྱས་ཏེ་བསད།།

ཆུ་ཀླུང་ཚོགས་ཀྱིས་ཆེར་གང་བའི།།

རྫིང་བུ་བདེ་བར་གནས་པ་མིན།།

ཅི་ག་མི་བཟད་ཉེས་པ་ཡིས།།

བློ་ཆེན་སྲོག་ནི་འགོག་པ་ནི།།

སྣུམ་ལྡན་རས་ཀྱིས་འཁྱུད་པ་ཡིས།།

མཇུག་མའི་རྐང་འཐུང་སྲེག་ཟས་འཇོམས།།

ཨེ་མ་བློ་ལྡན་བདེན་སྨྲ་ཡི།།

དགྲ་བོའི་ངག་ནི་སུ་ཡིས་འགོངས།།

ལྷ་རྣམས་དགའ་བ་མཚོན་ཆ་ཅན།།

མཆེ་རྣོན་རྣམས་ནི་སྤྲེ་འུའི་གཞུ།།

འབབ་སྟེགས་ཆེན་པོ་བསྟེན་གྱུར་པ།།

གཙང་སྦྲ་ལྷུར་ལེན་དྲང་སྲོང་བཞིན།།

ལི་ཤིའི་ཆུ་གཏེར་མངལ་ལས་ཐོན།།

རྒྱ་སྐྱེགས་རང་བཞིན་ཕོ་བྲང་དེ།།

པདྨ་རཱ་གའི་ལྷུན་པོ་བཞིན།།

དེ་ནས་སྙིང་པོ་གྱུར་པ་ཡི།།

རིན་ཆེན་སྦུར་ལེན་ཁང་བརྩེགས་ནི།།

དཔའ་བོ་མགྲིན་བཅུའི་གཞལ་ཡས་ཁང་།།

མདའ་ལྔ་པ་ཡི་འཇུག་ངོགས་ཏེ།།

བརྒྱ་བྱིན་ཡིད་ཀྱི་ལྕགས་ཀྱུ་འོ།།

མཚལ་དང་ཨིན་དྲ་ནཱི་ལ་དང་།།

མརྒད་གསེར་གྱི་ཁ་བསྒྱུར་བའི།།

ལ་ཅའི་གྲོང་དང་གྲོང་ཁྱེར་ཕྲེང་།།

འཛིན་མའི་འཇའ་ཚོན་གོས་བཟང་བསྟེན།།

གང་གི་རྔ་མ་རི་བོ་ཡི།།

གཏོས་དང་མཉམ་པའི་རས་ཀྱིས་གཡོགས།།

དེ་ཡི་འབྲུ་མར་རྒྱ་མཚོ་འཐུང་།།

དེ་ལས་དུས་མཐའི་མེ་ལྟར་སྦར།།

རྒྱུག་མཆོང་རྒྱུག་ཅིག་མཆོང་བ་ཡིས།།

རྔ་ཡབ་གླིང་དེ་འཁྲུགས་པར་བྱས།།

ཉིན་བྱེད་བདུན་དག་ཤར་བ་ཡི།།

ནགས་ཚལ་ཆེན་པོ་བཞིན་དུ་འབར།།

ཏག་ཅེས་སྒྲོགས་པ་རྩེ་མོ་ཅན།།

ཚངས་པའི་འཇིག་རྟེན་ཟ་བར་རྩོམ།།

རྔ་ཡབ་གླིང་ནི་གྲུ་གསུམ་སྟེ།།

མངོན་སྤྱོད་མེ་ཐབ་དེ་ནང་དུ།།

སྲིན་པོ་ཚོགས་ཀྱི་ཡམ་ཤིང་ལས།།

དྲག་པོའི་བུ་ཡིས་སྦྱིན་སྲེག་བྱས།།

སྔོན་མེད་རིགས་སྔགས་མཁན་དེ་ཡིས།།

དགྲ་བོའི་འཁྲུལ་འཁོར་སྦྱོར་བས་བཅོམ།།

སྐྱེ་དགུ་རྣམས་ལ་ནམ་དུ་ཡང་།།

སྲིན་པོའི་འཇིགས་པ་མེད་པར་བྱས།།

རྔ་མའི་སྙིང་པོ་འབར་བྱེད་ནི།།

རེག་པ་རྩོམ་ཚེ་གཞིལ་བའི་སླད།།

དུག་ཅན་ཕང་པ་འཇུག་རྩོམ་པ།།

དུག་སོ་སྐྲག་པའི་དབུགས་ཀྱིས་བཅིལ།།

ཀུན་གསོད་དགྲ་དེས་མཆོངས་གཅིག་གིས།།

རཱ་མའི་དྲུང་འོངས་གཏམ་བསྙད་དེ།།

ཡན་ལག་བཞི་ལྡན་དཔུང་གི་རྡུལ།།

ཆུ་མཐོངས་འགོག་པ་ཉེ་བར་བཤམས།།

འཛམ་བུ་གླིང་དང་དེ་ཡི་བར།།

ཆུ་སྲིན་འབྱུང་གནས་དར་བ་དང་།།

ཆེ་བའི་ཆུ་ལ་སྤྲེལ་ཚོགས་ཀྱི།།

རྐང་འཐུང་ཟམ་པས་སྒྲོལ་བས་ཆས།།

དྲང་སྲོང་གྲོག་མཁར་ཞེས་བྱ་བ།།

རྒྱ་མཚོའི་འགྲམ་གྱི་བསམ་གཏན་པ།།

དེ་ཡིས་ཉ་མིད་ཅེས་བྱ་བ།།

ཆུ་སྲིན་ཉ་མིད་སྟོང་གསུམ་གྱི།།

སྟོང་ཆེན་ལུས་ཀྱི་ཚད་འཛིན་པའི།།

ཟམ་པ་ཆེན་པོ་ཉེ་བར་བཙུགས།།

འབར་བའི་ལྷག་མ་སྒྲ་སྒྲོགས་ནི།།

དཔུང་ཚོགས་ཕྲུ་མ་བཏབ་སྟེ་གནས།།

མ་རྒད་དོགས་པ་གསེར་གྱི་བྲང་འགྲོའི་ལྟོ་ཡིས་འཁྱུད་ཅིང་ཀེ་ཀེ་རུ་ཡི་མིག་དག་རིག་རིག་གློག་གི་ལྕེ་གཡོ་བརླ་ཡི་ངོས་ལ་རྣམ་པར་འཕྱང་།།

ཉག་ཕྲན་ཚོགས་ནི་མཐེབ་ལོང་སྦྱོར་བའི་འཕྲུལ་འཁོར་གཤོག་པའི་སྒྲོ་ལྡན་གནམ་དུ་རྒྱུག་ལ་ལྟོས་པ་མེད་ཅེས་འགྲན་པ་བཞིན་དུ་མཆོང་བར་རྩོམ།།

གཞུ་རྒྱུད་མཆོག་མའི་ཆུང་མ་ལ་རོལ་དྲེགས་པའི་ང་རོས་སྤྲིན་གྱི་སྒྲ་ལ་དམན་པ་ཉིད་སྟེར་འོན་པའི་ཚོགས་ལ་སྒྲ་དབྱངས་སྟོན་བྱེད་རུ་མཚོན་འཕྱར།།

མེ་ལྕེ་སྟོང་གི་དྲ་བ་འཁྲིགས་པའི་རལ་གྲི་འབར་དང་རལ་གྲི་གཞོན་ནུ་ཆུ་གྲི་དང་ནི་ཀ་ན་ཡ་སོགས་ལོང་ལོང་གཡོ་ཞིང་ཐམ་ཐམ་ཟུག་པས་ཕྱོགས་ཀུན་འགེངས།།

རིག་དང་སྒྱུ་རྩལ་མཐར་སོན་པར།།

དགྲ་འཐབ་མཁས་པ་དཔའ་བོའི་ཚོགས།།

འབྲོས་པ་ལྟ་བུ་སྟོན་ཅིང་འདེགས།།

ས་ལ་འབྱར་ཞིང་ཉལ་བར་རྩོམ།།

འདར་བ་ལྟར་སྟོན་གཡེར་བག་བྱེད།།

བཟུང་ཞིང་བཟུང་ཞིང་བསྙེན་པར་དང་།།

ཀྱེ་ཀྱེ་ཧམ་ཧམ་ཆོམ་ཆོམ་ཞེས།།

ཁྲག་རྒྱུན་འཛག་ལྡན་སོ་སྒྲ་འབྱིན།།

ཡ་ལད་ཚོགས་ནི་དངུལ་དཀར་གྱི།།

དྲི་མེད་མེ་ལོང་བཞིན་དུ་འབར།།

རྔུལ་གྱི་ཐིགས་པ་རྒྱས་པ་ཡིས།།

གསེར་ལྡན་མ་ལ་བསང་གཏོར་བྱེད།།

རབ་ཏུ་ཚོ་རྣམས་འགགས་ཏེ་འགྱེལ།།

སྡར་མ་འབྲོས་པའི་གདོང་དང་ནི།།

དཔའ་བོ་གཡུལ་དུ་ཞུགས་པ་ཡི།།

གདོང་པ་འཐབ་པའི་ཕེབ་རྡོབ་ཀྱིས།།

ནམ་མཁའི་ངོས་ཀུན་རལ་བ་བཞིན།།

སོ་ལྡན་སྣ་ཞགས་བསྐྱོད་པ་ཡིས།།

ལ་ལ་ལྷ་ཡི་མདུན་སར་འཕེན།།

འགའ་ཞིག་སྡང་བའི་སེམས་དམྱལ་མེ།།

རང་ཉིད་སྲེག་པའི་ཕྱིར་དུ་སྦོར།།

གང་ཚེ་རང་གི་ཕ་ཡི་གྲོས།།

གོམས་པ་དམར་སེར་ཅན་དབང་གིས།།

མགྱོགས་འགྲོའི་མགོ་བྲལ་སྒྲ་སྒྲོགས་ནི།།

འཆི་བར་འགྱུར་བ་དེ་དེ་བསྙད།།

གཞུ་འཛིན་དབང་པོ་རཱ་མ་ཎས།།

གཞུ་རྒྱལ་མཐེབ་ལོང་སྦྱོར་བ་བྱས།།

མཚུན་གྱི་ལྷ་ཡི་མཚོན་རྣོན་ནི།།

མཆོག་གི་མགྲིན་འཁྱུད་རྫུ་འཕྲུལ་འཛིན།།

རྔ་ཡབ་གླིང་རྗེ་མཐོ་རིས་ཀྱི།།

ཐེམ་སྐས་ཞབས་ཀྱི་བརྟེན་པར་ཐོབ།།

བ་ཤཥྛ་ཡི་དུས་སྦྱོར་ནི།།

བསླུ་མེད་རིག་པ་ངེས་པ་བྱས།།

ཁྲག་གི་དམར་བའི་རྒྱ་མཚོ་ནི།།

བ་ལང་རྗེ་བཞིན་འགོངས་བྱས་ཏེ།།

རང་གི་ཡུལ་དང་བཀྲ་ཤིས་དང་།།

མཆིས་བྲང་ལྷན་ཅིག་ཐོབ་པར་གྱུར།།

ས་བདག་རྒྱ་མཚོ་འཕེལ་བྱེད་དེ།།

ལང་ཀའི་མགོན་པོ་སྒྲ་ཅན་གྱིས།།

བསྒྲིབས་ཏེ་གསང་བདག་ནགས་ཚལ་གྱི།།

ཟློས་གར་མཁན་པོའིརྡོ་རྗེས་བཅོམ།།

ཡོངས་འདུ་རྐང་འཐུང་འོ་མའི་ན་ཆུང་མརྒད་ཁུ་བའི་གོས་གྱོན་ཞིང་།།

མཁའ་འགྲོའི་ཕྲེང་བ་སྤུ་སྡུག་རྣམ་བཀྲ་བདེ་སོགས་དགའ་བའི་གཞུ་ཕམ་བྱེད།།

དེ་དག་གླུ་དབྱངས་པི་ཝང་སྒྲ་སྙན་པད་སྐྱེས་མགྲིན་སྒྲ་ཤང་ཤང་སྐད་སྙན་བསྲེས་པ་སྒྲོགས།།

བསམ་གཏན་གནས་འདི་འབྱུང་བོའི་ཀུན་རྟོག་གཡོ་མེད་ཏིང་འཛིན་གོམས་པར་བྱེད།།

ལྭ་བ་དཀར་པོའི་རྡོ་ལེབ་སྟེང་།།

རི་འཇོམས་ཀུན་དགའི་རོལ་བ་འཛིན།།

དེ་ཡི་རྣམ་སྒེག་དམན་པ་ཞེས།།

གྲུབ་པའི་ས་དེ་ཁོང་བཞད་བགྱིད།།

རབ་དགའི་དགའ་སྟོན་དཔལ་འབྱོར་འདི།།

ལག་ལྡན་ཆུང་མ་གཡོ་མེད་དུ།།

རྟོད་ཐག་གདགས་སའི་དབྱུག་པ་སྟེ།།

ཐིག་ལེ་ཅན་གྱི་ཡིད་འཛིན་གྲོང་།།

འདི་ལས་གཞན་ན་ཐར་བ་ཡི།།

བདེ་བ་གྱ་ནོམ་རྫུན་ཡིན་ཞེས།།

ཆོས་དཀར་རྒྱ་ཆེན་མཁྱེན་པ་རྣམས།།

བཟླས་བརྗོད་ཕྲེང་བས་སོར་མོ་བྲེལ།།

བསྔགས་འོས་བསྔགས་པར་མི་བྱེད་པར།།

བདག་ཅག་ཁ་ཡི་ཁང་བཟང་ན།།

བདེ་བར་གསོས་པ་དོན་མེད་ཅེས།།

རོ་འཛིན་ཚོགས་འདི་ཅིག་ཅར་སྒྲོགས།།

བུ་རམ་ཤིང་ནི་ཁ་བ་དང་།།

བདུད་རྩི་རོ་བྲོ་མེད་བགྱིད་པ།།

རབ་བསིལ་མ་དང་འགྲོགས་པ་ཡི།།

རབ་དཀར་འདི་ཡིས་ཟླ་བ་འཇོམས།།

དཔའ་བོའི་རྒྱ་ལས་ཐར་བ་ཡི།།

རི་བོང་གཞོན་ནུའི་གདོང་བ་ནི།།

རྒྱབ་ཏུ་ཕྱོགས་ཤིང་རྒྱུག་ལྡན་པ།།

མང་པོའི་མདོག་ཅན་འགའ་ཞིག་ནི།།

སྒྲ་སྒྲོགས་རྗེས་སྐྱེས་ཡིད་འཇོག་གང་།།

ཨུ་པ་ཀརྞ་ཡི་དྲུང་དུ་སོང་།།

འོ་དོད་འབོད་པ་བརྒྱ་བྱས་ཀྱང་།།

ཏིང་འཛིན་གཡོ་བར་མི་ནུས་ཏེ།།

སྡུག་བསྔལ་ཡུས་ཀྱིས་བརྣངས་པ་ཡིས།།

ཏབ་ཏབ་པོར་གྱུར་དེ་དག་གིས།།

ཁྲོ་ཆུ་ཚ་བས་རྣ་བ་ཡི།།

བུ་ག་རྣམ་པར་སྲེག་པར་གྱུར།།

བསམ་གཏན་ཆང་གིས་མྱོས་པ་ལས།།

སངས་པ་དེ་ལ་ཤི་བ་དང་།།

རྗེས་མཐུན་ལོ་རྒྱུས་གཏམ་སྨྲས་པ།།

མཁྱེན་པར་མཛོད་ཅིག་ལུས་ཀྱི་མགོན།།

ཀྱེ་མ་དྲག་པའི་མཆོད་སྦྱིན བརྒྱའི།།

ཉི་མ་ལས་ནི་དཀའ་བཟློག་མའི།།

དམོད་པ་མེ་ཁྱེར་སྟོབས་ལྡན་ཏེ།།

ཝ་ཡིས་གདོང་ལྔ་ཕམ་བྱས་བཞིན།།

སྤྲེ་འུའི་ཚོགས་ཀྱིས་སྲིན་པོ་བསད།།

རྔ་ཡབ་དུར་ཁྲོད་ཆེན་པོར་གྱུར།།

ཞི་བར་འདོད་པའི་རྩེ་མོ་ཅན།།

རླུང་གིས་གཙུབས་ན་འབར་གྱུར་ཏེ།།

མེ་དང་འགྲོགས་ན་ཙན་དན་ཡང་།།

སྲེག་པར་བྱེད་པ་བསྐྱེད་པར་ངེས།།

མིག་སེར་ཞེས་བྱའི་ནད་བྱུང་ན།།

ཟླ་བ་རང་ཉིད་གསེར་དུ་སྟོན།།

ཞི་བ་པ་དེ་འཁྲུགས་ནས་ནི།།

སྣ་བུག་གཉིས་ལས་དུས་མཐའ་ཡི།།

མགྱོགས་འགྲོ་དམར་པའི་བཞོན་པ་ཅན།།

རྡུལ་ཚོགས་འཁྱེར་བའི་དཔུང་གི་ཚོགས།།

སྤྲོས་པས་སྤྲེ་འུ་རྒྱལ་པོ་དང་།།

རྒྱལ་པོ་ལས་གཞན་ཀེང་རུས་བྱས།།

གང་ཡང་དབུལ་བའི་ཁུ་ཚུར་གྱིས།།

དངུལ་ཆུའི་ཐིགས་པ་བཅིངས་པ་བཞིན་།།

དམ་པ་རྣམས་ཀྱི་ཡིད་ལས་ནི།།

ཁྲོ་བ་རིང་དུ་མི་གནས་སོ།།

བསམ་གཏན་ཟས་ལ་སྲེད་པ་དེ།།

གཡེང་བར་གནས་པ་གནས་མེད་དེ།།

མ་ཡི་ལ་དུ་ལ་སྲེད་པའི།།

བྱིས་པ་ཤེས་ལྡན་ངལ་བ་མིན།།

ན་རའི་བུ་དང་མི་འདྲའི་དཔུང་ཚོགས་རུས་པའི་ལུས་ཅན་གངས་རི་ཕམ་བྱེད་རང་རང་ལུས།།

མཐའ་དག་སོ་ཡི་ཕྲེང་བ་ཉིད་བགྱིས་གཡུལ་ངོའི་རྨད་བྱུང་རང་ཕྱོགས་དགེ་ལ་དགོད་པ་བཞིན།།

དཔའ་ཆེན་ཧ་ནུ་མན་ཐའི་ཡབ་ཀྱིས་དུར་ཁྲོད་ཀེང་རུས་འོད་རིས་སྐལ་བཟང་བྱེད་པའི་སྨན་།།

ཛ་ཧུའི་བུ་མོ་འོ་མའི་བཅུད་འཛིན་ལྷ་ཡི་རི་བོ་ཛསྦུ་པྲཀྵའི་འབྲལ་མེད་གྲོགས།།

བྱ་བ་བྱས་གང་སྲིད་པའི་སྦྱོར་བྲལ་ཡན་ལག་འབྱུང་ཞེས་ངུར་སྨྲིག་ཚོན་གྱིས་ཕྱོགས་དག་ལ།།

འོད་དམར་འགྲེམས་མཛད་སེམས་ཀྱི་དབང་ཀུན་ཕ་རོལ་སོན་གྱུར་འཁོར་ཚོགས་དད་སྤྲོ་ལག་ས྄ོར་ཟུམ་པས་སྙིང་ཁ་མཛེས།།

དེ་དག་ནམ་ཡང་དགེ་ལས་མི་གཡོ་སྐྱིལ་ཀྲུང་འཛིན་བྱེད་ཚངས་པའི་བསྟི་གནས་གྲུབ་པའི་གྲོང་།།

ཉི་མས་བརྗེད་བྱས་ཟླ་བའི་ཕོན་པོ་རྩི་ཐོག་ཚོགས་ནི་ནག་པོ་བརྩེགས་འཇོམས་རྒྱ་མཚོའི་བཅུད།།

བྱེ་བའི་སྙིང་བོ་བདུད་རྩིའི་བུམ་པ་མྱུ་གུ་རེ་རེའི་ཁུ་བས་ཁེངས་བྱེད་འཆི་མེད་ཟས།།

ཨེ་མ་འདི་ཡིས་མགྲིན་སྔོན་མགྲིན་པ་དུང་དུ་སྒྱུར་བྱེད་དེ་དག་རྔ་ཡབ་རྩེ་མོས་མཆོད།།

ནགས་ཚལ་བདག་པོའི་མཆོང་གར་གྱིས།།

དཔལ་ལྡན་གངས་རི་ཏི་སེ་བསྙེན།།

སྨན་གྱི་རིག་བྱེད་མ་གོམས་པ།།

དེ་ཡིས་འདོད་པའི་འབྲས་མ་རྙེད།།

སྲེད་མེད་བུ་ཡི་སྟོབས་འཆང་བས།།

གངས་རིའི་མགོན་པོ་ཡུངས་འབྲུ་བཞིན།།

ལག་པའི་མཐིལ་དུ་བཀོད་ནས་ནི།།

ཤ་བྲལ་ནད་པའི་ཚོགས་དབུས་ཕྱིན།།

ལོ་བརྒྱང་བསྐམས་པའི་འཁྲི་ཤིང་ནི།།

སྐལ་ལྡན་ཤིང་རྟའི་རྒྱུན་འབབ་པས།།

སྐད་ཅིག་ཉིད་ལ་ལང་ཚོ་ཡི།།

མེ་ཏོག་ཕོན་པོས་རྣམ་པར་མཛེས།།

དགའ་མའི་ཁ་ཡི་བུར་ཆང་གིས།།

མྱོས་པའི་སྔོ་བསངས་བ་ཀུ་ལ།།

སོ་ཕྲེང་གེ་སར་གསལ་བ་ཡི།།

གད་མོས་འཛིན་མའི་ཁོར་ཡུག་འགེངས།།

གང་གིས་རེག་ན་ཉེས་བརྒྱ་ཡི།།

རྒུད་པ་དྲུངས་ནས་འབྱིན་པའི་སྨན།།

དམ་ཆོས་རིན་ཆེན་དང་མཚུངས་པར།།

ཀུན་དགའི་གཏེར་དེས་མཐའ་དག་ཚིམ།།

གང་གི་རུས་པའི་དུམ་བུ་ཡང་།།

མདའ་ལྔའི་བུ་མོ་སྐྱེངས་པའི་ལུས།།

བྱེད་པ་འདི་ཡིས་རྟོག་འདོད་ལ།།

ངོ་ཚ་སྟེར་བས་གངས་རི་ཁེངས།།

མཐོང་ཐོས་རེག་པས་འཆི་བ་སེལ་བའི་མཐུ་ལྡན་མིང་གི་སྒྲ་ཆེན་རིང་བོར་གྲགས་ལྡན་རྒྱལ་བའི་མྱུ་གུའི་ཆུ་གཏེར་མཆོད་ཡོན་ཟེགས་མ་ཅན།།

གང་གི་ལྟོ་བར་རྐང་བ་རབ་བསྣོལ་མི་དེ་དག་ཀྱང་ཞི་བའི་རོས་ཚིམ་ས་སྲུང་བུ་ཡི་འདྲེན་བྱེད་ཆུ་ཤེལ་ལི་ཁྲིའི་རྡུལ།།

རྣམ་བཀྲའི་འོད་ཟེར་འོད་ལྡན་དུ་འཁྲུལ་སྔོན་གྱི་ལྷ་ཡི་གླང་ཆེན་དྲེགས་པ་ཆུ་དང་གཅི་བ་གང་དགར་ཟག་ལྡན་སྲིད་པ་ཡི།།

ཐོར་ཅོག་མཆོག་འདིས་བདུད་དང་མི་སྟེགས་ཀ་ལན་ཏ་ཀའི་གཤོག་པ་ངལ་བྱེད་ཛམྦུ་ནཱ་དའི་རྐང་འཐུང་གིས་བརྟེན་མ་ཕམ་མཚོའི།།

ར་བར་གནས་བཅས་དཔལ་མོ་ཁྱབ་འཇུག་ཆགས་པའི་ལག་སོར་ལས་གཞན་རྩོད་པར་ནུས་མིན་འཁོར་བསྒྱུར་རྒྱལ་པོའི་ཞབས་མཐིལ་ས་ལ་མིིན།།

ཙ་ཏ་ཀ་ཡི་གདུང་བ་སེལ་བྱེད་བསིལ་བའི་ཆུ་ནི་མཁའ་ཉིད་ལས་ཞེས་ས་སྤྱོད་ཀྱིས་སྨྲས་སྟོབས་ལྡན་དམར་སེར་རྗེ་ལ་འོ།།

གཞན་དོན་སྦྲང་རྩི་ཁོ་ནའི་སླད།།

འཇུག་ལྡོག་འཕུར་ལྡིང་གིས་ངལ་ཏེ།།

ལག་པ་ལག་ལྡན་ཁྲོས་པ་ཡི།།

སྣ་ཞགས་ལྟ་བུའི་གངས་རི་འཕངས།།

མོན་སྲན་རྡེའུ་འཕར་འདྲ་བ།།

ལུས་ངན་ཕྱོགས་ཀྱི་རྡུལ་བརྩིགས་དབང་།།

མགོ་བོ་ཡོན་པོ་དུད་ནས་ནི།།

སློབ་མ་མཁན་པོའི་མདུན་སར་བཞིན།།

རྣམ་དཔྱོད་རྣམ་པར་ཡངས་པའི་ཁྱོན་གྱིས་ནམ་མཁའི་ཚད་འཇལ་རྒྱ་ཆེན་ཀུན་མཁྱེན་མཁྱེན་པའི་དཔེ་ཡིས་རྗེས་སུ་དཔག་བྱ་ཤེས་བྱའི་དཀྱིལ་འཁོར་ལག་པའི་མཐིལ་གང་མངོན་སུམ་ཉིད་དུ་གསལ་བྱེད་པ།།

ཟླ་མེད་འདི་ཉིད་བླ་མ་ཡང་ནི་བླ་མ་མིན་བྱེད་ཁྱབ་འཇུག་དངངས་པས་སོར་མོའི་ཚོགས་ཀྱིས་འཁོར་ལོ་སྟོར་ཞིང་ཀུན་ལས་རྒྱལ་བའི་བེ་ཅོན་ཅན་ནི་དབྱུག་གུ་བྲལ་བའི་ལོང་བ་ཉིད།།

ཕྱོགས་ཀུན་བསླད་པའི་མགྲོན་པོའི་གོ་སར་མཁས་པའི་ཚོགས་འགོད་གླུ་དབྱངས་འགྱུར་ཁུག་བྱེ་བ་ལ་ཞུགས་ཏམ་བུ་ར་ཡི་ཆུང་མའི་མགྲིན་པ་ཁྭ་ཏ་འི་ང་རོའི་ངང་ཚུལ་ལ་འཇུག་ཡི་གེ་གསལ་བའི་སྐབས་ཕྲོགས།།

ངག་རིག་ཚོགས་འདི་ཐལ་མོ་སྦྱར་བའི་ཡིད་ཀྱི་ལམ་དུ་དྲན་དབང་འདི་ཡི་སྙན་ངག་ཤིང་རྟ་རྟག་ཏུ་འདྲེན་བྱེད་ཚུལ་ལུགས་འདི་མཐོང་ལུགས་གཞན་དག་ནི་ཆུ་འོད་ཀྱིས་བཀག་ཆུ་ཤིང་ཉིད།།

མིག་ཡངས་ཁོ་བོའི་མིག་གིས་ནི།།

དྲི་མེད་མེ་ལོང་དངོས་ཀུན་ཀྱི།།

གདོང་བ་ཅིག་ཅར་སྣང་བ་ཅན།།

འགྲོ་འདིའི་དཔལ་དུ་བསྟེན་གྱུར་ཅིག།

གྲོགས་དག་ཕུགས་ཀྱི་ར་བར་ནི།།

གསེར་གྱི་འཁྲི་ཤིང་འདི་སྐྱེས་ཏེ།།

མིག་དག་དོན་ཡོད་བྱེད་པ་དག།

དལ་བར་འདུག་པ་མི་རིགས་སོ།།

རྨད་བྱུང་ཤིང་རྟའི་སྲོལ་བཏང་ནས།།

གནག་གི་ལམ་དུ་འཇུག་བྱེད་པ།།

དེ་དག་བདག་གིས་ནམ་དུ་ཡང་།།

ཁང་བཟང་བདེ་བར་ཇི་ལྟར་བཀྲི།

རྡོ་ཡི་སྣ་ཅན་ཆུ་ཤེལ་གྱི།།

དྲི་མེད་ཐེམ་སྐས་ལ་ཁྲིད་ནས།།

རྣམ་པར་རྒྱལ་བའི་ཁང་ཆེན་དུ།།

བརྒྱ་བྱིན་གྱིས་ཀྱང་གཞུག་ནུས་མིན།།

དེ་ལྟར་རངས་བྱེད་བགྲོད་དང་ནགས་གནས་རྗེའི།།

སྤྱོད་ཚུལ་ཞི་དང་བདེ་ལྡན་སྐྱོང་བ་ཅན།།

ཉམ་ང་བ་དང་དཔའ་དང་ཤིས་པ་ཡི།།

ངོ་མཚར་སྟོང་གི་རི་མོ་བཀྲ་བ་ཡི།།

སྙན་དངགས་གླུ་དབྱངས་སྲད་བུས་ཉེ་བར་བྲེས།།

མང་ཐོས་དྲི་མེད་སྡེབ་སྦྱོར་ལུགས་བརྒྱ་ཅན།།

སྤོབས་པའི་དྲེགས་པ་ཁོ་ནས་འདི་བྱས་སོ།།

ས་བདག་སྲས་པོ་རོལ་རྩེད་ལ་ཆགས་པ།།

རྐང་འཐུང་རྩ་ནས་འབྱིན་ཅིང་ཕ་བོང་འདེགས །།

གྱད་དང་ཉེ་བར་སྒྲིག་བྱེད་གཅོད་འབྲེག་སོགས།།

རྩལ་གྱིས་ཕ་རོལ་གནོན་པ་མ་མཐོང་ངམ།།

ངག་གི་ཟླ་བ་འདི་ཡིས་མ་བསྡམས་པའི།།

ཅ་ཅོའི་དྲི་མའི་ར་རི་འཛིན་ན་ཡང་།།

ལྷུན་གྲུབ་སྤོབས་པའི་འོད་རིགས་འབར་བ་ཡིས།།

ཉེས་པའི་མུན་པས་ནམ་ཡང་བརྫི་མི་འགྱུར།།

རྒྱལ་པོ་རཱ་མ་ཎའི་གཏམ་རྒྱུད་ལས་བརྩམས་པའི་སྙན་ངག་གི་བསྟན་བཅོས་དྲི་ཟའི་བུ་མོའི་རྒྱུད་མང་གི་སྒྲ་དབྱངས་ཞེས་བྱ་བ་འདི་ནི། ཤེས་བྱའི་དཀྱིལ་འཁོར་མ་ལུས་པ་དྲི་མ་མེད་པའི་རིགས་པའི་མིག་གིས་ལྟ་བ་ལ་མཁས་པའི་མདུན་སར་ཕྱོགས་ལས་རྣམ་པར་རྒྱལ་བའི་དཔལ་ཐོབ་ཅིང་། ཐ་སྙད་ཀྱི་གཙུག་ལག་མ་ལུས་པའི་ཕ་རོལ་ཏུ་སོན་པའི་མཁས་པའི་སྐྱེ་བོ་མཐའ་དག་གིས་ཞབས་ཀྱི་པདྨོ་ལ་ཕྱག་བྱས་པ། ཡུལ་བྱང་ཕྱོགས་ཀྱི་རྒྱུད་དུ་བྱུང་བའི་སྙན་ངག་མཁན་ཞང་ཞུང་ཆོས་དབང་གྲགས་པའི་(1404-1469)དཔལ་གྱིས། སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་ལོ་ཉིས་སྟོང་སུམ་བརྒྱ་བཅུ་དྲུག་ཏུ་སོན་པ་ས་ཕོ་རྟའི་(1439)ལོར་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་རྣམ་པར་བསྡེབས་པའོ།། །།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།