ཁྱབ་བདག་བླ་མའི་གསུང་གིས་མདོ་མཚན་ཉིད་ཐེག་པའི་ཟབ་གནད་གསལ་བའི་ཁྱད་པར་བརྗོད་པ།

ཁྱབ་བདག་རྫོགས་ཆེན་པ་སྐྱབས་རྗེ་བླ་མའི་ལེགས་གསུང་གིས་མདོ་མཚན་ཉིད་ཐེག་པའི་གཞི་ལམ་འབྲས་གསུམ་གྱི་ཟབ་གནད་གསལ་བའི་ཁྱད་པར་གླེང་བ།

མཁའ་མཐའི་ཁྱོན་ལས་འགོང་བའི་མཁྱེན་དཔྱོད་ཡངས། །

བརྩེ་ཆེན་ཐུགས་རྗེའི་ཆུ་འཛིན་གཡོ་བའི་ཀློང་། །

རིག་རྩལ་མགྲིན་དབྱངས་སྒྲ་བརྒྱའི་གར་དང་བཅས། །

ཟབ་རྒྱས་གདམས་པའི་གྲུ་ཆར་འཇོ་བས་ཤིས། །

ཞེས་པའི་ཤིས་པ་བརྗོད་པས་མདུན་བསུས་ཏེ།

ད་དེ་རིང་ངས་སྐྱབས་རྗེ་བླ་མ་༧ཁྱབ་བདག་རྫོགས་ཆེན་པ་པདྨ་སྐལ་བཟང་རིན་པོ་ཆེའི་གསུང་ཆོས་ལས་བརྩམས་པའི་སྐད་ཆ་ཉུང་བསྡུས་ཤིག་གླེང་རྒྱུ་སྟེ། དེའི་ཁ་བྱང་ལ་༼སྐྱབས་རྗེ་བླ་མའི་ལེགས་གསུང་གིས་མདོ་མཚན་ཉིད་ཐེག་པའི་གཞི་ལམ་འབྲས་བུའི་ཟབ་གནད་གསལ་བའི་ཁྱད་པར།༽ཞེས་པ་འདི་ཡིན། སྤྱིར་མཁས་ཤིང་གྲུབ་པའི་དབང་ཕྱུག་སྐྱབས་རྗེ་བླ་མ་དམ་པའི་མཁྱེན་རབ་མཁའ་མཐའ་བས་ཡངས། དགོངས་པ་རྒྱ་མཚོ་བས་ཟབ་པ་ལས་བྱུང་བའི་ལེགས་གསུང་། རྒྱལ་བའི་བཀའ་དང་གཉིས་སུ་མ་མཆིས་པ་ལ། དངོས་ཤུགས་ཟུར་གསུམ་གྱི་བསྟན་དོན་ཟབ་ཅིང་རྒྱ་ཆེ་བ་ཡོད་པ་ནི་སྨྲོས་མ་དགོས་ན།  ཕྲན་ལྟ་བུའི་ཐོས་ཉུང་ཤེས་རྟུལ་ཞིག་གིས་ཡོན་ཏན་མཐའ་དག་ལྟ་ཅི་ཕྱོགས་ཙམ་བརྗོད་པའང་རྔོ་མི་ཐོགས་ལ། འོན་ཀྱང་སྐལ་བཟང་གི་གོ་སྐབས་འདི་དང་བསྟུན་ནས་རྒྱ་མཚོ་ལས་ཆུ་ཐིགས་བཞིན་དུ་རང་ནུས་དང་མཐུན་པ་ཞིག་ཞུ་ན།

timg-2.jpeg

དོན་ཚན་གསུམ་གྱི་སྒོ་ནས་འཆད་པ་སྟེ། དང་པོ་མཚན་ཉིད་ཐེག་པར་བསྟན་པའི་ཆོས་འཁོར་གསུམ་གྱི་བསྟན་དོན་མཐའ་དག་བླ་མེད་བྱང་ཆུབ་ཐོབ་པའི་ལམ་གྱི་ཆ་རྐྱེན་དུ་བཀྲལ་ཚུལ་དང་། གཉིས་པ་ཆོས་འཁོར་གསུམ་གྱི་བཀའ་ཡིས་ཐེག་པ་སོ་སོའི་གཞི་ལམ་འབྲས་གསུམ་བསྟན་ཚུལ་གྱི་ཁྱད་པར་དགོངས་འགྲེལ་རྣམས་དང་སྦྱར་ཏེ་བཤད་པ། གསུམ་པ་བསྟན་པ་ཡོངས་སུ་རྫོགས་པ་དང་བསླབ་པའི་མཐའ་བཞིས་སློབ་མ་བཀྲི་ཚུལ་གྱི་ཁྱད་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། བླ་མེད་བྱང་ཆུབ་ཀྱི་མཐུན་རྐྱེན་དྲུག་གི་སྒོ་ནས་བསྟན་ཚུལ་དང་། འགལ་རྐྱེན་བཞི་སེལ་བའི་གཉེན་པོའི་སྒོ་ནས་བསྟན་ཚུལ་ལོ། དང་པོ་ནི།

༡༽སྐྱབས་རྗེ་བླ་མ་རིན་པོ་ཆེའི་གསུང་སེམས་སྦྱོང་བདུན་གྱི་དོན་ཁྲིད་རྣམ་པར་འགྲེལ་བ་མཚོ་སྐྱེས་བླ་མ་དགྱེས་པའི་ཞལ་ལུང་ལས་འདི་ལྟར་གསུངས་སྟེ། བླ་མེད་བྱང་ཆུབ་དམ་པ་དེ་ཇི་ལྟར་བྱས་ནས་སྒྲུབ་དགོས། འགོ་གང་ནས་བཟུང་། སྐེད་པ་ཇི་ལྟར་སྐྱོང་། མཐའ་ཇི་ལྟར་བུད་དགོས་ཤེ་ན། བླ་མེད་བྱང་ཆུབ་སྒྲུབ་པའི་གཞི་དང་གཅིག སྒྲུབ་པའི་རྟེན་གྱི་ཁྱད་པར་དང་གཉིས། བསྒྲུབ་པ་སྙིང་པོ་ལ་སྐུལ་བར་བྱེད་པའི་རྐྱེན་དང་གསུམ། དེ་སྒྲུབ་པའི་ཐབས་དང་བཞི། གྲུབ་པའི་འབྲས་བུ་དང་ལྔ་། གྲུབ་ནས་མཛད་པ་ཕྲིན་ལས་དང་དྲུག་གི་སྒོ་ནས་ཤེས་པར་བྱ་བ་ཞིག་རེད། ཅེས་པའི་སྡོམ་ཚིག་ཅིག་གསུངས་པ་དེས། ཆོས་འཁོར་རིམ་པ་གསུམ་གྱི་བསྟན་དོན། འཇིག་རྟེན་ལས་འདས་པའི་ཐེག་པ་གསུམ་དང་། འཇིག་རྟེན་གྱི་ལྷ་མིའི་ཐེག་པ་དང་བཅས་པ་བླ་མེད་བྱང་ཆུབ་སྒྲུབ་པའི་ལམ་ཀྱི་ཆ་རྐྱེན་དྲུག་གམ། གཞི་ལམ་འབྲས་བུ་གསུམ་དང་ལམ་ཉམས་སུ་ལེན་པའི་རྟེན་ཁྱད་པར་ཅན་དུ་བསྡུས་ནས་གསུངས་པ་སྟེ། ལྷ་མིའི་ཐེག་པས་བླ་མེད་བྱང་ཆུབ་སྒྲུབ་པའི་རྟེན་ཁྱད་པར་ཅན་དང་འབྲེལ་བ་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་དང་། འཁོར་ལོ་དང་པོས་བླ་མེད་བྱང་ཆུབ་ལ་བསྐུལ་བའི་སྔོན་འགྲོའི་ཆོས་མི་རྟག་དང་སྡུག་བསྔལ་བ་སོགས་ལ་བློ་སྦྱོང་བ་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་བསྟན། བཀའ་དང་པོའི་སྟོང་བདག་མེད་དང་། གཉིས་པའི་ཆོས་ཀུན་སྟོང་ཉིད་དང་། གསུམ་པོའི་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པས། བླ་མེད་བྱང་ཆུབ་ཀྱི་རྟོགས་བྱའམ་དམིགས་པ་ཉིད་རིམ་དང་གཅིག་ཅར་གྱིས་བསྟན་པ་དང་། ཐེག་ཆེན་གྱི་སེམས་བསྐྱེད་དང་། ཕྱིན་དྲུག་དང་བྱང་ཕྱོགས་ཀྱིས་འོག་མའི་རྟོགས་རིགས་ཡར་ལྡན་དང་བཅས་པས། བླ་མེད་བྱང་ཆུབ་སྒྲུབ་པའི་ལམ་དངོས་བསྟན། སྐུ་གསུམ་ཡེ་ཤེས་ལྔ་རྟག་ཁྱབ་ཀྱི་མཛད་པ་ཐུན་མོང་གི་ཡོན་ཏན་བཅས་པས། བླ་མེད་བྱང་ཆུབ་ཀྱི་འབྲས་བུ་ཕྲིན་ལས་དང་བཅས་པ་བསྟན་ཚུལ་གསུངས་སོ། །ཚུལ་དེས་གསུང་རབ་ཐམས་ཅད་བླ་མེད་བྱང་ཆུབ་སྒྲུབ་པའི་ཐབས་བསྟན་པའི་གདམས་ངག་ཏུ་ཤར་བའི་ཚུལ་བསྟན་པའི་ཁྱད་པར།

༢༽ གཉིས་པ་འགལ་རྐྱེན་བཞི་སེལ་བའི་གཉེན་པོའི་སྒོ་ནས་བསྟན་ཚུལ་ནི། ཡང་དེ་ཉིད་ལས། གཞི་བདེ་གཤེགས་སྙིང་པོ་ནི་སྲིན་བུ་པདྨ་ཡན་ཆད་ཐམས་ཅད་ལ་ཡོད། རྟེན་མི་ལུས་རིན་ཆེན་རེ་ཐོབ། རྐྱེན་དགེ་བའི་བཤེས་གཉེན་རེ་མཇལ་མྱོང་ཤས་ཆེ་ཡང་། ད་དུང་མང་པོ་ཞིག་སངས་རྒྱས་ཐོབ་རྒྱུ་མི་དགོས་རང་རྒྱུད་སོར་གང་གིས་ཇེ་བཟང་དུ་མ་སོང་བར་ཡོད་པ་འདི། སངས་རྒྱས་ཐོབ་པའི་འགལ་རྐྱེན་གེགས་བཞི་ཡོད་པའི་འཕྲང་འགག་བསལ་མ་ཐུབ་པ་དང་། དེའང་སེལ་བའི་ཐབས་བླ་མའི་གདམས་ངག་གིས་མ་ཟིན་པའི་སྐྱོན་ལས་མ་འདས། དེས་ན་ཐོག་མར་གེགས་བཞི་ཤེས་དགོས་པས། དེ་བཞི་གང་ཡིན་ཞེ་ན། ཚེ་འདིའི་བདེ་བ་ལ་ཆགས་པ་དང་། སྲིད་པའི་བདེ་བ་ལ་ཆགས་པ་དང་། ཞི་བའི་བདེ་བ་ལ་ཆགས་པ་དང་། སངས་རྒྱས་སྒྲུབ་པའི་ཐབས་མི་ཤེས་པ་བཞི་རེད། ཅེས་དང་། དེ་སེལ་བའི་གདམས་ངག་ཇི་ལྟར་ཡིན་ཞེ་ན། གང་ཟག་སོ་སོའི་ཁམས་དབང་མོས་པ་དང་མཐུན་པའི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་རྣམ་གྲངས་མཐའ་ཡས་པ་ཤིག་ཡོད་པ་ཡིན་ནའང་། ཚུར་བསྡུ་ན་གེགས་དེ་དག་གི་གཉེན་པོ་རྣམ་པ་བཞིའི་ཁོངས་སུ་འདུས་པ་རེད། དེའང་མི་རྟག་པར་སྒོམ་པར་གདམས་པ་དང་གཅིག འཁོར་བའི་ཉེས་དམིགས་ལས་འབྲས་དང་བཅས་པ་སྒོམ་པར་གདམས་པ་དང་གཉིས། བྱམས་སྙིང་རྗེ་སྒོམ་པར་གདམས་པ་དང་གསུམ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་བཞི་པོ་རེད། དེ་དག་གོང་གི་གེགས་བཞི་གཉེན་པོར་སྦྱར་ན། མི་རྟག་པ་སྒོམ་ན་གཙོ་བོ་ཚེ་འདི་ལ་ཆགས་པའི་གཉེན་པོར་འགྲོ་བ་དང་། འཁོར་བའི་ཉེས་དམིགས་ལས་འབྲས་དང་བཅས་པ་སྒོམ་ན་སྲིད་བདེ་ལ་ཆགས་པའི་གཉེན་པོར་འགྲོ། བྱམས་སྙིང་རྗེ་སྒོམ་ན་ཞི་བའི་བདེ་བ་ལ་ཆགས་པའི་གཉེན་པོར་འགྲོ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་གདམས་ངག་དེ་སངས་རྒྱས་སྒྲུབ་པའི་ཐབས་མི་ཤེས་པའི་གཉེན་པོར་འགྲོ་བ་ཡིན་ཏེ། ཁྱད་པར་སྐྱབས་འགྲོ་ནས་བཟུང་སྟེ་བདག་མེད་རྣམ་གཉིས་སྒོམ་པ་སོགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཆོས་སུ་འགྲོ་བ་ཡིན་པའི་ཕྱིར་ཏེ། འགའ་རེ་ནི་སེམས་བསྐྱེད་ཀྱི་རྟེན་དང་། འགའ་རེ་དམིགས་པ། འགའ་རེ་སྔོན་འགྲོའི་ཆོས། འགའ་རེ་འབྲས་བུ་སྟེ། ཐེག་པ་ཆེན་པོའི་ཆོས་ཐམས་ཅད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ནང་དུ་མ་འདུས་པ་མེད་པ་མངོན་རྟོགས་རྒྱན་སོགས་ལས་གསུངས་སོ། །ཞེས་སོགས་རྒྱས་པར་གསུངས་པས། ཆོས་འཁོར་རིམ་པ་གསུམ་གྱི་བསྟན་དོན་རྣམས་གཙོ་ཆེ་བ་བླ་ན་མེད་པའི་བྱང་ཆུབ་རྫོགས་པའི་སངས་རྒྱས་ཐོབ་པའི་གེགས་བཞིའི་གཉེན་པོར་བསྟན་ཅིང་། ཐེག་ཆེན་བྱང་ཆུབ་སེམས་ཀྱི་ནང་དུ་བྱང་ཆུབ་སྒྲུབ་པའི་ཐབས་མཐའ་དག་འདུས་ཚུལ་རིགས་པ་དང་ལུང་གིས་སྒྲུབ་པ་འདིས། མདོ་མཚན་ཉིད་ཐེག་པའི་གདམས་པ་ཐམས་ཅད་བླ་མེད་བྱང་ཆུབ་ཀྱི་རྒྱུ་འགྱུར་ཚུལ་ལེགས་པར་བཀྲལ་ནས། གསུང་རབ་ཐམས་ཅད་སངས་རྒྱས་སྒྲུབ་པའི་གདམས་ངག་ཏུ་སྒྲུབ་ཚུལ་གཞན་གྱིས་འཆད་པར་དཀའ་བའི་ཁྱད་ཆོས་སོ། །གཞན་ཡང་ཚུལ་དེས་མངོན་རྟོགས་རྒྱན་གྱི་མཆོད་བརྗོད་ཀྱི་མཁྱེན་པ་གསུམ་གྱི་གོ་རིམ་དང་། སྐབས་དང་པོའི་བསྟན་དོན་ལམ་གྱི་གཙོ་བོ་སེམས་བསྐྱེད་ཡིན་པ་སོགས་ཀྱི་དོན་དང་། རྣམ་ཀུན་མངོན་རྫོགས་རྟོགས་པའི་རྣམ་པ་དང་། སྦྱོར་བ་དང་། མཚན་ཉིད་སོགས་དང་འབྲེལ་བའི་ཟབ་གནད་མང་པོ་བསྟན་ཡོད་པར་མངོན་ལ། གཟུངས་དབང་གིས་ཞུས་པའི་མདོ་ལས། རིགས་ཁམས་ནོར་བུ་སྦྱོང་བའི་དཔེ་དང་སྦྱར་བའི་ཆོས་འཁོར་གསུམ་གྱི་རྣམ་བཞག་བསྟན་པ་དང་མཐུན་པ་དང་། སྒོམ་རིམ་བར་མ་ལས། བཅོམ་ལྡན་འདས་ཀྱི་བཀའ་ཐམས་ཅད་ནི་ལེགས་པར་གསུངས་པ་སྟེ། མངོན་སུམ་མམ་བརྒྱུད་པས་དེ་ཁོ་ན་མངོན་པར་གསལ་བར་བྱེད་པ་དང་། དེ་ཁོ་ན་ལ་གཞོལ་བ་ཉིད་དོ། །དེ་ལྟར་ཤེས་ན་སྣང་བ་བྱུང་བས་མུན་པ་བསལ་བ་བཞིན་དུ་ལྟ་བའི་དྲ་བ་ཐམས་ཅད་དང་བྲལ་བར་འགྱུར་རོ། །ཞེས་པ་སོགས་ཀྱི་དགོངས་པའང་གསལ་བར་བྱས་སོ། །

WechatIMG262.jpeg

གཉིས་པ་ཆོས་འཁོར་དེ་དག་རེ་ཞིག་གདུལ་བྱ་སོ་སོ་འདུལ་བའི་དབང་དུ་བྱས་ནས་གསུངས་པ་ལྟར་གྱི་དགོངས་པ་འགྲེལ་ཚུལ་ནི།

ཡང་ཁྱབ་བདག་རྫོགས་ཆེན་པ་སྐྱབས་རྗེ་བླ་མ་ཉིད་ཀྱིས་གསུང་གཞན་ལས། དེ་ཡང་གང་ཟག་གི་བློའི་རིམ་པ་དང་མཐུན་པའི་བྱང་ཆུབ་གསུམ་གྱི་གོ་འཕང་སྒྲུབ་པར་བྱེད་པ་ལ། ལམ་གྱི་རྟེན་ལུས་རྟེན་ཁྱད་པར་ཅན་ཞིག་ལ་བརྟེན་དགོས་པས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཐེག་པ་གཉིས་སམ། བྱང་ཆུབ་གསུམ་གྱི་ལམ་གྱི་རིམ་པའི་ཐོག་ནས་བསྟན་ཡོད་པ་རེད། དེ་ཡང་འཇིག་རྟེན་པའི་ཐེག་པ་ནི་ཀུན་སློང་མངོན་མཐོ་དོན་གཉེར་གྱིས་འཇིག་རྟེན་ཡང་དག་གི་ལྟ་བ་དང་ལྡན་པས་དགེ་བཅུ་བསྒྲུབས་ཤིང་། བསམ་གཟུགས་བརྒྱད་ཀྱི་ཏིང་ངེ་འཛིན་བསྒོམས་ཏེ། བསོད་ནམས་དང་མི་གཡོ་བའི་ལས་བསགས་པས། འབྲས་བུ་ལྷ་མིའི་གོ་འཕང་ཐོབ་པ་རེད། ཅེས་དང་། སྐྱེས་བུ་འབྲིང་དང་ཆེན་པོའི་ལམ་རིམ་དེ་འཇིག་རྟེན་ལས་འདས་པའི་ཐེག་པ་ཡིན། དེ་ལས་སྐྱེས་བུ་འབྲིང་གིས་འཁོར་བ་ལས་ངེས་པར་འབྱུང་བའི་བློས་ཀུན་ནས་བསླངས་པའི་དགེ་རྩ་ཐར་པ་ཆ་མཐུན་ཙམ་དང་། ཆོས་བདག་རགས་པ་མེད་པར་རྟོགས་པས་གང་ཟག་གི་བདག་མེད་རྟོགས་ཤིང་། འགའ་ཞིག་གིས་གཟུང་བ་རང་བཞིན་མེད་པར་རྟོགས་པས། རང་ལམ་གྱི་བསླབ་གསུམ་ཉམས་ལེན་གྱིས། མཐར་འབྲས་ཉན་རང་དགྲ་བཅོམ་མངོན་དུ་བྱས་པ་དེ་སྐྱེས་བུ་འབྲིང་གི་ལམ་གྱི་རིམ་པ་རེད།  ཅེས་དང་། སྐྱེས་བུ་ཆེན་པོའི་ལམ་ནི་ཐེག་ཆེན་ཐར་པ་ཆ་མཐུན་གྱི་དགེ་རྩ་སྟེ། ངེས་འབྱུང་གི་བསམ་པས་ཟིན་པར་མ་ཟད། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པས་ཟིན་ནས། བདག་མེད་གཉིས་རྟོགས་ཀྱིས་ཤེས་རབ་ཀྱིས་ཚོགས་གཉིས་བསགས། རྫོགས་སྨིན་སྦྱོང་གསུམ་མཐར་ཕྱིན་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་རེད། ཅེས་གསུངས་པས། མདོ་སྡེ་ལང་ཀར་གཤེགས་པ་ལས། ལྷ་ཡི་ཐེག་དང་ཚངས་པའི་ཐེག །དེ་བཞིན་དུ་ནི་ཉན་ཐོས་དང་། །དེ་བཞིན་གཤེགས་དང་རང་རྒྱལ་གྱི། །ཐེག་པ་ཐ་དད་ངས་བཤད་དོ། །ཞེས་བསྟན་པའི་ཐེག་པ་ལྔའི་གཞི་ལམ་འབྲས་གསུམ་དང་། ལྟ་སྒོམ་སྤྱོད་པའི་ཁྱད་པར་རྣམས་ཚིག་ཉུང་ངུས་གནད་བསྡུས་པས་བསྟན་པ་སྟེ། འདིས་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་གསུང་བ་ཐམས་ཅད་སྐྱེ་བོ་རྣམས་མངོན་མཐོ་དང་ངེས་ལེགས་ལ་འདྲེན་པའི་ཆེད་ཡིན་པ་དང་། མངོན་མཐོ་ཐོབ་བྱེད་འཇིག་རྟེན་གྱི་ལམ་ལྷ་མིའི་ཐེག་པ་དང་། ཚངས་པའི་ཐེག་པ་གཉིས། འཇིག་རྟེན་ལས་འདས་པའི་ཐེག་པ་ངེས་ལེགས་ཐོབ་པ་ལའང་གནས་སྐབས་ཐེག་པ་གསུམ་གྱི་ལམ་འབྲས་དང་། མཐར་ཐུག་རྟོགས་བྱ་གནས་ལུགས་ཆོས་ཀྱི་དབྱིངས་རང་བཞིན་གནས་རིགས་གཅིག་ལས་མེད་ཕྱིར། དེ་རྟོགས་པའི་ལམ་དང་། འབྲས་བུ་ཡང་ཐེག་ཆེན་ལས་གཞན་མེད་པར་བསྟན་པ་སྟེ། དེའང་རེ་ཞིག་ཐེག་པ་འདི་དག་གིས་ཇི་ལྟར་བསྟན་པ་ལྟར་གྱི་ལམ་ཉམས་སུ་ལེན་པས། སོ་སོའི་ལུགས་ཀྱི་འབྲས་བུ་ཐོབ་པ་ལ་མི་བསླུ་བ་དང་། གཞན་ཡང་རང་སྡེའི་གྲུབ་མཐའ་འོག་མ་ལའང་རྣམ་གྲོལ་གྱི་ལམ་ཡོད་པ་དང་། ད་ལྟ་ཡོད་པའི་ནང་བསྟན་ལྷོ་བརྒྱུད་པ་ལ་རྣམ་པར་གྲོལ་བའི་བསྟན་པ་ཡང་དག་ཡོད་ཚུལ་ཡང་དོན་གྱིས་གོ་བ་དང་། དེ་དག་གི་ཞི་སྒོ་གཅིག་པུ་ནི་སྟོང་ཉིད་རྟོགས་པ་ཡིན་པས་ཐེག་གསུམ་གྱི་ཐར་ལམ་ལ་སྟོང་ཉིད་རྟོགས་དགོས་པ་དང་། འོན་ཀྱང་རྟོགས་རིགས་ལ་མཐོ་དམན་གྱི་ཁྱད་པར་ཡོད་པའི་མདོ་རྒྱུད་བསྟན་བཅོས་སྤྱི་དང་། ཁྱད་པར་ཤིང་རྟ་ཆེན་པོ་བྱམས་མགོན་དང་། ཀླུ་སྒྲུབ་གཉིས་ཀྱི་དགོངས་པ་འགལ་མེད་དུ་བསྟན་པའི་རང་ལུགས་གསལ་བའི་ཁྱད་པར་དང་ལྡན་པ་ཏེ།


དེ་ཡང་རིམ་པ་གསུམ་གྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་བརྗོད་བྱའི་གཙོ་བོ་བདེན་པ་བཞི་དང་། ཟབ་མོ་སྟོང་པ་ཉིད་དང་། བདེ་བར་གཤེགས་པའི་སྙིང་པོ་ཡིན་ལ།  དེ་དག་གིས་ནི་སྟོན་པ་མཚུངས་པར་མེད་པའི་བསྟན་པའི་ནང་སྙིང་བཀའ་རྟགས་ཀྱི་ཕྱག་རྒྱ་བཞིའི་དགོངས་དོན་ཇེ་ཟབ་ཏུ་བསྟན་པའི་སྒོ་ནས། སྒྲིབ་པའི་རྩ་བ་ཕྱིན་ཅི་ལོག་གི་རྟོག་པ་རྣམས་ཀྱི་གཉེན་པོ་སྟོབས་ཇེ་ཆེར་བསྟན་པའི་ཚུལ་གསལ་བ་སྟེ། ཆོས་ཀྱི་འཁོར་ལོའི་མདོ་ལས། དགེ་སློང་དག་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་པའོ། །འདི་ནི་འགོག་པར་འགྲོ་བའི་ལམ་མོ། །ཞེས་དང་། སྡུག་བསྔལ་འཕགས་པའི་བདེན་པ་མངོན་པར་ཤེས་པས་ཡོངས་སུ་ཤེས་པར་བྱའོ། །སྡུག་བསྔལ་ཀུན་འབྱུང་བའི་འཕགས་པའི་བདེན་པ་མངོན་པར་ཤེས་པས་ཡོངས་སུ་སྤང་བར་བྱའོ། །སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་མངོན་པར་ཤེས་པས་མངོན་སུམ་དུ་བྱའོ། །སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མངོན་པར་ཤེས་པས་བསྒོམ་པར་བྱའོ། །ཞེས་དང་། དགེ་སློང་དག་སྡུག་བསྔལ་འཕགས་པའི་བདེན་པ་མངོན་པར་ཤེས་པས་ཡོངས་སུ་ཤེས་སོ། །སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་མངོན་པར་ཤེས་པས་སྤངས་སོ། །སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་མངོན་པར་ཤེས་པས་མདོན་སུམ་དུ་བྱས་སོ། །སྡུག་བསྔལ་འགོག་པར་འགྲོ་བའི་འཕགས་པའི་བདེན་པ་མངོན་པར་ཤེས་པས་བསྒོམས་སོ། །ཚུལ་བཞིན་དུ་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་སོ། །ཞེས་གསུངས་པས། བདེན་པ་བཞི་ལན་གསུམ་དུ་བཟླས་པ་དང་རྣམ་པ་བཅུ་གཉིས་ཀྱི་ཚུལ་དུ་སྟོན་པ། སྔོན་ལྷ་དང་དྲང་སྲོང་དང་སྟོན་པར་ཁས་འཆེ་བ་སུས་ཀྱང་མ་བསྐོར་བའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་ལྟ་བུའི་དགོངས་པ་འགྲེལ་ཚུལ་ལ་མཚོན་ན། ཟག་བཅས་ཐམས་ཅད་སྡུག་བསྔལ་གསུམ་ཅི་རིག་དང་། ཁྱད་པར་དུ་ཁྱབ་པར་འདུ་བྱེད་ཀྱི་སྡུག་བསྔལ་དེ་སྡུག་བསྔལ་གྱི་གཙོ་བོ་ཡིན་པར་ཤེས་པར་བྱ་ཚུལ་ལུང་རིགས་ཀྱི་རྒྱུ་མཚན་དང་། མན་ངག་གི་ཐབས་ལམ་དང་བཅས་པས་ཟབ་ཅིང་གསལ་བར་སྟོན་པ་དང་། དེ་བཞིན་དུ་སྡུག་བསྔལ་འབྱུང་བའི་རྒྱུ་ཀུན་འབྱུང་ལས་ཉོན་དང་། དེ་ལས་ཀྱང་རྩ་བ་འཇིག་ལྟ་སོགས་ཕྲ་རྒྱས་ཉོན་མོངས་པ་དང་། རྩ་བ་ངོ་མ་རྨོངས་པ་མ་རིག་པ་ཡིན་ཚུལ་རྣམས། ཇི་སྐད་དུ། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །ཞེས་དང་། སྲིད་པའི་རྩ་བ་ཕྲ་རྒྱས་དྲུག །ཅེས་དང་། རྨོངས་ལས་ཐེ་ཚོམ་དེ་ནས་ནི། །ཞེས་སོགས་ཇི་བཞིན་དང་། ཐར་པ་ཡོད་ཅིང་། དེའང་སྡུག་བསྔལ་ཞི་བ་དང་། བདེ་བ་མཐར་ཐུག་པ། གཏན་དུ་བའི་མྱང་འདས་ཡིན་ཚུལ་གྱིས་འགོག་ཞི་གྱ་ནོམ་ངེས་པར་འབྱུང་བའི་རང་བཞིན་དུ་སྡུག་བསྔལ་འགོག་པའི་འགོག་པ་ཐར་པ་ཕན་ཡོན་དང་བཅས་པ་ངོ་སྤྲད་པའི་ཐབས་ཚུལ་བཟང་པོ་དང་། ངེས་འབྱུང་གིས་དྲངས་པའི་བདག་མེད་རྟོགས་པའི་ཐར་ལམ་རྣམ་དག་ཡོད་ཅིང་། དེའང་སྤང་བྱའི་གཉེན་པོར་འཐད་ཅིང་། སེམས་ཕྱིན་ཅི་མ་ལོག་པར་སྒྲུབ་པའི་མི་ལྡོག་པའི་ཐར་པར་བགྲོད་པའི་ལམ་དུ་ངེས་པའི་ཚུལ་གྱིས། ངོ་བོ་དང་བྱ་བ་དང་མཐར་ཐུག་ལ་བཟླས་པ་གསུམ་གྱིས་བསྟན་པའི་དོན་ནི། རྟོགས་བྱ་གཞི་དང་། རྟོགས་བྱེད་ལམ་དང་། རྟོགས་པའི་འབྲས་བུ་བཅས་པ་གཞི་དེ་ལྟར་གནས་ཤིང་། དེའི་དོན་རྟོགས་ཤིང་སྒོམ་པ་ཐར་ལམ་ཡང་དག་དང་། ལམ་དེས་ཐོབ་པའི་ཐར་པ་ལྷག་བཅས་ལྷག་མ་མེད་པའི་མྱང་འདས་ཐོབ་པ་ནི། ཆོས་རང་སྤྱིའི་མཚན་ཉིད་ལེགས་པར་གཏན་ལ་ཕབ་ཏེ། བདེན་བཞིའི་ཆོས་མི་རྟག་སོགས་བཅུ་དྲུག་བསྟན་ཞིང་རྟོགས་པས། ཕྱིན་ཅི་ལོག་བཞིའི་རྩ་བ་ཅན་གྱི་སྒྲོ་འདོགས་རྣམས་སྤོང་བའི་འཁོར་འདས་བླང་དོར་གྱི་དམིགས་པ་དང་ལམ་འབྲས་གསུང་ཚུལ་ནི། མངོན་པ་མཛོད་ལས། བདེན་པ་མཐོང་དང་གོམས་པ་ལས། །ཉོན་མོངས་སྤངས་པ་ཞེས་བཤད་པ། །ཞེས་དང་། ཞི་གནས་གྲུབ་པ་གྱུར་པ་ཡིས། །དྲན་པ་ཉེར་བཞག་བསྒོམ་པར་བྱ། །ཕྱིན་ཅི་ལོག་གི་གཉེན་པོ་བཞི། །དེ་ནི་ཆོས་དྲན་ཉེར་བཞག་པ། །སྤྱི་ལ་དམིགས་པ་ལ་གནས་ཏེ། །དེ་དག་ལ་ནི་མི་རྟག་དང་། །སྡུག་བསྔལ་སྟོང་བདག་མེད་པར་ལྟ། །ཞེས་སོགས་དང་། ཚད་མ་རྣམ་འགྲེལ་ལས། བདེན་པ་བཞི་ལ་བརྟན་པ་དང་། །བདེ་དང་ང་དང་ངའི་ཞེས་སོགས། །ཡང་དག་མིན་པ་རྣམ་བཅུ་དྲུག །སྒྲོ་བཏགས་ནས་ནི་ཡོངས་སུ་སྲེད། །དེ་ཉིད་ལས་ནི་དེ་འགལ་དོན། །དེ་ཉིད་རྣམ་པ་རྗེས་རྟོགས་ཅན། །ལེགས་སྒོམ་ཡང་དག་ལྟ་བ་ཡིས། །སྲེད་པ་རྗེས་འབྲངས་བཅས་འཇོམས་བྱེད། །ཅེས་སོགས་གསུངས་པ་བཞིན་དུ། ཕྱིན་ཅི་ལོག་གི་རྩ་བ་ཅན་གྱི་འཁོར་བ་སྤོང་བའི་གཉེན་པོར་བདེན་བཞི་བསྟན་པས། དེ་རྟོགས་ཤིང་གོམས་པ་དེ་ཐར་ལམ་རྣམ་དག་ཏུ་སྒྲུབ་པའི་གནད་ལུང་རིགས་མན་ངག་གིས་ཚུལ་གནས་ཐོས་དང་བསམ་པས་སྒོམ་པར་སྦྱོར་ཚུལ་བཅས་གསུང་སྤྱི་ལས་གསལ་བར་མཛད་པ་དང་།

ཁྱད་པར་དུ་བཀའ་དང་པོའི་ཁོངས་གཏོགས་འདུལ་ལུང་སྡེ་བཞི་དང་། དེའི་དགོངས་འགྲེལ་འདུལ་བ་མདོ་རྩ་བ་སོགས་ནི། ལྷག་པར་དུ་བཤད་སྒྲུབ་ཀྱིས་གཅེས་འཛིན་བྱེད་དགོས་ཏེ། སྟོན་དང་བསྟན་པ་གཉིས་ཀར་བསྔགས་ཤིང་། ཆོས་འདུལ་རིན་པོ་ཆེའི་བསྟན་པ་གང་དུ་གནས་པ་དང་དར་ན་རྒྱལ་བསྟན་གནས་ཤིང་དར་བ་ཡིན་པས་སོ། །དེས་ན་འདུལ་བའི་བཀའ་ལུང་བཞིན་བསྟན་ལ་བྱི་དོར་བྱས་ནས་བག་ཡོད་པས་ཕྱི་འདུལ་བའི་ཀུན་སྤྱོད་གཙང་མས་བསྟན་པའི་གཞི་དང་སྲོག་འཛིན་དགོས་ཞེས་རྣམ་ཀུན་རྩལ་འདོན་མཛད་ཡོད།

བཀའ་བར་པའི་བརྗོད་བྱ་དངོས་བསྟན་སྟོང་ཉིད་དང་། སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཉིས་སུ་སྔོན་གྱི་ཤིང་རྟའི་སྲོལ་འབྱེད་རྣམས་ཀྱི་ཕྱེ་བའི་དོན་བཞིན་དུ། ཁྱབ་བདག་བླ་མ་ཉིད་ཀྱི་གསུང་ལས། སྣང་ཚུལ་ཀུན་རྫོབ་དང་གནས་ལུགས་དོན་དམ་པའི་ནང་དུ་ཤེས་བྱ་སྣང་བཏགས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་འདུས་ལ། སྣང་ཚུལ་ཀུན་རྫོབ་ཀྱི་ཆོས་དེ་ཐ་སྙད་ཀྱི་ངོར་སྣང་ཚོད་དང་མཐུན་པའི་དོན་བྱེད་ནུས་པ། ཞེས་སོགས་དང་།  ཆོས་ཐམས་ཅད་ཀྱི་གནས་ལུགས་ཡོད་མེད་སྐྱེ་འགག་དང་བྲལ་བ། སྟོང་ཉིད་མཚན་མེད་སྨོན་མེད་ཀྱི་རྣམ་ཐར་སྒོ་གསུམ་དུ་གནས་པ། ཞེས་དང་། དེས་ན་ཀུན་རྫོབ་བདེན་པ་བཀག་ནས་བརྫུན་པར་བསྒྲུབ་པ་དང་། དོན་དམ་བདེན་པ་ཞེས་སྤྲོས་པ་བཀག་ནས་སྤྲོས་མེད་དུ་བསྒྲུབ་པ་ལྟ་བུ་མ་ཡིན་པར། གང་ལ་ཞེན་པ་དེ་ཉིད་དངོས་སུ་བཀག་ཀྱང་ཤུགས་ལ་གང་ཡང་མི་བསྒྲུབ་པའི་ཚུལ་གྱིས་མཐར་འཛིན་གྱི་ལྟ་བ་ལས་གྲོལ། ཞེས་དང་། ཡང་གདོད་ནས་རང་བཞིན་གྱི་རྣམ་པར་གྲོལ་བའི་ཤེས་རབ་ཀྱིས་དབྱིངས་དེ། དྲན་ཤེས་ཀྱིས་ཉེ་བར་གཞག་བྱ་དང་འཇོག་བྱེད་དང་བྲལ་བར་བཞག་པ་དེ་ལ་སྒོམ་པའི་ཐ་སྙད་བཏགས་པ་སྟེ། བརྒྱད་སྟོང་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་འདི་ནི་ཆོས་གང་ཡང་མི་བསྒོམ་པ་ལགས་སོ། ། ཞེས་གསུངས་པ་རེད། ཅེས་སོགས་དང་། ཡང་ཆོས་སྐུ་ནི། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་རང་བཞིན་དྲི་མ་མཐའ་དག་བྲལ་བའི་ཡེ་ཤེས་རྟོགས་པ་མཐར་ཕྱིན་པ་སྟེ། ཞེས་སོགས་གསུངས་པས་མཚོན་ཏེ།

གཞི་བདེན་གཉིས་ཀྱི་དབྱེ་གཞི་དང་། དབྱེ་ངོ་སོ་སོའི་དོན་དང་། ཡུལ་བདེན་གཉིས་དབྱེར་མེད་སྤྲོས་བྲལ་དབུ་མ་ཆེན་པོ་ཁས་ལེན་ཀུན་བྲལ་གཏན་ལ་འབེབ་ཚུལ་དང་། དེ་རྟོགས་པའི་ཡེ་ཤེས་ཡུལ་མི་དམིགས་པ་ལ་ཡུལ་ཅན་མི་སྦྱོར་བའི་ཚུལ་གྱིས་མཚན་མའི་ཞེན་སྤྱོད་དང་བྲལ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐབས་ཀྱི་རྣམ་པ་ཀུན་དང་ལྡན་པས་ཉམས་སུ་བླངས་པས། སྒྲོ་འདོགས་བཅུ་དྲུག་སོགས་ཕྱིན་ཅི་ལོག་དང་། དེའི་རྩ་བ་ཅན་གྱི་སྒྲིབ་གཉིས་སྤོང་བའི་ཐེག་ཆེན་ལམ་གྱི་རིམ་པར་བགྲོད་ནས། འབྲས་བུ་ཆོས་སྐུ་ལ་སྦྱོར་ཞིང་མཛད་པ་རྒྱུན་མི་ཆད་པར་འབྱུང་ཚུལ་ཡང་དག་པར་སྟོན་པས། བཀའ་བར་པའི་དགོངས་པ་དང་། དབུ་མ་རིགས་ཚོགས་དང་།  འཇུག་པ་རྩ་འགྲེལ་སོགས་དང་། ཤེར་ཕྱིན་མངོན་རྟོགས་རྒྱན་སོགས་ཀྱི་ཟབ་གནད་བསྟན་པ་དང་།

ཁྱད་པར་དུ་ཐབས་སྙིང་རྗེ་ཆེན་པོ་དང་དེས་དྲངས་པའི་བྱང་ཆུབ་ཀྱི་སེམས་ནི་རྣམ་ཀུན་གལ་ཆེ་བ་དང་། ཞི་མཐའ་འགོག་པའི་ཐེག་ཆེན་ལམ་གྱི་འཇུག་སྒོ་དང་གཞུང་ཤིང་ཡིན་པས་། རང་འདོད་ཡིད་བྱེད་དང་བྲལ་བའི་བློ་སྦྱོང་གི་ཐབས་དང་བཅས་པ་ཡང་ཡང་བསྟན་པ་དང་། མདོ་ཡི་མཉམ་པ་ཆེན་པོའི་དོན་ལ་ངེས་པར་རྙེད་པ་དག་ལ། སྔགས་བླ་མེད་ཀྱི་ལྟ་སྒོམ་ཟབ་མོ་བསྟན་ན་ཤིན་ཏུ་གྲུབ་པར་འགྱུར་བ་དང་། དེར་མ་ཟད་མདོ་ཡི་སྤྲོས་བྲལ་མཉམ་པ་ཆེན་པོའི་དོན་དེ་སྒོམ་ན་མཐོང་ལམ་ཐོབ་ཅིང་། དག་པ་ཆེན་པོ་ལ་ངེས་ཤེས་འདྲེན་ནས་མདོ་སྔགས་དགོངས་པ་གཅིག་ཏུ་གྱུར་པས་མཚོན།  ཐེག་པའི་རིམ་པ་ཀུན་ལ་མཁས་པའི་ཚུལ་ཀུན་མཁྱེན་ཡབ་སྲས་དང་། འཇམ་མགོན་བླ་མ་མི་ཕམ་པའི་དགོངས་པ་ཇི་བཞིན་གསལ་བར་མཛད།

བཀའ་མཐའ་མའི་བརྗོད་བྱའི་གཙོ་བོ་བདེན་དོན་གནས་ལུགས་མཐར་ཐུག་པ་རིགས་ཁམས་བདེ་བར་གཤེགས་པའི་སྙིང་པོའི་ངོ་བོ་སོགས་བསྟན་པ་ནི། ཁྱབ་བདག་བླ་མ་རིན་པོ་ཆེའི་གསུང་ལས། རང་བཞིན་གྱིས་འོད་གསལ་བ་བདེ་བར་གཤེགས་པའི་སྙིང་པོ་རྒྱུ་རྐྱེན་ལ་མ་ལྟོས་པར་ཡེ་ནས་གནས་པའམ་ལྷུན་གྱིས་གྲུབ་པ་སྟེ། དེའི་ཁྱད་པར་ནི། ངོ་བོ་སྟོང་ཞིང་རང་བཞིན་གསལ་བ། དེ་ཡང་མི་ཤེས་པ་ལས་ལོག་པའི་རིག་པ་ཡེ་ཤེས་གང་ཞིག གསལ་སྟོང་དབྱེར་མེད་ཡུལ་དང་བྲལ་བའི་ཚུལ་གྱིས་རང་གསལ་བའི་རང་བཞིན་ཅན་ཏེ། གསལ་སྟོང་རིག་པ་དེ་གསུམ་དབྱེར་མེད་པའི་ཆོས་ཉིད་དོ། །ཞེས་དང་། དེ་ཡང་སེམས་ཀྱི་རང་བཞིན་གདོད་ནས་སྐྱེ་བ་མེད་པའི་བདག་ཉིད་རྣམ་པར་དག་པ་སྟོང་པའི་ཆ་དབྱིངས་ཀྱི་དོན་དམ་དང་། མཁྱེན་ཆ་རིག་པ་འོད་གསལ་བའི་དོན་དམ་ཞེས་ཡེ་ཤེས་དོན་དམ་བསྟན་པའོ། །དེ་ལྟར་ན་སྟོང་པ་དབྱིངས་དང་གསལ་བ་ཡེ་ཤེས་གཉིས་པོ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པས། སྣང་ཚུལ་ལ་འཁོར་བ་ལྟར་སྣང་བ་ཉིད་གནས་ཚུལ་ལ་རང་བཞིན་གྱིས་མྱ་ངན་ལས་འདས་པར་གནས་པ་སྟེ། གཤིས་ལ་འཁོར་འདས་གཉིས་སུ་མེད་ཅིང་བདེན་པ་གཉིས་སུ་དབྱེར་མེད་དོ། །ཞེས་དང་། འདི་ལྟར་འཁྲུལ་སྣང་གིས་བསྡུས་པ་གཟུང་འཛིན་གྱི་རྟོག་པའི་དབང་གིས་སྣང་བ་འཁོར་བའི་ཆོས་སུ་གཏོགས་པ་ཐམས་ཅད། བརྟགས་ན་མི་བདེན་གཡོ་ཞིང་མི་རྟག་པས་བསླུ་བའི་ཆོས་ཅན་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། རྟོགས་དཀའ་བས་ཟབ་པ་དང་།  སྤྲོས་ཀུན་ཉེ་བར་ཞི་བ་དང་། མཁྱེན་པའི་ཡེ་ཤེས་འོད་གསལ་ཞིང་སྡུག་བསྔལ་མཐའ་དག་སྤངས་པས་ན། མྱ་ངན་ལས་འདས་པ་ཆེན་པོས་བསྡུས་པའི་ཆོས་རྣམས་ནི། རྡུལ་དང་སྐད་ཅིག་མའི་ཆོས་ལས་འདས་པས། འགྱུར་བའི་ཟུག་རྔུ་དང་བྲལ་བ་འགྱུར་བ་མེད་པའི་རང་བཞིན་ཅན་དོན་དམ་པའི་བདེན་པའོ། །

ཀུན་རྫོབ་དང་དོན་དམ་འཇོག་ཚུལ་ལ་སྣང་ཆ་དང་སྟོང་ཆ་ལ་འཇོག་པ་ན། འཁོར་འདས་གཉིས་ཀ་སྣང་བ་ཀུན་རྫོབ་དང་སྟོང་པ་དོན་དམ་དུ་མཉམ་ལ། འདིར་གནས་ཚུལ་དང་སྣང་ཚུལ་མཐུན་པ་དང་མི་མཐུན་པ་ལ་དོན་དམ་དང་ཀུན་རྫོབ་འཇོག་པའི་ལུགས་ཏེ། དེ་ལྟ་བུའི་སྲོལ་ཆེན་པོ་གཉིས་སུ་གནས་པ་ནི་མདོ་རྣམས་ནའང་མང་དུ་འབྱུང་བ་ཡིན་པས་ཕན་ཚུན་ཤན་ཕྱེ་བ་གལ་ཆེའོ། །ཞེས་སོགས་གསུངས་པས།

བཀའ་མཐའ་མའི་བརྗོད་བྱའི་གཙོ་བོ་རིགས་ཁམས་བདེ་བར་གཤེགས་པའི་སྙིང་པོའི་ངོ་བོ་ནི། སྟོང་རྐྱང་དང་འདུས་བྱས་ཀྱི་གསལ་རིག་ཙམ་དང་ཟུང་དུ་འཇུག་པ་ཙམ་མ་ཡིན་པར། གདོད་ནས་སྐུ་དང་ཡེ་ཤེས་དང་དབྱེར་མེད་པའི་ཆོས་ཀྱི་དབྱིངས་གསལ་སྟོང་ཟུང་དུ་འཇུག་པའི་འདུས་མ་བྱས་ཆེན་པོ། ཆོས་ཐམས་ཅད་ལ་ཀུན་ཏུ་སོང་བའི་དེ་བཞིན་ཉིད།  རྟག་ཏུ་མི་འགྱུར་རང་བཞིན་གྱིས་རྣམ་པར་དག་པས། སེམས་ཅན་ཀུན་གྱི་སེམས་ཀྱི་ཆོས་ཉིད་དུ་ཁྱབ་པར་གནས་པ། གནས་སྐབས་རིགས་ཀྱི་དྲི་མས་བསྒྲིབས་པ་ལ། ཐེག་ཆེན་གྱི་ཆོས་ལ་མོས་པ་དང་། ལྷག་པའི་ཤེས་རབ། ཏིང་ངེ་འཛིན་དང་། སྙིང་རྗེ་བཞིས་རིགས་ཀྱི་དྲི་མ་བསལ་ཞིང་རིགས་སད་པས་ཐེག་པ་ཆེན་པོའི་དགེ་བ་ལེན་ཏེ། རིགས་པ་གསུམ་སོགས་ཀྱིས་གློ་བུར་གྱི་དྲི་མས་བསྒྲིབས་པའི་རང་བཞིན་དུ་གནས་པའི་རིགས་ཀྱི་དོན་རྟོགས་ཤིང་གོམས་པ་ལས་དཀོན་མཆོག་གསུམ་འབྱུང་བ་ཡིན། དེ་ཡང་གནས་སྐབས་སྐྱབས་གསུམ་དང་། མཐར་ཐུག་གི་སྐྱབས་སངས་རྒྱས་ཉག་གཅིག་གཞི་འབྲས་དབྱེར་མེད་པའི་གནས་ཡོངས་སུ་གྱུར་པའི་ཆོས་ཀྱི་སྐུ་འདུས་མ་བྱས་པའི་ཡེ་ཤེས་དང་ཐུགས་རྗེ་ཚད་མེད་པ་མངོན་དུ་གྱུར་ཏེ། རྡུལ་དང་སྐད་ཅིག་གི་ཆོས་ལས་འདས་ཤིང་། འགྱུར་བའི་ཟུག་རྔུ་དང་བྲལ་བའི་གཙང་བདག་བདེ་རྟག་གི་ཕ་རོལ་ཏུ་ཕྱིན་པ་ཐོབ་པའོ། །དེ་ལས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བར་འབྱུང་བའི་མཆོག་གསུམ་གྱི་སྣང་བ་རྒྱ་ཆེན་པོར་འབྱེད་པར་བསྟན་པས། མཐའ་མ་སྙིང་པོ་བསྟན་པའི་མདོ་དང་དེའི་དགོངས་འགྲེལ་སྤྱི་དང་། ཁྱད་པར་དུ་རྒྱུད་བླ་མའི་བརྗོད་དོན་རྡོ་རྗེའི་གནས་བདུན་གྱི་ཟབ་གནད་བསྡུས་ཏེ་བསྟན་པ་དང་།  བཀའ་བར་པའི་བདེན་གཉིས་འཇོག་ཚུལ་ལ་གཉིས་སུ་ཕྱེ་བས། དེའི་དབང་གིས་བཀའ་བར་པ་དང་མཐའ་མའི་སྙིང་པོ་བསྟན་པའི་མདོ་རྣམས་དབྱེ་བསྲི་མེད་པར་ངེས་དོན་དུ་བཞེད་པའི་རང་ལུགས་ཀྱི་ཁྱད་པར་སོགས་བསྟན་པར་སྣང་ངོ་། །

ཁྱད་པར་དུ་བཀའ་ཐ་མའི་ཕྱོགས་མཐུན་གྱི་མདོ་དང་བསྟན་བཅོས་ཀྱི་དགོངས་པ་མན་ངག་མྱུར་ལམ་གྱི་ཚུལ་དུ་བཀྲལ་བའི་བདེ་ཆེན་ཞིང་ཁྲིད་ཟབ་ཅིང་རྒྱ་ཆེར་གསུངས་མཛད་པས། ལས་ཅན་མང་པོ་ལ་དག་ཞིང་གི་སྒོ་འཕར་འབྱེད་པར་མཛད་དོ། །

གཞན་ཡང་འཁོར་བ་སྡུག་བསྔལ་གྱི་རང་བཞིན་དང་། ལས་འབྲས་བསླུ་མེད་ཀྱི་བློ་སྦྱོང་དང་།  སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་ཁྲིད་སོགས་གསུང་ཚེ། ཚད་མ་རྣམ་འགྲེལ་གྱི་སྐྱེ་བ་སྔ་ཕྱི་ཡོད་པར་སྒྲུབ་པ་དང་། སྟོན་པ་ཚད་སྒྲུབ་ཀྱི་རིགས་པ་དང་། བྱམས་ཆོས་ཀྱི་ཟབ་དོན་དང་འབྲེལ་བའི་སྒོ་ནས་གསུངས་པ་དང་། འདུལ་བའི་སྤང་བླང་གི་སྤྱོད་པ། མངོན་པའི་རང་དང་སྤྱི་མཚན་གྱི་དང་ཇི་སྙེད་པའི་ཤེས་བྱའི་རྣམ་པ་དང་ཇི་ལྟ་བའི་ཆོས་ཉིད་གཏན་ལ་ཕབ་ཚུལ། དབུ་མའི་སྤྲོས་བྲལ་སྣང་སྟོང་ཟུང་འཇུག་དང་། ཤེར་ཕྱིན་གྱི་མངོན་རྟོགས་ས་ལམ་གྱི་རིམ་པ་རྣམས་འཕྲོས་སུ་གསུངས་པ་རྣམས་ཚིག་ཉུང་ལ་དོན་བསྡུས་པ། གོ་སླ་ལ་ཆོད་ཆེ་བའི་སྒོ་ནས་ཡུན་དུ་འབད་པས་རྟོགས་དཀའི་དོན་རྣམས་བདེ་བླག་ཏུ་གོ་བར་བྱེད་པའི་ཁྱད་པར་དང་ལྡན་ནོ།

༣༽གསུམ་པ་བསྟན་པ་ཡོངས་རྫོགས་དང་བསླབ་པའི་མཐའ་བཞིས་སློབ་མ་བཀྲི་ཚུལ་གྱི་ཁྱད་པར་བསྟན་པ་ནི།

མདོར་ན་མདོ་སྔགས་གང་གསུངས་ཀྱང་སྡོམ་པ་གསུམ་དང་། ཐེག་པ་གསུམ་གྱི་བསྟན་པ་ཆ་ཚང་གང་ཟག་རང་རྒྱུད་ལ་ཚང་དགོས་པ་དང་། བསྟན་པ་ཐམས་ཅད་འགལ་མེད་དུ་འཁྱེར་ཤེས་དགོས་པའི་ཞལ་གདམས་རྒྱུན་དུ་གནང་ཞིང། དེའི་དགོས་པ་སྒྲུབ་པའི་ཐབས་ལམ་ཡང་དག་དུ་མདོ་སྔགས་ཀྱི་གཞུང་གང་གསུངས་ཀྱང་། བརྒྱུད་པ་གོང་མའི་སྲོལ་བཟང་བཞིན་བསྟན་པ་ཡོངས་རྫོགས་ཆ་ཚང་བར་མན་ངག་ཏུ་སྟོན་པའི་ཁྱད་པར་དང་ལྡན་པ་དང་།

ཉན་ཐོས་ཀྱི་ཐེག་པའི་གཞི་བདེན་བཞི་དང་། ལམ་བྱང་ཕྱོགས་སློབ་པ་དང་མི་སློབ་པའི་འབྲས་བུ་དང་། རང་རྒྱལ་གྱི་རྟེན་འབྲེལ་དང་། རྟོགས་རིགས་དང་། ཚོགས་ཀྱི་ཁྱད་པར་སོགས་དང་། བྱང་སེམས་ཀྱི་ཐེག་པའི་གཞི་བདེན་གཉིས་དང་། ལམ་བསམ་པ་སེམས་བསྐྱེད་དང་། སྦྱོར་བ་ཕྱིན་དྲུག་སོགས་ཚོགས་གཉིས་ཀྱིས་བསྡུས་པ་དང་། འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་རྣམ་བཞག་གང་འཆད་ཀྱང་། ངོ་བོ་དང་། རབ་དབྱེ་སྒྲ་དོན་སོགས་ཕྲ་ཞིབ་རིགས་པའི་ལམ་ནས་གསལ་རྒྱས་སུ་གཏན་ལ་ཕབ་པ་དང་། མདོ་རྒྱུད་ཀྱི་ཁུངས་དང་འབྲེལ་བས་ཡིད་ཆེས་ཀྱིས་ངེས་པ་སྟེར་བ་དང་། ཟབ་གནད་མཐའ་དག་བསྡུས་ཏེ་ཉམས་ལེན་གྱི་རིམ་པ་ལ་སྦྱར་བའི་མན་ངག་དང་ལྡན་པའི་འཆད་ཚུལ་བླ་ན་མེད་པས། རྒྱུད་ཐོས་པས་གྲོལ་བ། སྒོ་ཀུན་ནས་སྡུད་པ། དོན་ཉམས་སུ་ལེན་པ། མཁས་པ་ཕུལ་དུ་ཕྱིན་པའི་བསླབ་པའི་མཐའ་བཞི་ཚང་བས། སློབ་མ་ལམ་ལ་བཀྲི་བའི་རིམ་པ་བརྒྱུད་པའི་གསུང་སྲོལ་བླ་ན་མེད་པའི་ཁྱད་ཆོས་དང་ལྡན་པར་མངོན་ནོ། །

ཐོས་བསམ་པ་ལ་ལུང་རིགས་གཏེར་གྱི་མཛོད།

བསམ་གཏན་པ་ལ་མན་ངག་བུམ་པ་བཟང་།

ཞིབ་འཇུག་པ་ལ་རིན་བྲལ་རིག་དངོས་ཏེ།

ཕྱོགས་ཚོལ་དག་ལ་ལམ་སྟོན་སྒྲོན་མེ་ཆེ།

མདོར་ན་ཀུན་ལ་འདོད་འགུའི་ནོར་བཟང་ཡིན། །

 གཟུར་གནས་ལེགས་ཉེས་འབྱེད་པའི་བློ་གྲོས་བཟང་། །

མཆོག་ཏུ་དགེ་བའི་འདུན་པས་ལོངས་སྤྱོད་ཅིག །

ཅེས་ཀྱང་སྨྲས་སོ། །

༢༠༡༨  ལོ་ཟླ་༦ པའི་ཚེས་ ༢  ཉིན་ལི་ཐང་ཨ་ཆོས་ཀྱིས་སྦྱར་བའོ། །

WechatIMG8.jpeg

རྫོགས་ཆེན་ཤྲཱི་སེང་ཆོས་གྲྭའི་མཁན་ཆེན་ཁྲི་བ་ཨ་ཆོས་རིན་པོ་ཆེ།


རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།