རང་གཞན་གྱི་སྤྱོད་ཚུལ་ལ་ཡིད་ངེས་པར་འབྱུང་བའི་རྡོ་རྗེའི་གླུ་དྲང་སྲོང་གཞོན་ནུའི་གཏམ་ཞེས་བྱ་བ་བཞུགས་སོ།།

WechatIMG1333.jpeg

འཇམ་དབྱངས་མཁྱེན་བརྩེ་དབང་པོ།

1820——1892


ཀྱེ་མ།

དྲན་པས་སྙིང་གི་གདུང་བ་ཀུན་སེལ་བའི།།

ཁྱབ་བདག་བླ་མ་ཡེ་ཤེས་ཀྱི་སྐུ་ཅན།།

བཀའ་དྲིན་མཉམ་མེད་ཞབས་སེན་གྱི་ནོར་བུ།།

སྤྱི་བོའི་པདྨར་འབྲལ་མེད་དུ་བཞུགས་ཤིག།།


ལེགས་པར་སོམས་དང་བླུན་རྨོངས་ཀྱི་དྲེད་པོ།།

རང་ལ་བལྟས་ན་འཁོས་མེད་དང་ཐབས་སྡུག།།

གཞན་ལ་བལྟས་ན་ཡི་མུག་གི་རང་བཞིན།།

ཅི་ལ་བསམས་ཀྱང་སྙིང་པོ་ནི་མ་མཆིས།།


མང་དུ་ཐོས་ཀྱང་ཚིག་སྐམ་གྱི་གཤར་སྦྱངས།།

འཆད་སྤེལ་བྱས་ཀྱང་དམ་ཉམས་ཀྱི་སྒྲུབ་ཐབས།།

ལྷག་བསམ་བསྐྱེད་ཀྱང་གཡོ་ཟོལ་དུ་མཐོང་བའི།།

དུས་ངན་སྙིགས་མའི་སྤྱི་ལུགས་ལ་གཟིགས་དང་།།


བསམ་པ་དགེ་ཡང་སྟོབས་འབྱོར་གྱིས་དབེན་པས།།

གཞན་ལ་ཕན་པའི་གོ་སྐབས་ནི་མ་མཆིས།།

མི་ཚེ་ཐམས་ཅད་དོན་མེད་ཀྱི་བྱ་བས།།

རང་གཞན་གཉིས་མགོ་བསྐོར་བ་འདི་མཐོང་ངམ།།


དྲག་དྲག་མགོ་ཅན་ང་རྒྱལ་གྱིས་སྦོས་ཤིང་།།

ཞན་ཞན་རྣམས་ནི་ལྟོ་གོས་ཀྱི་ཁོལ་པོ།།

ཀུན་ཀྱང་བླུན་ཞིང་གཏི་མུག་གི་རང་བཞིན།།

འདི་འདྲས་རྒྱལ་བསྟན་ཇི་ལྟར་རང་འཛིན་ཨང་།།


མཁས་པ་ཕ་ཆེར་ཆགས་སྡང་གི་ཚང་ཚིང་།།

གྲུབ་ཐོབ་རློམས་འགའ་བདུད་རིགས་ཀྱི་སྒྱུ་འཕྲུལ།།

གངས་དཀར་ཏི་སེའི་རྒྱངས་སྒྲ་ལྟར་མཐོང་བས།།

ད་ནི་རང་ཚོད་རང་ཉིད་ཀྱིས་ཟུངས་ཤིག།།


དགོན་གོག་ཁ་འཛིན་དམྱལ་བ་ཡི་ཚོགས་ཁང་།།

བསྒྲིགས་དང་གྲ་ས་ཟིན་མེད་ཀྱི་སོ་ནམ།།

སྦྱིན་བདག་ངོ་སྲུང་མགུ་ཁང་གི་རང་བཞིན།།

ཅིས་ཀྱང་སྙིང་པོ་མེད་པ་ལ་སོམས་དང་།།


ཕར་ལྟོས་བླ་དཔོན་རེ་དོག་གི་འབྱུང་གནས།།

ཚུར་ལྟོས་འཁོར་སློབ་སྡུག་བསྔལ་གྱི་ཞིང་ས།།

འདུལ་རྒྱུའི་དགྲ་བོ་ཞེ་སྡང་གི་བུད་ཤིང་།།

བསྐྱང་རྒྱུའི་གཉེན་ནོར་འདོད་ཆགས་ཀྱི་གཡབ་མོ།།


དེ་འདྲའི་དཀའ་ལས་དོན་མེད་ཀྱི་བྱ་བཞག།།

སྨྱོན་པའི་ཟློས་གར་བརྩེ་(རྩེ་)བ་ལྟར་མཐོང་ནས།།

བློ་སྣ་ཐུང་ངུའི་སློབ་དཔོན་དང་འགྲོགས་ཏེ།།

མི་མེད་དབེན་པའི་རི་སུལ་དུ་གཤེགས་ལ།།


འཕགས་དང་མཁས་པའི་ཞལ་ལུང་གི་བདུད་རྩི།།

དེ་སྔ་ཐོས་པ་དེ་ཙམ་གྱིས་ཆོག་གི།།

ཐོས་དང་སྙཱིང་པོར་དྲིལ་བ་ཡི་ཉམས་ལེན།།

ད་ནི་མ་རན་དགུ་རན་དུ་འདུག་གོ།།


གལ་ཏེ་སྒྲུབ་པ་མ་བྱུང་དུ་ཟིན་ཀྱང་།།

རང་གཞན་གཉིས་མགོ་བསྐོར་བ་འདི་སྤངས་ནས།།

ཆགས་སྡང་མེད་པའི་གར་སྐྱིད་ཀྱི་ཡུལ་དུ།།

བཟའ་གཏད་བྲལ་བའི་སྤྱོད་ཚུལ་ལ་ཞུགས་ཤིག།།

ཅེས་པའང་ཐོལ་བྱུང་དུ་སྨྲས་པའོ། །

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།