འོད་གསལ་ཐོད་རྒལ་གྱི་ཉམས་ལ་སྤྲོ་བ་བརྟས་པའི་གླུ།

WechatIMG2281.jpeg

དེ་ཡང་རིག་འཛིན་འཇིགས་མེད་གླིང་པ་ཉིད་བློན་ཆེན་གུར་དཀར་ཕུག་གི་རེ་རྩེར་གནས་འབྲེལ་བྱེད་དུ་ལྷགས་པའི་ཚེ་འོད་གསལ་ཐོད་རྒལ་གྱི་ཉམས་ལ་སྤྲོ་བ་བརྟས་པའི་མགུར་གླུ་འདི་བཞེངས་སོ།།

༄༅། །ཕ་བདེ་གཤེགས་ཀུན་འདུས་པདྨ་འབྱུང་། །མ་མཁའ་འགྲོའི་གཙོ་མོ་མཁར་ཆེན་བཟའ། །སྐྱབས་རིག་འཛིན་རྗེ་འབངས་རྒྱ་མཚོ་རྣམས། །བུའི་དེ་རིང་སྙིང་གི་དཀྱིལ་ནས་དྲན། །ཡང་ལྕགས་ཕོ་འབྲུག་ལོ་གྲོ་བཞིན་ཉར། །སྤང་ཆོས་མེད་ཨིནྡྲ་མ་རེ་ཙྱཻ། །དཔལ་མཆིམས་ཕུའི་བློན་ཆེན་མགུལ་དུ་བསྐྱོད། །དེར་ཤེས་པ་ཡུལ་ཕྱིར་འབྲེངས་པ་ཡིས། །སེམས་ཚོགས་དྲུག་གི་ལྟད་མོ་འདི་ལྟར་མངོན། །རི་མཐོན་པོ་གནམ་གྱི་ཀ་བ་འདྲའི། །འདབས་གཡའ་དང་རྫ་ཡིས་མགུལ་པ་མཛེས། །སྟེང་ཕྱོགས་ནས་ཐང་དཀར་རྒོད་སྨུག་འཕྲོ། །ལོགས་གཤམ་ན་ལྷ་བྱ་གོང་མོ་རྒྱུ། ཁོང་བྱ་བྱིའི་ཚོགས་ཀྱང་མི་རྟག་སྒོམ། །གཟུགས་ཅན་གྱི་སྐྱེ་བོའི་རྒྱུ་འགྲུལ་མེད། །བུང་ང་རྣམས་བཅུད་ལ་ལྡིང་ཞིང་གཡོ། །གནས་ངོ་མཚར་ཅན་དེའི་རྩེ་མོ་ན། །ལྷུན་གྲུབ་རང་བྱུང་གི་གུར་དཀར་ཕུབ། །བྲལ་དབྱིབས་ནི་རུས་སྦལ་སྒུམ་པ་འདྲ། །སྟེང་ལྷོ་སྤྲིན་སྨུག་པོའི་བླ་བྲེ་བྲག །ཆར་སྦྲང་ཆར་ཟིམ་བུའི་ཅོད་པན་འཕུར། །བྱ་རོག་ནག་ཆུང་སྟོང་སྒྲ་སྒྲོགས། །སྐུ་གསུམ་ཡེ་བབ་ཀྱི་དགོངས་པ་ལ། །ལྷུན་གྲུབ་ཐོད་རྒལ་གྱི་འཇའ་རིས་འཁྱིལ། །ཐིག་ལེ་དང་ལུག་རྒྱུད་ཟིམ་བུར་གཡོ། །དུས་དེ་ཚེ་མེ་ལྷས་དབང་བའི་ས། །གནས་ཡར་ཀླུངས་པདྨ་ཤེལ་ཕུག་གི། །སྟེང་ཡང་ཐོག་ཟླ་གམ་ལྟ་བུ་ཡི། །འཇའ་ཚོན་སྣ་ལྔ་བ་གུར་དུ་འཁྱིལ། །དེར་ཨོ་རྒྱན་མངོན་སུམ་བྱོན་ནོ་སྙམ། །མིག་ཆུ་བུར་དབང་ཤེས་ཟུག་བཞིན་དུ། །དོན་སྤྲོས་པ་མེད་པའི་དབང་བཞི་བླངས། །གཏད་མེད་ཀྱི་ཤེས་པ་སྤྲོས་བྲལ་ལ། །ཡེ་བབ་ཀྱི་གནས་ལུགས་ལྷུན་གྱིས་གྲུབ། །ཀུན་རྫོབ་ཏུ་བདེ་ཉམས་དཔག་ཏུ་མེད། །དོན་དམ་བདེ་སྡུག་མཐའ་ལས་གྲོལ། དུས་དེ་ཚེ་རྡོ་རྗེའི་མཆེད་པོ་ཡིས། །དཔལ་རྡོ་རྗེའི་མགུར་ལས་བྱོན་པ་ཡི། །ལྷུན་གྲུབ་ཀྱི་གཏམ་གསུམ་དགོས་སོ་སྐད། །དེར་དྲན་རིག་ཆམ་གྲོལ་སོ་མའི་གདངས། །སྣང་བ་དཔེ་བྲིས་ཀྱི་མགུར་འདི་བླངས། །

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།